6༄༅།། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་ཀྱི་དབང་ཕྱུག་དཔལ་བཟང་པོ་ནི། མདོ་སྨད་རེབ་ཀོང་བསེ་ཆུ་མ་ཞེས་པའི་ཀླུ་རྒྱལ་ཚང་གི་ཁྱིམ་དུ། རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག ཕྱི་ལོ་༡༧༧༢ ལོར་ཡབ་ངག་དབང་རབ་བརྟན་དང༌། ཡུམ་སྙིང་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ནས་རིང་པོ་མ་སོང་བར་ང་ཀིརྟིའི་དགོན་དུ་འགྲོ་དགོས་ཞེས་གསུངས་པས་མཚོན་ཡ་མཚན་གྱི་མཛད་སྤྱོད་དུ་མས་སྐྱེས་བུ་རང་ག་བ་ཞིག་མིན་པའི་ངེས་པ་རྙེད། གཞན་ཡང་སྐུ་གོང་མའི་ཕྱག་ཕྲེང་དང་ཕུར་བུ་སོགས་ངོས་འཛིན་མཛད་ཅིང༌། མདོ་དབུས་ཀྱི་བླ་ལྷ་མང་པོའི་ལུང་བརྟག་གཅིག་མཐུན་བྱུང་བ་བཅས་ལ་བརྟེན་ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པའི་ཡང་སྤྲུལ་དུ་ངོས་འཛིན་གྱིས་མེ་སྤྲེལ། ཕྱི་ལོ་༡༧༧༦ ལོར་གདན་ས་སྟག་ཚང་ལྷ་མོར་གདན་དྲངས་ཏེ་མི་འཇིགས་གདོང་ལྔས་བཏེགས་པའི་སེང་ཁྲི་ལ་དབང་བསྒྱུར། དགེ་བའི་བཤེས་གཉེན་གཡེར་ཤོང་སྤྲུལ་པའི་སྐུ་དགེ་འདུན་ཟླ་གྲགས་ཀྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་བསླབ་སྡོམ་རིམ་པར་བཞེས། མཛོད་དགེ་རི་ཁྲོད་པ་དང་ཨང་སྨོན་སྤྲུལ་པའི་སྐུ་སོགས་མཁས་ཤིང་གྲུབ་པའི་སྐྱེས་བུ་མང་པོ་རིགས་ཀྱི་ཅོད་པན་དུ་བསྟེན་ནས་མདོ་སྔགས་གཞུང་ལུགས་ཀུན་ལ་མཁས་པར་སྦྱངས།

 

ཀུན་མཁྱེན་འཇིགས་མེད་དབང་པོ་ཞིང་གཤེགས་པའི་དགོངས་རྫོགས་སུ་གདན་དྲངས། གདན་ས་སྟག་ཚང་དཔལ་གྱི་ལྷ་མོར་རྒྱུན་བཞུགས་ཀྱིས་འདུས་མང་ལ་འགྲིག་ལམ་དང་ཀུན་སྤྱོད། སྡོམ་ཁྲིམས་དང་འཆད་ཉན་སོགས་ཀྱི་ཐད་རྟིང་བསྐུལ་དང་གཟིགས་རྟོག་ནན་པོས་སྔར་ལྷག་ཇེ་རྒྱས་སུ་མཛད། དགུང་ལོ་ཉེར་ལྔ་པ་བཞེས་པ། བོད་རབ་བྱུང་བཅུ་གསུམ་པ་ཤིང་ཡོས། ཕྱི་ལོ་༡༧༩༥ ལོར་སྐུ་མྱ་ངན་ལས་འདས་ཚུལ་བསྟན།  

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.