2༄༅།། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་གཉིས་པ་མཐུ་སྟོབས་གྲུབ་པའི་དབང་ཕྱུག་བསྟན་པ་རིན་ཆེན་མཆོག་ནི།རབ་བྱུང་བརྒྱད་པའི་ཤིང་རྟ། ཕྱི་ལོ་༡༤༧༤ ལོར་རྔ་སྨད་ཀྱི་རོང་ཕྱོགས་ཚོགས་གཉིས་སུ་གདུང་ཤ་འཚབ་ཅེས་པར་ཡབ་དཀོན་མཆོག་སྐྱབས་དང་ཡུམ་སྐྱིད་དེ་གཉིས་ཀྱི་སྲས་སུ་ཁྱིམ་ལ་དྲི་བཟང་འཐུལ་བ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་བལྟམས་མ་ཐག་ཞལ་ནས་ཡིག་དྲུག་གསུངས་ཤིང་ཡ་མཚན་པར་གྱུར་ནས་ཡུལ་མི་རྣམས་ལ་གསང༌། དགུང་ལོ་གསུམ་བཞེས་སྐབས་ཐུགས་རྗེ་ཆེན་པོས་ཞལ་གཟིགས་ཏེ། སྣང་སེམས་འཁྲུལ་བའི་ངར་འཛིན་ཅན། །དམུ་རྒོད་ལོག་ལྟའི་འགྲོ་བ་མང༌། །ཉེར་གཅིག་ལོ་ལ་མ་སླེབས་བར། །སྦས་པའི་རྣལ་འབྱོར་དོན་དུ་ཆེ། །ཞེས་གསུངས་པ་ལྟར་དེ་ནས་སྦས་པའི་བརྟུལ་ཞུགས་གཙོ་བོར་མཛད། འཇིགས་བྱེད་སོགས་ཡི་དམ་གྱི་ལྷ་ཞི་ཁྲོ་མང་པོས་ཞལ་གཟིགས་ཤིང་འབྲལ་མེད་དུ་བསྐྱངས། ས་བྱ། ཕྱི་ལོ་༡༤༨༩ ལོར་དབུས་སུ་བྱོན་ནས་འབྲས་སྤུངས་སུ་སློབ་གཉེར་གནང་སྟེ་ལོ་འགར་བཞུགས་ཤིང༌།

 

 

དགུང་ལོ་ཉི་ཤུ་བཞེས་པ་ཕྱི་ལོ་༡༤༩༤ རབ་བྱུང་བརྒྱད་པའི་ཆུ་གླང་ལོར་རྨེའུ་རུ་རབ་འབྱམས་པ་བྱམས་པ་དང་བ་སོ་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་མདུན་ནས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་པས། མཚན་ལ་བསྟན་པ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དེ་ནས་ལོ་དྲུག་གི་རིང་དེ་གར་བཞུགས་ནས་ཉིན་མོར་གཞུང་ཆེན་དག་ལ་ལུང་རིགས་ཀྱི་སྒྲོ་འདོགས་བཅད་ཅིང༌། མཚན་མོར་ཐུགས་དམ་གྱི་ལྷ་བཅུ་སྟེ་འཇིགས་བྱེད། ཕྱག་རྡོར། རྟ་མགྲིན། གསང་འདུས། བདེ་མཆོག ཀྱཻ་རྡོར། དུས་འཁོར། སངས་རྒྱས་ཐོད་པ། གདན་བཞི། མ་ཧཱ་མ་ཡ་སོགས་ཀྱི་བསྙེན་སྒྲུབ་ལ་བརྩོན་པར་མཛད་པ་ན་ཞལ་གཟིག་དང་བྱིན་རླབས་ཀྱི་ཏིང་ངེ་འཛིན་ལ་དབང་འབྱོར། དེར་དཀའ་བཅུའི་གྲྭ་སྐོར་དམ་བཅའ་འཇོག་གནང་མཛད། ས་སྐྱའི་བདག་ཆེན་གསང་སྔགས་ཆོས་ཀྱི་ཉི་མ་དང༌། ཀུན་དགའ་རིན་ཆེན་གྱི་དྲུང་ནས་མགོན་པོ་གུར་ཞལ་གཉིས་གཙོ་བོར་གྱུར་པའི་བསྟན་སྲུང་མང་པོའི་དབང་ཁྲིད་སོགས་མང་དུ་མནོས་རྗེས་ཁའུ་སྐྱེད་ལྷའི་བྲག་ཕུག་ཏུ་ལོ་གསུམ་རིང་སྒྲུབ་པ་ལ་གཞོལ་བ་ན་ཞལ་གཟིགས་ནས་དངོས་གྲུབ་ཕུལ་ནས་གྲོགས་འཕྲིན་ལས་གཡེལ་མེད་བགྱིད་པའི་གཡར་དམ་བཞེས་པ་བཅས་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་ཕ་མཐར་སོན་ཞིང་། རིམ་གཉིས་ཀྱི་རྟོགས་པ་མངོན་དུ་བརྙེས་པར་མ་ཟད་བསྟན་སྲུང་རྣམས་ཀྱང་བྲལ་དུ་ཁོལ། ྋརྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དགུང་ལོ་ཉེར་དགུ་བཞེས་པ་རབ་ བྱུང་བརྒྱད་པའི་ཆུ་ཕག ཕྱི་ལོ་༡༥༠༣ ལོར་ཆོས་འཁོར་རྒྱལ་མེ་ཏོག་ཐང་དུ་ཁོང་དང་མཇལ་སྐབས་མདོ་རོང་གི་ཡུལ་དུ་ཕེབས་པའི་དུས་ལ་བབས་ཞེས་བསྐུལ་མ་གནང་བ་བཞིན་དེའི་ཕྱི་ལོ་ཤིང་བྱི། ལོ་བཅུ་བཞིའི་རིང་དབུས་གཙང་དུ་འགྲོ་དོན་བསྐྱངས་མཐར། ཕྱི་ལོ་༡༥༠༤ ལོར་སྐུ་གོང་མའི་སྐྱོང་ཡུལ་གདན་ས་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་དུ་ཕེབས་ཏེ། དཔལ་གསང་བ་འདུས་པ་དང་ཐུགས་རྗེ་ཆེན་པོ་སོགས་ཀྱི་དབང་ལུང་མན་ངག་བཤད་ཁྲིད་བཅས་ཀྱིས་མཐའ་འཁོབ་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་ཅིང༌། ནད་དང་མུ་གེའི་རྒྱུན་བཅད་དེ་བཀྲ་ཤིས་སྣང་བས་ཁྱབ་པར་མཛད་པས་མཚན་གྱི་སྙན་པ་ཕྱོགས་སུ་བདོ། སྨད་ཕྱོགས་ནས་ཇོ་ནང་པའི་དགོན་པ་ཞིག་ཞྭ་སེར་དུ་བསྒྱུར་པས་རྐྱེན་བྱས་ཏེ། ཇོ་ནང་སྤྲུལ་སྐུ་ཞེས་པས་གཙང་པ་ལྷུན་འགྲུབ་རབ་བརྟན་གྱི་དཔུང་དམག་དྲུག་སྟོང་ལྷག་ཀཱ་ལ་རིའི་དགོན་པར་དྲངས་པར། ཁོང་གིས་མགོན་ཁང་དུ་མགོན་པོའི་གཏོར་འབུལ་བཅས་དྲག་བསྐུལ་མཛད་པས་མགོན་པོའི་ལྷ་དམག་སོགས་དངོས་སུ་བྱུང་སྟེ་ཞེ་སྡང་གིས་རྒྱུད་བརླམས་པའི་ཕ་རོལ་པའི་དཔུང་ཚོགས་རྣམས་སྐད་ཅིག་ལ་བཟློག་པར་མཛད་པས་བླ་མ་ཧེ་རུ་ཀ་ཞེས་མཚན་སྙན་གྱི་གྲགས་པ་རྒྱས། ༼དེ་དུས་གཙང་དམག་གིས་ཕུལ་པའི་གོ་མཚོན་ཞྭ་གོས་སོགས་དེང་སང་ཡང་ཀཱ་ལ་རིའི་དགོན་གྱི་མགོན་ཁང་དུ་ཡོད།༽

             རང་བྱུང་དགུ་པ་ས་སྦྲུལ་ཕྱི་ལོ་༡༥༠༩ ལོར་རྒྱའི་གོང་མ་སི་ཀྱའི་ཏཱ་མིང་གིས་ཁོང་གི་སྙན་པ་ཐོས་ནས་གདན་དྲངས་ཀྱང༌། སྐུ་གོང་མ་སོགས་ཀྱི་འདས་པའི་ལོ་རྒྱུས་དང༌། རྒྱ་ཡུལ་དུ་ཕན་པའི་ཞལ་ཏ། འབྱུང་འགྱུར་གྱི་ལུང་བསྟན་བཅས་གསུངས་ནས་ཕོ་ཉ་པ་སླར་ལྡོག ཁོང་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་གི་ནུབ་ངོས་སུ་བསྙེན་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ། ཏཱ་མིང་གོང་མ་རྒྱལ་པོས་གསེར་དངུལ་དར་གོས་སོགས་དངོས་ནོར་འབོར་ཆེན་དང་བླ་མ་གྲུབ་ཐོབ་སངས་རྒྱས་རིན་པོ་ཆེ་ཞེས་པའི་བ་སོ་ལས་གྲུབ་པའི་ཐམ་ག་ནོར་བུའི་ཡུ་བ་ཅན་བཅས་ཕུལ། གཞན་ཡང་བཙན་ལྷ་དང་ཧོར་ཡུལ་སོགས་སུ་ཕེབས་ནས་ཆོས་འཁོར་རྒྱ་ཆེན་བསྐོར་བ་དང༌། རང་ཡུལ་དུ་གཙུག་ལག་ཁང་མང་པོ་བཞེངས་ཤིང་རབ་ཏུ་གནས་པར་མཛད་པས་མཚོན་བསྟན་པ་དང་འགྲོ་བ་ལ་ཕན་པའི་འཕྲིན་ལས་རྒྱ་ཆེན་བསྐྱངས་མཐར། དགུང་ལོ་གྱ་ལྔ་བཞེས་པ། བོད་རབ་བྱུང་དགུ་པའི་ས་རྟ། ཕྱི་ལོ་༡༥༥༨ ལོར་གཟུགས་སྐུ་རགས་པའི་བཀོད་པ་བསྡུ་བར་ཉེ་སྐབས་ཞལ་ཆེམས་ལུང་བསྟན་རྒྱས་པར་བསྩལ་ཅིང་མྱ་ངན་ལས་འདས་རྗེས་གདུང་རུས་ཐམས་ཅད་ལ་འཇའ་ཚོན་བཀྲ་བའི་ཡི་དམ་གྱི་སྣང་བརྙན་དང༌། རིང་བསྲེལ་བྱུང་བ་སོགས་བསམ་བརྗོད་ལས་འདས་པའི་མཛད་པ་བསྟན། གསུང་འབུམ་པོ་ཏི་བརྒྱད་བཞུགས་པར་གྲགས་ཀྱང་པར་འཁོད་མ་ཐུབ་པས་འགྲོ་དོན་མ་འཕེལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.