༄༅།། ཐེངས་འདིའི་ཕར་ཕྱིན་དབྱར་ཆོས་སྐབས་ཁྲིད་རྩོད་གཙོ་བོར་བྱེད་སའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནས་ཁག་ཅིག་ཟུར་འདོན་བྱས་པ་གཤམ་གསལ་དག་ཡིན་ལ། དེ་དག་ནི་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་པོ་དབུ་བཞུགས་ཀྱིས་འཚོགས་རྒྱུའི་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་སྐབས་ཀྱི་གདན་ཞུས་མཁས་པ་རྣམས་ཀྱིས་གསུང་བཤད་གནང་རྒྱུའི་བརྗོད་གཞི་དག་ཀྱང་ཡིན།

 

 

དང་པོ། སེམས་ཙམ་པའི་སྐོར།

 

༡༽ ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༣)ལས། དེའི་ཕྱིར་རྣམ་དཔྱོད་དང་ལྡན་པ་དག་གིས་དེ་ཉིད་ཇི་ལྟར་ཡིན་ཁོང་དུ་ཆུད་པའི་ཐབས་ལ་འབད་དགོས་ལ། དེ་ཡང་རྒྱལ་བའི་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེད་པ་ལ་རག་ལས་ཤིང་ཞེས་པའི་སྐོར་ལས་བརྩམས་པའི་དཔྱད་རྩོམ་ཟབ་རྒྱས་ཤིག་གནང་རྒྱུ།

༢༽ ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༩)ལས། དགག་ཕྱོགས་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་སྒྲུབ་ཕྱོགས་ནས་མིང་དང་བརྡས་བཞག་པ་ཡིན་པའི་རྒྱུ་མཚན་གསུངས་སོ། །ཞེས་དང་། ཡང་གཞུང་དེ་ཉིད་དུ། (༧༡) དེ་དག་གི་མང་པོ་ཞིག་མིང་དང་བརྡས་འཇོག་མི་ནུས་པའི་ཡོད་པ་ཡིན་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མིན་ཏེ། རྟོག་པས་བཏགས་པ་ཙམ་ཡིན་པའི་ཕྱིར། ཞེས་དགོངས་འགྲེལ་ནས་གསུངས་པའི་མིང་བརྡ་དང་ལེགས་སྙིང་ལས་གསུངས་པའི་མིང་བརྡའི་བར་གྱི་ཁྱད་པར་སོགས་ཀྱི་སྐོར་ལ་དཔྱད་རྩོམ་གནང་རྒྱུ།

༣༽ དྲང་ངེས་རྣམ་འབྱེད་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༢༧)ལས། དེ་དག་ལ་བརྟེན་ནས་དུས་སྔ་ཕྱིར་གསུངས་པའི་འཁོར་ལོ་གསུམ་གྱི་དྲང་ངེས་ཞུས་པ་ལས་ཤིན་ཏུ་གསལ་བ་ཡིན་ནོ། །ཞེས་ལུགས་འདིའི་འཁོར་ལོ་གསུམ་དང་དེའི་དྲང་ངེས་འཇོག་ཚུལ་གྱི་སྐོར་ལ་དཔྱད་རྩོམ་གནང་རྒྱུ།

༤༽ དྲང་ངེས་རྣམ་འབྱེད་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༣༤)ལས། དེ་དོན་དམ་པར་ཡོད་པར་འཛིན་པ་ཚིག་གིས་གསལ་བར་མ་བསྟན་ཀྱང་རང་གི་མཚན་ཉིད་ཀྱིས་ཡོད་ན་དོན་དམ་པར་ཡོད་པ་གཞུང་གི་དོན་ཡིན་པས་ཀུན་བཏགས་དོན་དམ་པར་ཡོད་པ་སྒྲོ་འདོགས་སུ་འགྲོ་བའི་ཕྱོགས་སོ། །ཞེས་ལུགས་འདིར་རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་མཚན་གྱིས་གྲུབ་པ་དང་དོན་དམ་པར་གྲུབ་པ་རྣམས་དགག་བྱ་དང་སྦྱར་ཚེ་གནད་གཅིག་ཡིན་མིན་སོགས་ཀྱི་སྐོར།

༥༽ ལེགས་བཤད་སྙིང་པོ་ལས། (ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༤༤) ཇི་ལྟར་མི་འགལ་བ་བཤད་པར་བྱ་སྟེ། འདི་ལྟར་ཀུན་རྫོབ་དང་དོན་དམ་པར་ཡོད་པ་ལ་འཇོག་ཚུལ་གཉིས་ཡོད་དེ། ཞེས་དང་། ཡང་གཞུང་དེ་ཉིད་ལས། (༤༨)བསྡུ་བ་ལས། དེ་བཞིན་ཉིད་རྟོགས་པའི་མཉམ་བཞག་གི་འཕགས་པའི་ཡེ་ཤེས་ནི་དོན་དམ་པར་ཡོད་པར་གསུངས་ཏེ། ཞེས་པ་ནས། ཐ་སྙད་ཀྱི་མཚན་མ་ལ་དམིགས་པའི་སྒོ་ནས་ཐ་སྙད་དུ་ཡོད་པར་གསུངས་སོ། །ཞེས་ཀུན་རྫོབ་དང་དོན་དམ་པར་འཇོག་ལུགས་ཀྱི་སྐོར་དང་། མཉམ་རྗེས་གཉིས་དོན་དམ་པར་འཇོག་མཉམ་ཡིན་མིན་སོགས་ཀྱི་སྐོར་ལ་དཔྱད་རྩོམ་གནང་རྒྱུ།

༦༽ ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༥༠)ལས། དངོས་པོར་སྨྲ་བས་བཏགས་ཡོད་དང་ཀུན་རྫོབ་ཏུ་ཡོད་པར་ཁས་བླངས་པ་མང་པོ་དབུ་མ་པས་དེ་དག་ལ་དོན་དམ་པར་མེད་པར་སྒྲུབ་དགོས་པ་རྣམས་ཤེས་པར་འགྱུར་ལ། གཞན་དུ་ན་གྲུབ་མཐའ་གོང་འོག་གི་ཁྱད་པར་འབྱེད་པ་ལ་དགའ་བ་ཙམ་དུ་ཟད་དོ། །ཞེས་ལུགས་འདིའི་རྫས་བཏགས་དང་གྲུབ་མཐའ་གོང་འོག་གི་རྫས་བཏགས་བར་གྱི་ཁྱད་པར་སོགས་ཀྱི་སྐོར་ལ་དཔྱད་རྩོམ་གནང་རྒྱུ།

༧༽ ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༦༥)ལས། སྒྲའི་བརྗོད་བྱའི་རང་ལྡོག་རྟོག་བཏགས་ཡིན་ཀྱང་དེའི་གཞི་ལྡོག་ཏུ་རང་མཚན་འོང་བའི་ལུགས་དང་ག་ལ་མཚུངས། ཞེས་པའི་དོན་འགྲེལ་ཚུལ་ལ་མཁས་པའི་བཞེད་ཚུལ་དང་དྭོགས་པ་དང་པོ་གསུམ་དང་འབྲེལ་བའི་རྩོད་ལན་གྱི་སྐོར་ལ་དཔྱད་རྩོམ་གནང་རྒྱུ།

༨༽ ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༦༦)ལས། ཐེག་བསྡུས་ལས་ཀྱང་། གཞན་གྱི་དབང་གི་ངོ་བོ་ཀུན་བཏགས་པའི་བདག་ཉིད་དུ་ཇི་ལྟར་སྣང་བ་དེའི་བདག་ཉིད་མ་ཡིན་པར་ཅི་མངོན་ཞེ་ན། ཞེས་གཞན་དབང་ཀུན་བཏགས་ཀྱིས་སྟོང་པར་སྒྲུབ་པའི་ཐེག་བསྡུས་ཀྱི་རིགས་པ་གསུམ་དང་ཐལ་འགྱུར་གསུམ། ཡང་གཞུང་དེ་ཉིད་ལས། (༦༧)འདིའི་མིང་འདིའོ་ཞེས་བརྡ་མི་ཤེས་པ་ལ་ཡང་དགག་བྱ་སྒྲོ་འདོགས་ཡོད་ལ་དེ་འགོག་པའི་རིགས་པ་ཡང་འདྲའོ། །ཞེས་མིང་བརྡ་མི་ཤེས་པའི་གང་ཟག་ལ་གཞན་དབང་ཀུན་བཏགས་ཀྱིས་སྟོང་པར་སྒྲུབ་ཚུལ་སོགས་ཀྱི་སྐོར་ལ་དཔྱད་རྩོམ་ཟབ་རྒྱས་གནང་རྒྱུ།

༩༽ དྲང་ངེས་ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༧༠)ལས། གལ་ཏེ་འདི་ཡིད་ཤེས་རྟོག་པ་ལ་ལྟོས་པའི་གཟུང་འཛིན་ཁེགས་པ་ཡིན་ལ། བག་ཆགས་བརྟན་པ་ལས་བྱུང་བའི་རྟོག་མེད་ཀྱི་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རིགས་པས་ཁེགས་པ་མིན་པས་རྣམ་རིག་ཙམ་ལ་འཇུག་པར་ཇི་ལྟར་འཐད་ཅེ་ན། ཞེས་ཡིད་ཤེས་རྟོག་པ་ལ་ལྟོས་པའི་ལྟ་བ་དང་བག་ཆགས་བརྟན་པ་ལས་བྱུང་བའི་རྟོག་མེད་ཀྱི་ཤེས་པ་ལྟོས་པའི་ལྟ་བ་གཉིས་རྟོགས་སྔ་ཕྱི་དང་རྟོགས་དཀའ་སླ་ཡོད་མེད། གཞུང་དེ་ཉིད་ལས། (༦༩)ཐེག་བསྡུས་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམ་པར་རིག་པ་ཙམ་ལ་འཇུག་པར་བརྩོན་པ་དེ་ལྟ་བུ་དེ། ཞེས་པ་ནས། ཡི་གེ་དང་དོན་སྣང་བའི་ཡིད་ཀྱི་རྣམ་པར་རྟོག་པ་དེ་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་འཇུག་གོ། །ཞེས་པའི་ལུང་དོན་དེ་རྣམ་རིག་ཙམ་ལ་འཇུག་པའི་སྒྲུབ་བྱེད་དུ་འགྲེལ་ཚུལ་ལ་མཁས་པའི་བཞེད་ཚུལ་དང་རྣམ་རིག་ཙམ་ལ་འཇུག་པའི་དོན་སོགས་ཀྱི་སྐོར་ལ་དཔྱད་རྩོམ་ཟབ་རྒྱས་ཤིག་གནང་རྒྱུ།

༡༠༽ ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༧༡)ལས། ཕྱི་རོལ་ལ་ལྟོས་པའི་གཟུང་འཛིན་འགོག་པ་ནི། ཐེག་བསྡུས་སུ་རྨི་ལམ་དང་གཟུགས་བརྙན་ལ་སོགས་པའི་རིགས་པ་དང་། ཉི་ཤུ་པར་རྡུལ་ཆ་མེད་འགོག་པའི་རིགས་པ་དང། ཆོས་ཀྱི་གྲགས་པས་གཟུང་འཛིན་གྱི་མཚན་ཉིད་སྐྱེས་ལ་འདྲ་བ་འགོག་པའི་རིགས་པ་དང་། ཕྱོགས་གླང་གིས་རྡུས་འདུས་པ་དང་ཕྲ་རབ་གཟུང་དོན་ཡིན་པ་འགོག་པའི་རིགས་པ་རྣམས་ཡིན་ནོ། །ཞེས་རྡུལ་ཆ་མེད་འགོག་པའི་རིགས་པ་དང་གཟུང་འཛིན་རྫས་གཞན་འགོག་པའི་རིགས་པའི་བར་གྱི་འབྲེལ་བ་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་སྒྲུབ་པའི་རིགས་པའི་སྐོར་ལ་དཔྱད་རྩོམ་ཟབ་རྒྱས་གནང་རྒྱུ།

༡༡༽ དྲང་ངེས་ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༧༡)ལས། ཡུམ་གྱི་མདོ་ནས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཀུན་བཏགས་འགོག་པ་ཐེག་བསྡུས་ལས་གསུངས་པ་རྣམས་ལ་དགོངས་འགྲེལ་གྱི་ཀུན་བཏགས་འགོག་ཚུལ་འདི་མི་ཤེས་ན། ཞེས་པ་ནས། ལུགས་འདིས་བཤད་པར་ཤིན་ཏུ་དཀའ་འོ། །ཞེས་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཡང་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་ལ་ཞེས་ཆེས་མི་རིགས་པ་དུ་མ་ཅི་ཞིག་ཡིན་པ་དང་སྨྲ་དགོས་ཚུལ། ལུགས་འདིས་བཤད་པར་ཤིན་ཏུ་དཀའ་འོ། །ཞེས་བཤད་པར་དཀའ་ཚུལ་སོགས་ཀྱི་སྐོར་ལ་དཔྱད་རྩོམ་ཟབ་རྒྱས་ཤིག་གནང་རྒྱུ།

༡༢༽ དྲང་ངེས་ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༧༥)ལས། ཆོས་ཀྱི་བདག་འཛིན་ཡང་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་དང་དེ་བསགས་པའི་གཟུང་བ་དང་། དུས་སྔ་ཕྱིའི་ཆ་ཤས་མེད་པའི་ཤེས་པ་སྐད་ཅིག་མ་དང་དེ་འཐུད་པའི་རྒྱུན་གྱི་ཤེས་པ་ཡོད་པར་འཛིན་པ་ལྟ་བུ་གྲུབ་མཐས་བློ་བསྒྱུར་པ་ཁོ་ནས་བཏགས་པ་རྣམས་ནི། གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་ཀྱི་སེམས་ཅན་གཞན་ལ་མེད་དོ། །ཞེས་ཆོས་ཀྱི་བདག་འཛིན་ལ་རྡུལ་ཕྲ་རབ་བསགས་པའི་བེམ་པོ་འཛིན་ཚུལ་ཡོད་པའི་དོན་དུ་བཀྲལ་ན་ལུང་རིགས་དང་། གཞུང་གོང་འོག་སོགས་དང་འགལ་མིན། ཕྱི་དོན་འཛིན་ཚུལ་ལ་རྡུལ་ཕྲ་རབ་བསགས་པའི་བེམ་པོ་འཛིན་ཚུལ་ཡིན་པར་ལུང་རིགས་ཀྱི་ཁུངས་ཡོད་མེད་དང་། ནམ་མཁའ་ཕྱི་རོལ་དོན་གྱིས་སྟོང་པ་ཡོངས་གྲུབ་ཏུ་མཁས་པ་རྣམས་ཀྱི་བཞེད་ཚུལ་གྱི་སྐོར་ལ་དཔྱད་རྩོམ་ཟབ་རྒྱས་ཤིག་གནང་རྒྱུ།

 

གཉིས་པ། རང་རྒྱུད་པའི་དྲང་ངེས་ཀྱི་བགྲོ་གླེང་གི་བརྗོད་གཞི།

 

༡༽ དྲང་ངེས་རྣམ་འབྱེད་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༡༡༠)ལས། ལངྐར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ལུས་དང་ལོངས་སྤྱོད་གནས་འདྲ་བར། །སེམས་ནི་སྣ་ཚོགས་སྣང་བས་ན། །སེམས་ཙམ་དུ་ནི་ང་སྨྲ་འོ། །ཞེས་གསུངས་པས་ཀྱང་། ཕྱི་རོལ་བཀག་པ་མིན་པར་བཞེད་པས་ཕྱི་རོལ་བཀག་པ་དེ་མདོ་གང་གི་ཡང་དོན་མིན་པར་བཞེད་དམ་དཔྱད་པར་བྱའོ། །ཞེས་མདོ་སྡེ་སྤྱོད་པའི་དབུ་མ་པའི་ལུགས་ལ་ཕྱི་རོལ་བཀག་པ་དེ་མདོ་གང་གི་དོན་ཡིན་པ་དང་། ཕྱི་དོན། ཀུན་གཞི། རང་རིག་བཞེད་མིན་ལུང་རིགས་ཀྱི་ཁུངས་དང་བཅས་པའི་སྐོར་ལ་དཔྱད་རྩོམ་གནང་རྒྱུ།

༢༽ ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༡༢༥)ལས། དེ་ལྟར་གྲུབ་ན་གནོད་པ་འདི་ཡོད་དང་མ་གྲུབ་པའི་སྒྲུབ་བྱེད་འདིའོ་ཞེས་མང་དུ་སྨྲས་ཀྱང་དོན་ལེགས་པོར་མི་གོ་བས་དགག་བྱ་ངོས་བཟུང་བ་ནི་ཤིན་ཏུ་གལ་ཆེའོ། །ཞེས་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་ལུགས་ཀྱི་དགག་བྱ་དང་འབྲེལ་བའི་ལྟ་གྲུབ་ཀྱི་སྐོར་ལ་དཔྱད་རྩོམ་གནང་རྒྱུ།

 

གསུམ་པ། དྲང་ངེས་བགྲོ་གླེང་གི་དབུ་མ་ཐལ་འགྱུར་པའི་བརྗོད་གཞི།

 

༡༽ ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༡༤༡)ལས། འདིར་མིང་གི་ཐ་སྙད་འདོགས་པའི་བློས་གང་བཞག་ཐམས་ཅད་ཐ་སྙད་དུ་ཡོད་པར་མི་བཞེད་ཀྱང་ཐ་སྙད་འདོགས་པའི་བློའི་དབང་གིས་མ་བཞག་པའི་ཐ་སྙད་དུ་ཡོད་པར་མི་བཞེད་དོ། །ཞེས་ལུགས་འདིའི་བློའི་དབང་གིས་བཞག་པའི་སྐོར་དང་འབྲེལ་གྲུབ་མཐའ་སྨྲ་བ་བཞིས་རྟོག་པས་འཇོག་ཚུལ་ལ་ཕྲ་རགས་དང་། རྗེའི་ལྟ་བའི་ལེགས་བཤད་གཞན་ལ་མ་ཐོན་པའི་ཐལ་འགྱུར་བའི་ལྟ་བ་འཆད་ཚུལ་དྲང་ངེས་ལེགས་བཤད་སྙིང་པོ་འདིར་དམིགས་བསལ་ཁྱད་ཆོས་གང་ཡོད་ཀྱི་སྐོར་ལ་དཔྱད་རྩོམ་གནང་རྒྱུ།

༢༽ ལེགས་བཤད་སྙིང་པོ་(ཕྱི་ལོ་ ༡༩༩༧ བློ་གླིང་པར་མ་ཤོག་གྲངས་༡༤༦)ལས། གང་ཟག་གི་བདག་མེད་ནི་རང་སྡེ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་གཞན་གྱི་ལྟར་ན་གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྫས་སུ་མེད་པ་ཙམ་ལ་འདོད་དོ། །ཞེས་དང་། ཡང་གཞུང་དེ་ཉིད་ལས། (༡༥༨) འོ་ན་ཆོས་དང་གང་ཟག་གི་བདག་འཛིན་ལྷན་སྐྱེས་འཛིན་སྟངས་མི་མཐུན་པ་གཉིས་གཉིས་ནི་མེད་པས་རང་རྒྱུད་པས་བཤད་པ་དེ་དག་ཇི་ལྟར་ཡིན་སྙམ་ན། ཞེས་པ་ནས། གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་དེ། ཞེས་གྲུབ་མཐའ་སྨྲ་བ་བཞིའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་འདོད་ཚུལ་ལ་ཕྲ་རགས་ཡོད་མེད་ཀྱི་སྐོར་དང་། ཐལ་འགྱུར་བའི་ལུགས་ལ་རང་རྒྱུད་པའི་བཞེད་པའི་བདག་འཛིན་དེ་ཀུན་བཏགས་དང་ལྷན་སྐྱེས་གང་ཡིན་གྱི་སྐོར་ལ་དཔྱད་རྩོམ་གནང་རྒྱུ།

༣༽ དྲང་ངེས་ལེགས་བཤད་སྙིང་པོ་ལས་དབུ་མ་ཐལ་འགྱུར་པའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཤེས་སྒྲིབ་འཇོག་ཚུལ་སྐོར།

 

བཞི་པ། དྲང་ངེས་ཀྱི་བགྲོ་གླེང་སྐབས་ཀྱི་ཆོས་བརྒྱུད་ཁག་གི་བརྗོད་གཞི།

 

ཇོ་ནང་།

༡༽ རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོ་ལས་སེམས་ཙམ་པའི་དྲང་ངེས་འཆད་སྐབས་སྔ་ཕྱིའི་གོང་འོག་མང་པོར་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་ཕྱོགས་སྔའི་ཚུལ་དུ་ཡང་ཡང་བཟུང་ཡོད་པས་སྐབས་དེ་དང་འདིའི་ཕྱོགས་སྔའི་འདོད་པ་ཇེ་གསལ་དང་འབྲེལ་རྗེ་རིན་པོ་ཆེས་དགག་པ་གནད་དུ་སོང་ཡོད་མེད་ཀྱི་སྐོར་དང་། ཡང་ན། ཇོ་ནང་པའི་ཕྱོགས་ནས་རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོ་ལ་དགག་བཞག་སྤོང་གསུམ་མཛད་ཡོད་མེད་ཀྱི་སྐོར། ཡང་ན། ཇོ་ནང་པའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་མཁས་པའི་བཞེད་ཚུལ་ལས་བརྩམ་པའི་བདེན་གཉིས་ཀྱི་སྐོར་གསུམ་ལས་གང་རུང་ལ་དཔྱད་རྩོམ་ཟབ་རྒྱས་གནང་རྒྱུ།

 

ལྔ་པ། ཆོས་བརྒྱུད་གཞན་དག་གི་བརྗོད་གཞི་ཁག

 

༢༽ བཀའ་བརྒྱུད། རྙིང་མ། ས་སྐྱ། བོན་པོ་བཅས་ལ། རང་ལུགས་སྔོན་བྱོན་སྐྱེས་ཆེན་ཁག་གི་གཞུང་རྣམས་ལས་རྗེའི་དྲང་ངེས་ལེགས་བཤད་སྙིང་པོར་དགག་བཞག་སྤོང་གསུམ་མཛད་ཡོད་མེད་ཀྱི་སྐོར་ལ་ཆེད་རྩོམ་དང་། ཡང་ན༑ རང་ལུགས་བདེན་གཉིས་ཀྱི་སྐོར་ལ་དཔྱད་རྩོམ་ཟབ་རྒྱས་ཤིག་གནང་རྒྱུ།

 

 

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.