MG 0867 800x600

བརྒྱད་པའི་བརྒྱད་ཀྱི་རྩ་བའི་བླ་མའི་འཁྲུངས་སྐར་བསུ།

༄༅།། ཏཱ་ལའི་བླ་མའི་སྲས་མཆོག་ཅེས་ན་ཁྱེད་ལས་གཞན་ཞིག་གང་དུ་མཆིས།།

བཀའ་གདམས་བསྟན་པའི་མཛོད་འཛིན་ཟེར་ན་ཁྱེད་ལས་ལྷག་པ་ཅིག་མ་མཐོང་།།

གནས་བརྟན་རྣལ་མའི་དཔེ་ཞིག་དགོས་ན་ཁྱེད་ཉིད་ཐོག་མར་སྔོན་དུ་གླེང་།།

ཕྱོགས་ཞེན་བྲལ་བའི་ཆོས་པ་རྣམ་དག་ཁྱེད་འདྲ་གཅིག་ལས་གཞན་ན་དཀོན།།

 

གཡར་མའི་ནགས་ཚལ་སྟུག་པོའི་ཀློང་ནས་དཀའ་སྡུག་འཚོ་བ་རོལ་རོལ་ཏེ།།

རྣམ་དག་གདུལ་བྱའི་མངོན་འདོད་རྫོགས་ཕྱིར་ཚེགས་ཆེན་ཕྱག་ལས་མང་དྲགས་སོང་།།

བོད་རིགས་སྤྱི་བྱེའི་ལས་དོན་ཆེ་ཕྲ་རྒྱན་དང་རྒྱན་དུ་བསྒྲུབས་གནངས་པ།།

གསང་གསུམ་མཛད་ཆེན་ཆ་ཤས་རེར་ཡང་ཁོ་བོས་བགྲང་བར་ག་ལ་ནུས།།

 

བཀྲ་ཤིས་མཆོད་པའི་བརྒྱད་དང་བརྒྱད་ཀྱི་དགེ་བའི་རྟེན་འབྲེལ་ཉིན་མོ་འདིར།།

སློབ་འབངས་དགའ་དད་སྤྲོ་བའི་སྐུ་ཡི་འཁྲུངས་སྐར་བསུ་བཞིན་གསུང་ལ་བརྩི།།

དམ་པ་ཉིད་ཀྱིས་ཁ་བའི་ལྗོངས་སུ་ཞབས་ཟུང་འཁོར་ལོ་བསྐོར་བ་དང་།།

མ་ལུས་གདུལ་བྱའི་རེ་བ་བསྐངས་ནས་བསྟན་འགྲོའི་དོན་ཆེན་འགྲུབ་པར་སྨོན།།

 

ཅེས་པ་འདི་༧ སྐྱབས་མགོན་རིན་པོ་ཆེས་མཆོག་གིས་ཚད་མེད་བྱམས་བརྩེའི་བསིལ་གྲིབ་ཀྱི་ཀློང་གི་བས་མཐའ་

ནས་མ་ཡིས་བུ་བཞིན་བསྐྱངས་པའི་གང་གི་གདུལ་བྱའི་གྲལ་མཐའ་གནས་པ་བློ་བཟང་རབ་བརྟན་རྒྱ་མཚོའམ་

ཤར་ཕྱོགས་མེ་ཆ་རུ་འབོད་པ་དེས་འཕགས་ཡུལ་བྱེས་གྲྭའི་དགའ་ཚལ་ནས་གུས་པ་དང་བཅས་བྲིས་པ་དགེ་ལེགས་སུ་གྱུར་ཅིག་གུ

 

 

དད་པའི་མྱུ་གུ།

 ༄༅།། ཚོགས་གཉིས་ཡོངས་སུ་རབ་རྫོགས་ཤིང་།། སྐུ་བཞིའི་གོ་འཕང་ལེགས་ཐོབ་པའི།།

ཀུན་མཁྱེན་ཡེ་ཤེས་བདག་ཉིད་ཅན།། འཇམ་མགོན་ཚེ་འཛིན་དགོངས་སུ་གསོལ།།

 

ཀྱཻ་མ་འོད་གསལ་ལྷ་ལམ་རིང་ཞིང་ཡངས་པ་ན།། དཔལ་ལྡན་བདེན་འབྱུང་གཙུག་རྒྱན་ཆེན་པོ་རྒྱལ།།

དཔག་ཡས་རྒྱ་མཚོའི་གོས་ཅན་རབ་འབྱམས་དཀྱིལ་འཁོར་ལ།། མཛེས་པའི་བྱང་སེམས་བདག་ཉིད་རྒྱལ་པོ་བླ་མ་བཞད།།

 

གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་ཡིད་འོང་ཆེ།། ལྟ་ན་སྡུག་པའི་ཕུན་ཚོགས་གདུགས་ཀྱི་བླ་རེ་འཁྱིལ།།

ལུང་རྟོགས་ཉི་ཟླ་གཞོན་ནུ་ཐུགས་དབྱངས་རབ་ཕྱུག་པའི།། འགྲོ་བའི་མ་མ་བསྟན་པའི་སྒྲོན་མེ་གང་དེར་འདུད།།

 

བློ་བཟང་བསྟན་པ་དྲི་མེད་འཛིན་མཁས་དེད་དཔོན་མཆོག། བདུད་བཞིའི་ལས་ལ་འཇིགས་མེད་སྙིང་རྗེ་གོ་ཆ་གསོལ།།

རྟག་ཏུ་ཀུན་མཁྱེན་ཡེ་ཤེས་གོ་འཕང་དོན་དུ་གཉེར།། གཡོ་མེད་དགོངས་ཟབ་རྒྱ་མཚོའི་མགོན་པོར་སྙིང་ནས་འདུད།།

 

ཉེར་གཅིག་དུས་རབས་གསར་པའི་རླབས་ཕྲེང་ལ།། མཐུན་པའི་ལམ་སྟོན་མུན་སེལ་སྒྲོན་མེ་སྤར།།

གངས་ཅན་རིག་གཞུང་ཨུ་དུམ་ཝ་རའི་ཚལ།། རྨད་བྱུང་རྒྱས་པར་མཛད་པ་ཨེ་མ་ཧོ།།

ཞེས་མི་ཤེས་ཤེས་ཁུལ་གྱི་བསྟོད་ཚིག་བྲིས་པ་འདི་ཡུལ་ཁྱད་པར་ཅན་ལ་བསྟོད་པ་དང་སྐྱབས་སུ་སོང་ན་བསོད་ནམས་འཕེལ་བར།

སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་པ་ཚན་མར་བཟུང་སྟེ་༧རྩ་བའི་བླ་མ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་

འཁྲུངས་ཚེར་སྲིད་པ་ཞེན་ལོག་གིས་༢༠༡༦་་༨་་༨་་ལ་བྲིས་པའོ།།

 

 

<< མི་ཤིགས་དད་པའི་ས་བོན། >>

བརྩེ་ཆེན་འོད་ཀྱིས་ཤཱཀྱའི་རིགས་སུ་འཁྲུངས།། མཁྱེན་པའི་དཀྱིལ་འཁོར་ཤེས་བྱའི་མཁའ་ལ་འཕགས།།

རྟེན་འབྲེལ་ཟབ་མོའི་གནས་ལུགས་སྟོན་མཛད་པའི།། སྟོན་མཆོག་རྣམ་འདྲེན་བཞི་བར་མགོས་ཕྱག་འཚལ།།

 

གྲངས་མེད་ཤེས་བྱའི་ལྷ་ལམ་ཡངས་པོ་རུ།། དྲི་མེད་མཁྱེན་པའི་ཉིན་བྱེད་འོད་ཀྱིས་ཁྱབ།།

ཆོས་དང་ཆོས་མིན་སྤུ་རིས་འབྱེད་པ་ལ།། འཇམ་དབྱངས་ལྷག་པའི་ལྷ་ཡིས་དུས་ཀུན་སྐྱོངས།།

 

ཐུབ་པའི་ལུགས་བཟང་འཛིན་ལ་ཟླ་བྲལ་བ།། ཀླུ་སྒྲུབ་ཞབས་སོགས་པཎ་གྲུབ་བཅུ་བདུན་དང་།།

རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས།། རིས་མེད་གངས་ཅན་མཁས་དགུ་གཙུག་གིས་མཆོད།།

 

དུས་འདིར་སྙིགས་མའི་རང་ཚང་ཆེར་བདོ་ཡང་།། འགྱུར་མེད་སྙིང་སྟོབས་གོ་ཆ་ལྷུར་བཞེས་ཏེ།།

རྒྱལ་བསྟན་ལུང་རྟོགས་པད་མོའི་ཚལ་ཡངས་པོ།། རྒྱས་མཛད་གྲུབ་དབང་ཉི་མ་རིམ་བྱོན་རྒྱལ།།

 

དྲི་མེད་བློ༵་བཟང༵་རྒྱལ་བའི་བསྟན༵་པ་མཆོག། འཛིན༵་ལ་འཇིགས༵་མེད༵་སྟོབས་བཅུའི་རྩལ་རྫོགས་པའི།།

ཡེ༵་ཤེས༵་རྒྱ༵་མཚོ༵འི་མཚན་ཅན་འགྲོ་བའི་མགོན།། སྲིད་འདིར་ཟློས་གར་བསྒྱུར་བའི་བསྐལ་བཟང་རྨད།།

 

དེས་ན་གང་གི་རྣམ་ཐར་གསེར་ཕྲེང་ལ།། མཇལ་བའི་སྐལ་བས་ཆ་ཙམ་བརྗེད་ཐོའི་ཚུལ།།

སྡེབ་སྦྱོར་ཚིག་གི་དབང་པོས་མ་སྤུད་ཀྱང་།། རང་ལ་གོམས་ཕྱིར་སྤེལ་བར་འགལ་མེད་སྙམ།།

 

༡༩༤༢-ཆུ་རྟ། གང་དེ་བསྟན་འགྲོ་སྤྱི་དང་ཁྱད་པར་དུ།། སྙིགས་དུས་དམུ་རྒོད་གདུལ་བྱའི་དོན་གྱི་སླད།།

བསམ་བཞིན་རབ་བྱུང་བཅུ་དྲུག་ཆུ་རྟའི་ལོར།། ཐེ་རོང་སྟག་མོ་སྒང་དུ་མཚན་དཔེ་བཞད།།

 

༡༩༤༥-ཤིང་བྱ། གང་ཉིད་འཁྲུངས་པའི་སྔ་གཞུག་ཡུལ་ཕྱོགས་དེར།། ངོ་མཚར་ལྟས་དང་རྨད་བྱུང་གཏམ་གྱིས་ཁྱབ།།

ཡང་སྒོས་ཤིང་བྱར་བླ་ལྷའི་བཀའ་ལུང་གིས།། མཆོག་སྤྲུལ་ཉིན་བྱེད་དབང་པོར་རྒྱས་བཏབ་མཛད།།

 

༡༩༤༦-མེ་ཁྱི། དེ་མཚུངས་གང་གི་སློབ་བརྒྱུད་སེར་སྐྱ་ཀུན།། སྔོན་མེད་དགའ་བས་བརྟས་བཞིན་དཀར་སྐྱོང་ངང་།།

 མེ་ཁྱའི་ལྷ་བབས་དུས་ཚེས་དགེ་བའི་ཉིན།། གདན་སའི་མི་འཇིགས་ཁྲི་ལ་མངའ་གསོལ་མཛད།།

 

དུས་དེར་རྒྱ་བོད་དད་ལྡན་ཆེ་ཕྲ་ཀུན།། མཆོག་སྤྲུལ་ཉི་མ་གཞོན་ནུར་མཇལ་ཙམ་གྱིས།།

སྐུ་འཕྲེང་གོང་མའི་མཛད་སྤྱོད་ཅི་ལྟ་བ།། གཤིས་སུ་བརྡོལ་བས་དད་སྟོབས་ལྷག་ཏུ་འཕེལ།།

 

༡༩༤༧-མེ་ཕག ལྔ་རིག་ཁྱུ་མཆོག་རྗེ་བཙུན་ཤེས་རབ་ཀྱིས།། མེ་ཕག་ལོ་རུ་སྦྱོར་ཀློག་སྙན་དུ་གསོལ།།

ལུགས་ཟུང་རྒྱལ་ཚབ་མགོན་པོ་ཀླུ་སྒྲུབ་ལས།། ལོ་དེར་ཐུན་སྣང་དགེ་བསྙེན་སྡོམ་པ་བཞེས།།

 

བསྟན་ལ་དགོངས་པའི་ཐུགས་བསྐྱེད་ཟབ་མོ་ཡིས།། སྨྲ་བའི་གཙུག་རྒྱན་དཀོན་མཆོག་ཟླ་བ་སོགས།།

ལོ་འདིར་ཚོ་བདུན་བཀྲ་ཤིས་ཆོས་གླིང་དུ།། བཤད་གྲྭའི་དར་ཆེན་བསྒྲེང་བར་གཏོང་གནང་མཛད།།

 

༡༩༤༨-ས་བྱི། ས་བྱིའི་ལོ་འགོར་དད་ལྡན་འཚམས་ཞུ་ཡོངས།། ཐུགས་བརྩེའི་འོད་སྣང་དཀར་པོས་ཚིམས་བྱས་ཏེ།།

ཀླུ་སྒྲུབ་ཞབས་ལས་ཆོས་རྒྱུན་ཟབ་མོ་དང་།། རབ་བྱུང་དགེ་ཚུལ་སྡོམ་པ་བདག་གིར་བཞེས།།

 

༡༩༤༩-ས་གླང་། སྐུ་ན་ཕྲ་ཡང་དམ་པའི་རང་གཤིས་ངང་།། ས་གླང་ཆོ་འཕྲུལ་སྨོན་ལམ་ཚོགས་མགོན་དུ།།

ཕེབས་ཏེ་ལྗགས་བསྔོ་ཚུལ་བཞིན་གསུང་བས་མཚོན།། གྲངས་མེད་གདུལ་བྱའི་དད་པའི་འདབ་མ་ཕྱེ།།

 

གདན་སའི་འཆད་ཉན་མི་ཉམས་གོང་འཕེལ་སླད།། ལོ་འདིར་མདོ་སྔགས་གཞུང་ཆེན་རྩོད་རྒྱུགས་བཞེས།།

དགོན་སྡེའི་སྤྱི་གཉེར་འགའ་རེས་མཚོན་ཐོགས་པའི།། སྲོལ་ངན་སླན་ཆད་མི་འོས་བཀའ་ཡིས་བཅད།།

(ལྔ་རིག་མཁས་པའི་གཙུག་རྒྱན་དམ་པ་ཡོངས་འཛིན་དཀོན་མཆོག་ཤེས་རབ་ཚང་གིས་མཛད་པའི་ཡབ་

༧རྗེ་བླ་མའི་རྣམ་ཐར་ས་བོན་ལ་ཐེངས་གཉིས་པ་མཇལ་སྐབས། རང་གི་བློ་ངོར་ཤར་ཚོད་ཙམ་བརྗེད་ཐོའི་ཚུལ་དུ་བཀོད་པ་

<< མི་ཤིགས་དད་པའི་ས་བོན་། >> ཞེས་པར་སྙན་ཚིག་གི་སྡེབ་སྦྱོར་ཡན་ལག་ཏུ་

རྩིས་ཏེ་ལོ་ཁམས་དང་བྱུང་བ་འགའ་ཟུར་དུ་བཀོལ་བས་དགེ་ལེགས་འཕེལ། ༧མགོན་པོ་གང་གི་འཁྲུངས་ཚེས་ཉིན་སློབ་

བུའི་གྲལ་མཐའ་བ་འཇིགས་དར་གྱིས། ) མུ་འགོད།

དཔེ་དེབ་གསར་སྣོན།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

རྩོམ་ཡིག་གསར་ཤོས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.