2016.12 001༄༅།།དེ་རིང་གི་བརྟན་བཞུགས་འདི་ཨ་ལགས་ཡོངས་འཛིན་ཚང་གིས་གཙོ་བོར་ཕུལ་བ་ཞིག་ཡིན་ནའང་རང་བཞིན་གྱིས་བོད་ནང་གི་འབྲེལ་ཡོད་ལྷ་སྡེ་མི་སྡེ་ཡོངས་ཀྱི་ངོ་བོ་མཚོན་ཐུབ་པ་ཞིག་གི་བརྟན་བཞུགས་ཤིག་ཏུ་གྱུར་སོང་བས་ཐུགས་རྗེ་ཆེ། ཨ་ལགས་ཡོངས་འཛིན་ཚང་གིས་གཙོས་སྟག་ཚང་ལྷ་མོའི་ནང་གི་བླ་མ་རྒན་པ་ཚོ་དང་རྔ་པ་ཀིརྟིའི་དགོན་པའི་བླ་མ་རྒན་པ་འགའ་ཤས་ཡོད་པ་རྣམས་

ཡུལ་དུས་གནས་སྟངས་ཀྱི་དཀའ་ངལ་ཆེན་པོའི་འོག་གསན་བསམ་སློབ་གཉེར་གནང་ཐུབ་པའི་གོ་སྐབས་བྱུང་མེད་ནའང༌། དགོན་པ་དང་བསྟན་པ་ཉག་ཕྲ་བའི་སྐབས་རང་རང་གི་ངོས་ནས་ནུས་པ་གང་ཡོད་ཀྱིས་འགན་ཁུར་བཞེས་ཏེ་དགོན་པ་ཉམས་གསོ་དང་འཆད་ཉན་སློབ་གཉེར་འཕེལ་རྒྱས་ཡོང་བའི་ཆེད་དུ་ད་ལྟའི་བར་སྐུ་ལས་ཚད་མེད་བསྐྱོན་ཏེ་ཤིན་ཏུ་ཡག་པོ་གནང་བྱུང༌། དེ་བཞིན་གདན་ས་གོང་འོག་གི་བླ་སྤྲུལ་རྒན་པ་དང་བླ་རྒན་གྲྭ་རྒན་བཀའ་དྲིན་ཅན་ཡོངས་རྫོགས་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ངས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌།

                ལྷག་པར་དུ་ཨ་ལགས་ཡོངས་འཛིན་ཚང་ལ་མཚོན་ན་དགུང་ན་གཞོན་དུས་ནས་ང་དང་ཁ་བྲལ་དགོས་བྱུང་བའི་དབང་གིས་གསན་བསམ་སློབ་གཉེར་བྱེད་པའི་གོ་སྐབས་བྱུང་མེད་ནའང༌། ཨ་ལགས་རང་གི་ངོས་ནས་ངས་གང་བཤད་པ་དེ་ཕྱོགས་གང་ཐད་ནས་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་ནུས་པ་གང་ཡོད་ཀྱིས་གནང་བྱུང༌། ཚོགས་ཆེན་ཁྲི་བ་གནང་བའི་སྐབས་སུ་ཡིན་ན་ཡང་ཕྱག་ཏུ་རྒྱུ་རྫས་གང་འབྱོར་བ་ཐམས་ཅད་ངས་བཤད་པ་ལྟར་དགོན་པའི་གཞུང་ལ་བསྔོས་པ་མ་གཏོགས་སྒེར་བའི་ཐོག་ལ་བེད་སྤྱོད་རྩ་བ་ནས་མཛད་མེད། ཐ་ན་སྐུ་སྒེར་ལ་རླངས་འཁོར་ཙམ་ཡང་མེད་པ་གྲྭ་རྐྱང་གི་ངོ་བོར་མིག་དཔེར་འོས་པར་མཛད་སོང་བས་ཐུགས་རྗེ་ཆེ། རྒྱུན་དུ་སྐུ་གཟུགས་མ་བདེ་བ་དང་སྙུང་གཞི་ཡོད་མེད་ལ་མ་ལྟོས་པར་ལྷ་སྡེ་མང་ཚོགས་ཀྱི་རེ་འདོད་ལྟར་སུས་གདན་འདྲེན་ཞུས་པ་ཡིན་ན་ཡང་ཕེབས་ཏེ། དད་ལྡན་མང་ཚོགས་ཀྱི་རེ་བ་སྐོང་ཐབས་གང་ཡོད་མཛད་ཡོད་པར་མ་ཟད། ད་ལྟའི་བར་དུ་དགོན་གྲོང་གཉིས་ཀའི་ལས་དོན་ཐོག་སྐུ་ལས་བསྐྱོན་པར་གནང་སོང༌། དེ་རིང་གི་བརྟན་བཞུགས་ཀྱི་ཆོ་ག་མདོར་བསྡུས་ཤིག་ཡིན་ཡང་སྦྱོར་དངོས་མཇུག་གསུམ་ཆ་ཚང་བ་དང་དོན་དང་ལྡན་པ་ཡག་པོ་བྱུང་སོང༌། ཁོང་གི་སྐུ་གོང་མ་དེ་ངའི་རྩ་བའི་བླ་མ་གཙོ་བོ་དེ་ཡིན་པའི་ཆ་ནས་རྟེན་འབྲེལ་ཡག་པོ་འགྲིགས་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།2016.12 005

                ད་ཐེངས་ཕ་ཡུལ་གྱི་དགོན་པའི་མཁན་ཟུར་དང་ལས་ཀྱི་སྣེ་མོར་གཏོགས་པ་རེ་ཟུང་འདིར་སླེབས་ཐུབ་འདུག དེ་བཞིན་ལྷ་སྡེ་ཤོག་ཀ་འགའ་ཤས་ཀྱི་འགོ་པ་དང་འགོ་པ་ཟུར་བ་རེ་ཟུང་ཡང་དངོས་སུ་སླེབས་ཐུབ་པ་བྱུང་འདུག དངོས་སུ་སླེབས་ཡོད་མེད་ལ་མ་ལྟོས་པར་ཕ་ཡུལ་གྱི་རུ་ལྷ་སྡེ་རྣམས་ཀྱིས་དགོན་གྲོང་གཉིས་ཀའི་ལས་དོན་ཐོག་དཀའ་ལས་བརྒྱབས་ཡོད། ལྷག་པར་རུ་ལྷ་སྡེའི་འགོ་པ་རྣམས་ཀྱིས་ལྷ་སྡེ་དང་རྒྱ་གཞུང་བར་གྱི་འབྲེལ་བའི་ཟམ་པ་ལྟ་བུ་བྱས་ཏེ་ནུས་པ་གང་ཡོད་ཀྱིས་རུ་ལྷ་སྡེའི་མང་ཚོགས་ལ་ཕན་པའི་ལས་ཀ་བྱས་སོང༌། ཕ་ཡུལ་གྱི་འགོ་པ་ཟུར་བ་རྣམས་དང་དེང་སང་འགོ་པའི་ལས་འགན་འཁྱེར་བཞིན་པའི་འགོ་པ་ཡོངས་རྫོགས་ལ་དེ་རིང་གི་གོ་སྐབས་འདི་བཟུང་ནས་དམིགས་བསལ་གྱིས་བཀའ་དྲིན་ཆེ་ཞེས་ཞུ་བ་དང་ཆབས་ཅིག བསམ་པའི་མཚོན་དོན་དུ་འདིར་དངོས་སུ་སླེབས་པའི་འགོ་པ་དང་འགོ་པ་ཟུར་བ་རེ་ཟུང་ཡོད་པ་རྣམས་ལ་རྟེན་སྐལ་དུ་ཐུགས་རྗེ་ཆེན་པོའི་སྐུ་རེ་ཕུལ་ཡོད།

                རྣམ་པ་ཚོར་འབུལ་བཞིན་པའི་ཐུགས་རྗེ་ཆེན་པོའི་སྐུ་འདི་རྟེན་སྐལ་དུ་འབུལ་རྒྱུར་ཆེད་དུ་བཟོས་པ་ཡིན་དུས། སྐུ་རེ་རེའི་སྐུ་རྒྱབ་ཏུ་ངའི་མིང་རྟགས་བཀོད་ཡོད་པས་སྐུ་འདི་ང་ཚོའི་ཐུན་མོང་མ་ཡིན་པ་ལྟ་བུར་གྱུར་ཡོད། གསར་དུ་བཟོས་པའི་རྒྱ་གར་ལི་མ་འཁྲུལ་མེད་འདི་ད་རེས་ཐེངས་དང་པོར་ཁྱེད་ཚོར་ཕུལ་བ་ཡིན།

                རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་གྱི་ཡང་སྟེང་དུ་བཞུགས་རྒྱུའི་རྟེན་སྐལ་ཞིག་དགོས་ཞེས་སྔོན་མ་ནས་གསུངས་སོང་བས། དེའི་ཆེད་དུ་བསྟན་པ་རབ་རྒྱས་ཀྱི་སྐུ་ང་འདྲ་མ་ཞིག་ཕུལ་ཡོད། རྔ་པ་ཀིརྟི་དགོན་པར་མཚོན་ན་ད་ལོའི་དགུན་ཆོས་སྐབས་ལབ་རྒྱུ་གླེང་རྒྱུ་མེད་པ་ཡག་ཤོས་བྱུང་སོང་ཟེར་བ་མ་གཏོགས། ལོ་འགའ་ཤས་ནང་བྱད་ཁ་འཕུར་ཁ་ལྟ་བུས་ནང་ཁུལ་ལ་མ་བདེ་བའི་དཀའ་ངལ་ཕྲན་བུ་རེ་རྒྱུན་མ་ཆད་པར་བྱུང་སོང༌། དེ་འདྲ་ཡིན་དུས་མ་འོངས་པར་སྒོ་ཆེན་འདི་བརྒྱུད་ནས་དགོན་པའི་ནང་དུ་བྱད་ཀ་ཕུར་ཁ་སོགས་གནོད་པའི་རིགས་དང༌། ནང་ཁུལ་ལ་རྙོག་གླེང་ནམ་ཡང་མི་འབྱུང་བར་ལྷིང་འཇགས་དང་ཞི་མཐུན་ཡོང་བའི་ཆེད་དུ་དམིགས་ནས་བསྟན་པ་རབ་རྒྱས་ཀྱི་སྐུ་འདི་བརྒྱུད་འབུལ་ཞུས་པ་ཡིན།

                མ་འོངས་པར་ཡིན་ན་ཡང་དགོན་པ་ཁག་གིས་བླ་མ་ལས་སྣེ་རྣམས་དང་ལྷ་སྡེ་ཁག་གི་འགོ་པ་ཚོས་མུ་མཐུད་དགོན་གྲོང་གཉིས་ཀའི་ལྷིང་འཇགས་དང་བདེ་སྐྱིད་ཀྱི་ཆེད་དུ་ཤུགས་རྒྱག་རོགས་བྱོས་ཞེས་ཞུ་རྒྱུ་ཡིན། ལྷག་པར་དུ་ང་ཚོའི་དགོན་གྲོང་གཉིས་ཀ་ཡར་རྒྱས་འགྲོ་ཐུབ་མིན་ཁྱེད་ཚོ་ལྷ་སྡེ་ཁག་གི་འགོ་པ་ཚོ་ལ་ཡང་རག་ལུས་ཀྱི་འབྲེལ་བ་ཆེན་པོ་ཡོད། ཁྱེད་རང་ཚོས་དགོན་གྲོང་གཉིས་ཀའི་ཚབ་བྱས་ཏེ། དགོན་པ་ལ་ཡིན་ན་ཡང་ཁྱེད་ཚོའི་ངོས་ནས་འོས་བབས་ཀྱི་ཞབས་ཕྱི་ཞུ་དགོས་གང་ཡོད་ཁྲལ་དང་ཁྲིམས་ཀྱི་ངོ་བོར་མ་སོང་བར་དང་དུ་བླངས་པའི་ཐོག་ནས་ཞུས་ཏེ་འགན་འཁྱེར་དགོས། དགེ་འདུན་པ་ཚོའི་ངོས་ནས་ཡིན་ན་ཡང་མང་ཚོགས་ལ་ཆོས་ཕྱོགས་ཀྱི་སྒོ་ནས་ཕན་ཐོགས་རོགས་རམ་བྱ་དགོས་པ་གང་ཡོད་པ་གནང་སྟེ་དགོན་གྲོང་མཉམ་འབྲེལ་དང༌། ཕྱི་ནང་གཉིས་ཀར་མཐུན་ལམ་བརྟན་པོ་བཟོ་དགོས་པ་དེ་གལ་ཆེན་པོ་ཡིན།

                ང་ཚོའི་ཀིརྟི་ཚང་ཞེས་ཟེར་བའི་མིང་དེ་དོན་ཆུང་ཆུང་ཡིན། ང་ཚོའི་ཕ་ཡུལ་དུ་ཡོད་པའི་རིས་མེད་ཀྱི་དགོན་པ་བསྟན་པ་དེ་དག་ཡག་པོ་བྱུང་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་ཐོགས་ཡོང་གི་རེད། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་པའི་ཞབས་འདེགས་སྒྲུབ་ཐུབ་ན་འགྲོ་བ་སྤྱིའི་བདེ་སྐྱིད་ལ་ཕན་གྱི་རེད། ང་ཚོས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་དགོས་པ་ནི་འགྲོ་བ་སྤྱིའི་བདེ་སྐྱིད་ཀྱི་དོན་དུ་རེད། དེང་སང་ང་ཚོའི་དགོན་གྲོང་བར་གྱི་མཐུན་ལམ་དང་མཉམ་རུབ་ཤིན་ཏུ་ཡག་པོ་འདུག་ལ། མ་འོངས་པར་ཡང་དགོན་གྲོང་མཉམ་རུབ་སྔར་ལྟར་བྱས་པ་ཡིན་ན་དགོན་པ་དང་བསྟན་པ། མང་ཚོགས་སྤྱིའི་བདེ་སྐྱིད་བཅས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད། ལྷག་པར་དུ་རུ་ཤོག་ཀའི་འགོ་པ་རྣམས་ཀྱིས་སོ་སོ་དང་འབྲེལ་ཡོད་མང་ཚོགས་ཀྱི་བདེ་སྡུག་ལ་འགན་ལེན་ཡག་པོ་མིང་དོན་མཚུངས་པ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་རེད།

                ངས་བསླབ་བྱ་སོ་གཉིས་ནང་བཤད་པ་དེ་དག་ཆོས་ལུགས་ཀྱི་གནད་དོན་དང་དགེ་སྡིག་གི་གནད་དོན་ཙམ་མ་ཡིན་པར། མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་བེད་སྤྱོད་ཆེ་བའི་བྱ་བའི་རིགས་ཤ་སྟག་གོ་སླ་བོ་བྱས་ནས་བཤད་ཡོད། དེ་དག་ལག་ལེན་དུ་བསྟར་ཐུབ་ན་སྤྱི་ཚོགས་ཀྱི་བདེ་འཇགས་དང་མང་ཚོགས་ཀྱི་བདེ་སྐྱིད། རྒྱ་བོད་ཀྱི་མཐུན་ལམ་བཅས་ལ་ཕན་ཐོགས་ཡོང་གི་རེད། ད་ལྟའི་བར་ངའི་ཁ་ལ་ཉན་པོ་བྱས་པར་ཐུགས་རྗེ་ཆེ། དེང་སང་ཀིརྟི་ཚང་གི་དགོན་གྲོང་གཉིས་ཀ་གཞན་དང་མ་འདྲ་བ་ལྟ་བུའི་ཡག་པོར་གྱུར་ཐུབ་ཡོད། མ་འོངས་པར་ཡང་ཁྱེད་ཅག་སེར་སྐྱ་གཉིས་ཀས་འབད་བརྩོན་བྱས་ཏེ་ཡག་ཐོག་ཡག་བརྩེགས་ཡོང་བ་ཞིག་བྱེད་རོགས་ཞེས་ཞུ་འདོད་བྱུང༌། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.