ཨ་ལགས་མཁན་པོ་ཕུན་ཚོགས།

 

༄༅།། ཨོཾ་སྭསྟི། དཔག་ཡས་ཡོན་ཏན་བྱེ་བས་ཡོངས་གཏམས་པའི། །
ངོ་མཚར་ཟུང་འཇུག་ཆུ་གཏེར་སྲུབ་པའི་དཔྱིད། །
འཆི་མེད་དཔལ་སྟེར་འཇམ་མགོན་བླ་མ་ཡིས། །
མི་ཤིགས་ཚེ་ཡི་ཆར་ཆེན་དེང་འདིར་སྩོལ། །


 2019.9.9.2         ཅེས་སྲིད་ཞིའི་མཐའ་ལས་ངེས་པར་གྲོལ་ཞིང་བདེ་སྟོང་ཟུང་འཇུག་གི་གོ་འཕང་མཆོག་ལ་མངའ་བརྙེས་ཤིང་བརྟན་གཡོའི་དངོས་པོ་མཐའ་དག་སྤྲོ་བ་དང་བསྡུ་བའི་བྱེད་པོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་བདག་པོ་རྒྱལ་བ་རྡོ་རྗེ་འཆང་འཁོར་ལོའི་མགོན་པོ་དང་ངོ་བོ་དང་དབྱེར་མ་མཆིས་པ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཡངས་པའི་འཛམ་གླིང་ཆེན་པོའི་སྟོན་པ་དང་ཞི་བདེའི་དེད་དཔོན། གངས་ལྗོངས་ཁ་བ་རི་པའི་སྣོད་བཅུད་ལུགས་གཉིས་ཀྱི་ལེགས་ཚོགས་མཐའ་དག་གི་འབྱུང་གནས་དང་འདི་ཕྱིའི་སྐྱབས་གནས་ཉག་གཅིག སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་བཟང་རྟེན་འབྱུང་གི་གཏམ་གྱིས་གསལ་བར་མཛད་ཅིང་དྲང་སྲོང་བདེན་ཚིག་གི་རྒྱལ་ཐབས་ལ་མངའ་དབང་བསྒྱུར་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ། དབང་བསྐུར་དང་རྒྱུད་བཤད། མན་ངག་གནང་བ་སོགས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་བདག་གི་མཁན་རིན་པོ་ཆེ་ཡོངས་རྫོགས་བསྟན་པའི་མངའ་བདག་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་ཐུགས་སྨོན་རྣམ་པར་དག་པས་མཚམས་སྦྱར། གསུང་སྙན་ཚངས་པའི་དབྱངས་ལས་རྣམ་པར་བཞད་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་བཅུ་གཅིག་པ་ཆེན་པོ་གང་ཉིད་ཀྱི་ཞབས་བརྟན་གསོལ་འདེབས་འཆི་མེད་འདབ་སྟོང་གྲོལ་བའི་ཉིན་བྱེད་དེ་ཉིད། བདག་ཅག་གདུལ་བྱ་རྒྱ་མཚོའི་བསོད་ནམས་ཀྱི་དཔལ་དུ་ཤར་བའི་བྱིན་རླབས་ཀྱི་དྲོད་དང་འཕྲིན་ལས་འོད་ཀྱི་ཟེགས་མ་ལས་ལེགས་པར་འཁྲུངས་པའི་ཤིས་ཚིག་པུཎྜ་རི་ཀའི་འདབ་མ་ཕྱོགས་ཀུན་ཏུ་འཐོར་བའི་སྒྲ་དབྱངས་དལ་བུར་སྒྲོག་པའི་དགེ་ལེགས་ཀུན་འབྱུང་གི་མཚན་མ་རབ་ཏུ་མཛེས་ཤིང་རྟེན་འབྲེལ་ལེགས་ཚོགས་ཀྱི་སྒོ་འཕར་ཡོངས་སུ་ཕྱེས་པས་མདུན་བསུས། གུས་དམན་བདག་གིས་ཀྱང་དམ་པའི་ཆོས་དང་མཐུན་པའི་སྨྲ་བ་ཅུང་ཙམ་ཞིག་སྤྲོ་བའི་ཕྱིར་དོག་ཅིང་འགག་པའི་མགྲིན་པའི་ལམ་ཅུང་ཟད་ཡངས་པར་བྱས་ནས་གང་ཞིག་སྙན་དུ་སྒྲོན་པར་བྱ་བ་ནི།


           དེ་ཡང་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྣམ་འདྲེན་ཤཱཀྱའི་རྒྱལ་པོ་མཉམ་མེད་ཟས་གཙང་གི་སྲས་པོ། བསྟན་པའི་བདག་པོ་སྟོན་མཆོག་དོན་ཀུན་གྲུབ་པ་ཆེན་པོ་གང་གི་ཞལ་གྱི་བུམ་བཟང་ལས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་པ་སོགས། འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་འོ། །ཞེས་བཀྲ་ཤིས་ཤིང་དོན་འགྲུབ་པར་བྱེད་པའི་ཕུན་སུམ་ཚོགས་པའི་དབྱངས་སྙན་སྣ་ཚོགས་པས་སྒོ་འཕར་ཡངས་པོར་ཕྱེ་བའི་ཟབ་གསུང་ལྷ་ཡི་སྦྲང་ཆར་མི་མཇེད་འཇིག་རྟེན་ཁམས་འདི་དགེ་ལེགས་སུ་བྱེད་པའི་གསོས་སུ་སྨིན་པ་ནས་བཟུང། ཕན་པ་འབའ་ཞིག་པའི་རང་བཞིན་ཅན་གྱི་བདེ་ལེགས་ཀུན་འབྱུང་གི་བྱ་བ་གང་བརྩམ་ཐམས་ཅད་ཀྱི་དབུར། ཕུན་སུམ་ཚོགས་པ་གསུམ་མམ་ལྔ་ལ་སོགས་པའི་བདེན་ཚིག་ཤིས་བརྗོད་ཀྱི་འབེལ་གཏམ་སྣ་ཚོགས་སྨྲ་བའི་མཛད་སྲོལ་བྱུང་བ་ལྟར། རིས་སུ་མ་ཆད་པའི་མཁས་གྲུབ་གོང་མ་དག་གིས་མཛད་པའི་མཎྜལ་གྱི་བཤད་པ་འདྲ་མིན་རེ་ཡོད་ཚོད་འདུག་ནའང་། འདིར་༸སྐྱབས་མགོན་རྡོ་རྗེ་འཆང་གང་གི་ཐུགས་མཉེས་པའི་མཆོད་སྤྲིན་གྱི་ཆ་ཤས་སུ་འགྱུར་བར་རེ་སྟེ། གུས་པ་རང་གི་བློ་ངོ་དང་འཚམས་པའི་བཤད་པ་ཆ་ཚང་བའམ་ཅུང་ཙམ་རྒྱས་པའི་ལུགས་སུ་བྱས་ཏེ་ཞུ་བར་འདོད་ལགས།
དེ་ལྟ་ནའང་འདི་ལ་གོང་འོག་འཁྲུག་ཅིང་དོན་གྱི་ཟབ་ས་གབ་པ་དང་ཚིག་གི་ལེགས་བྲིས་ཉམས་ཏེ་གྲོང་ཚིག་དང་ཕལ་སྐད་ལྟ་བུའི་རྗོད་པ་དམར་རྗེན་དུ་ཐོན་པ་སོགས་འཁྲུལ་བའི་རིགས་དུ་མ་ཞིག་འབྱུང་ངེས་ན། ༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་གཙོས་མཆོག་གསུམ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་མཐོལ་བཤགས་དང་བཟོད་གསོལ་སྔོན་དུ་འབུལ་བ་དང་ཆབས་ཅིག་ཐོག་མར་དགེ་བ་ཕུན་སུམ་ཚོགས་པ་ལྔའི་བཤད་པ་མདོར་བསྡུས་པ་ཞིག་གིས་གླེང་སློང་བའོ། །
           དང་པོ་སྟོན་པ་ཕུན་ཚོགས་པ་ནི། ངེས་པ་དོན་ལ་ལུང་རིགས་དུ་མ་ལས་ཡང་ཡང་བསྔགས་པ་ལྟར་རིགས་ཀུན་ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཐབས་ལ་ཡོངས་སུ་མངའ་དབང་བསྒྱུར་ཟིན་ཡང་ཁམས་གསུམ་འཁོར་བའི་གནས་ཆེན་པོའི་སྐྱེ་འགྲོའི་བདེ་སྐྱིད་སྤྱི་དང་། ཡང་སྒོས་དམུ་རྒོད་གདུལ་དཀའ་བ་ཁ་བ་གངས་རིའི་ལྗོངས་ཀྱི་ཉམ་ཐག་པའི་འགྲོ་བ་མགོན་མེད་སྐྱབས་མེད་པ་རྣམས་རྗེས་སུ་འཛིན་པའི་སླད། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་བརྩེ་བ་དང་སྙིང་རྗེ་ཆེན་པོའི་བདག་ཉིད་ཡི་དམ་བཞིན་ལག་གི་རྣམ་པར་ཤར་བ་འཕགས་མཆོག་སྙིང་རྗེའི་གཏེར་ཆེན་ལྷ་གཅིག་ཕྱག་ན་པདྨོ་མཆོག་གིས་བསམ་བཞིན་སྲིད་པ་སྣ་ཚོགས་པ་ཞིག་བཟུང་བའི་ཁྲོད་ནས་བདག་ཅག་གི་རྣམ་འདྲེན་ཆེན་པོ་གང་ཉིད་ཀྱིས་ཀྱང་རྒྱ་གར་དང་རྒྱ་ནག ཨུ་རྒྱན་དང་ལྷ་ཡི་ཡུལ། བལ་བོ་དང་བོད་ཀྱི་ཡུལ་སོགས་སུ་སྤྲུལ་བསྒྱུར་སྣ་ཚོགས་པ་ཞིག་མཛད་ནས་གང་ལ་གང་འདུལ་གྱིས་བསྟན་འགྲོའི་མཛད་པ་རླབས་པོ་ཆེ་བསྐྱངས་པ་དང་།
          ལྷག་པར་ཐུན་མོང་གདུལ་བྱའི་སྣང་ཚུལ་དང་མཐུན་པའི་སྒོ་ནས་མདོ་རོང་གི་གདུལ་བྱ་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་དམ་པར་སྐུ་ཡི་ཕྲེང་བ་བཅུ་གཅིག་བཞེས་ཏེ། སྐྱེ་དགུའི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་རྩ་གོང་ན་མེད་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་གྱི་སྒོ་ནས་ཆེས་ཁྱད་པར་དུ་འཕགས་པ། རྒྱལ་བ་ཀུན་གྱི་མཁྱེན་པའི་རང་གཟུགས་གཅིག་ཏུ་ཟླུམ་པ་རྗེ་བཙུན་འཇམ་དཔལ་དབྱངས་དངོས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་གསེར་སྦྱངས་བཙོ་མ་ལྟ་བུའི་མདོ་སྔགས་ཟུང་འབྲེལ་གྱི་རིང་ལུགས་དྲི་མ་མེད་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་མཛད་པའི་འཕྲིན་ལས་ཀྱི་ཤིང་རྟ་བ་ཆེན་པོ། རང་ཅག་གངས་ཅན་པ་རྣམས་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པ་ཆེས་ཉག་ཕྲ་ཞིང་སྙིགས་ལྔའི་རང་མཚང་ཆེས་ཆེར་བདོ་བའི་སྐབས། གངས་ལྗོངས་ཁ་བ་རི་པའི་ལྷ་གཅིག་འཕགས་མཆོག་ཕྱག་ན་པདྨོ་བསམ་བཞིན་མིའི་ཤ་ཚུགས་སུ་ཕེབས་པ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞབས་འདེགས་སུ་དམིགས་བཀའ་གསུང་སྤྱི་ཕེབས་ཇི་བཞིན་སྒྲུབ་པར་སྐུ་ཚེ་དང་ཡུལ་འཁོར་ལོངས་སྤྱོད་དང་བཅས་པ་གཏོང་བ་ཕངས་པ་དང་ཉམ་ང་བ་བྲལ་ཞིང་། བག་ཚ་བ་དང་དོགས་པ་སོགས་གང་ཡང་མེད་པར་བརྩོན་པ་ཆེན་པོས་བཀའ་བཞིན་ལྷུར་ལེན་མཛད་པའི་ཐུགས་སྲས་སྙིང་སྟོབས་ཅན།
          མདོར་ན་འཆད་པར་འགྱུར་བའི་རླབས་ཆེན་གྱི་མཛད་པ་མཐའ་ཡས་པ་ཞིག་བསྐྱངས་དང་སྐྱོང་བཞིན་པའི་བྱེད་པོ། དྲུང་ཆེན་དགེ་འདུན་རྒྱལ་མཚན་དང་། བླ་མ་གྲུབ་ཐོབ་སངས་རྒྱས་རིན་པོ་ཆེ། བླ་མ་ཐུགས་རྗེ་ཆེན་པོ་འགྲན་མེད་སེངྒེ། མདོ་སྨད་ཀྱི་ལྗོངས་སུ་པད་འབྱུང་གཉིས་པ་དང་། འབྲས་རོང་པོ་ཆོས་རྗེ་དང་ཧོ་ཐོག་ཐུ། ཀིརྟི་མཁས་ཆེན་ཚང་དང། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་ཞེས་སོགས་ངེས་པ་དོན་ལ་གནས་པའི་མཚན་སྙན་གྱིས་བསྔགས་པ་དུ་མས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་ཆོས་ཀྱི་རྗེ་བོ། བཀའ་དྲིན་མཚུངས་ཟླ་མ་མཆིས་པ་རྩ་བའི་བླ་མ་གཙུག་གི་ནོར་བུ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་གཅིག་མཐོང་བ་དོན་ལྡན་གང་ཉིད་ནི་བདག་ཅག་གི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་སྟོན་པ་ཕུན་སུམ་ཚོགས་པའོ། །
            གཉིས་པ་ཆོས་ཕུན་སུམ་ཚོགས་པ་ནི། སློབ་དཔོན་དབྱིག་གི་གཉེན་པོའི་ཞལ་སྔ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་རྣམ་འདྲེན་བཞི་པ་ཆེན་པོས་ཟབ་གསང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། ལུང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཐེག་པ་ཆེ་ཆུང་གི་རྒྱལ་བའི་གསུང་རབ་སོགས་ལུང་གི་ཆོས་འཁོར་དང་། དེ་དག་གི་བརྗོད་བྱ་ཐུན་མོང་བ་ལམ་གྱི་གཙོ་བོ་རྣམ་པ་གསུམ་དང་ཐེག་པ་མཆོག་གི་ལམ་གྱི་ཡང་རྩེ་བསྐྱེད་རྫོགས་གཉིས་སོགས་སྐྱེས་བུ་གསུམ་གྱི་ལམ་དང་བསླབ་པ་གསུམ་གྱི་ཉམས་ལེན་གྱིས་བསྡུས་པའི་རྟོགས་པའི་ཆོས་འཁོར་གཉིས་སུ་ངེས།
           དེས་ན་རྟོགས་པའི་ཡོན་ཏན་དེ་དག་བརྗོད་བྱར་བྱེད་པའི་རྗོད་བྱེད་ལུང་གི་སྡེ་སྣོད་ལ་རྒྱལ་བ་རང་ཉིད་དང་རྗེས་འཇུག་རྒྱ་བོད་ཀྱི་ལྗོངས་སུ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་ཇི་སྙེད་ཅིག་བྱུང་བ་རྣམས་ཀྱིས་གདུལ་བྱ་མཆོག་དམན་ཐ་གསུམ་རྗེས་སུ་བཟུང་བར་མཛད་དེ་ཞལ་སྐྱིན་དུ་གནང་བ་བཀའ་དང་བསྟན་བཅོས་ས་འཛིན་དབང་པོའི་གཏོས་དང་མཉམ་པ་བཞུགས་པ་ལས། འདིར་འཇམ་མགོན་རྒྱལ་བ་གཉིས་པ་མཉམ་མེད་ཙོང་ཁ་པ་ཆེན་པོས་རྒྱལ་བ་རྡོ་རྗེ་འཆང་དང་༸རྗེ་བཙུན་འཇམ་དཔལ་དབྱངས་ལས་དངོས་བརྒྱུད་ཅི་རིགས་པའི་སྒོ་ནས་སྙན་ནས་སྙན་དུ་བརྒྱུད་དེ་གསན་པ་སྙན་བརྒྱུད་སྤྲུལ་བའི་གླེགས་བམ་མམ་དགེ་ལྡན་ཕྱག་རྒྱ་ཆེན་མོའི་ཟབ་གསང་མན་ངག་གི་གཏེར་གང་ཡོད་རྣམས། སྒྲུབ་པའི་རྒྱལ་མཚན་འཛིན་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ལས་དངོས་སུ་གསན་ནས་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་དང་། ཕྱིས་འབྱུང་གདུལ་བྱ་རྣམས་ཀྱི་བགོ་སྐལ་དུ་དགོངས་ཏེ་གདམས་ངག་དེ་དག་ཡིག་ཐོག་ཏུ་འགོད་པའི་དུས་ལ་བབས་པར་གཟིགས་ནས་སྙན་བརྒྱུད་ཀྱི་མན་ངག་དེ་དག་བཀའ་རྩོམ་གནང་བ། བརྒྱུད་པ་ཡི་གྲུ་མ་ཉམས་ཤིང་བྱིན་རླབས་ཀྱི་དྲོད་མ་ཡལ་བ། མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པའི་གནད་མཐའ་དག་འདུ་ཞིང་། སྙིགས་དུས་ཀྱི་སྐྱེ་བོ་རྣམས་གདན་ཐོག་གཅིག་ལ་འཚང་རྒྱ་བར་ནུས་པའི་ཟབ་ལམ་གདམས་ངག་གི་གསང་བའི་གནད་རྣམས་རྗེན་ཆར་དུ་སྟོན་པའི་ཆོས་ཀྱི་སྡོམ་ཆེན་པོ་བླ་མ་མཆོད་པའི་ཆོ་ག་དང་། དེའི་མཐའ་རྒྱན་དུ་ཡོངས་རྫོགས་བསྟན་པའི་མངའ་བདག་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན། མཧཱ་པཎྜི་ཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། མདོ་སྔགས་རིག་གནས་དང་བཅས་པར་ནང་བྱན་ཆུབ་པ་མཁས་རྒུའི་གཙུག་རྒྱན་དམ་པ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་བཅས་ཀྱིས་མཛད་པ་༸མགོན་པོ་གང་ཉིད་ཀྱི་ཞབས་བརྟན་གསོལ་འདེབས་དང་བླ་མའི་རྣལ་འབྱོར་སོགས་མདོར་ན་གདམས་ངག་གི་སརྒ་མ་ལོག་ཅིང་ནང་དམ་ཚིག་ལ་སེལ་ཁ་མ་ཞུགས་པའི་མན་ངག་ཟབ་མོ་དེ་དག་ཚོགས་འདོན་གྱི་རིམ་པ་དང་། གུས་པ་རང་གིས་ཀྱང་ཉིན་བཅུའི་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བདག་བསྐྱེད་དང་འབྲེལ་སྐུའི་ཚེ་སྒྲུབ་བསྙེན་བཟླས་སྦྱིན་སྲེག་དང་བཅས་སྔོན་སོང་གི་སྒོ་ནས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་གང་ཉིད་བདག་ཅག་གདུལ་བྱ་རྒྱ་མཚོའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་འབུལ་བཞིན་པ་འདི་ནི་སྐབས་སུ་བབ་པའི་ཆོས་ཕུན་སུམ་ཚོགས་པའོ། །
གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། ཐུན་མོང་མིན་པའི་དབང་དུ་བྱས་ན་ཀྱཻ་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པོ་ང་། །འགྲོ་བ་སྟོན་པ་བསྒྲུབ་བྱ་ང་། །ཞེས་གསུངས་པ་ལྟར་ངེས་པ་དོན་དུ་༸སྐྱབས་མཆོག་མཐོང་བ་དོན་ལྡན་གང་ཉིད་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུར་ལུང་གིས་ཟིན་པ་ལྟར་གང་དེའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཡང་ཡེ་ཤེས་རང་སྣང་གི་དག་པ་རབ་འབྱམས་འབའ་ཞིག་ཏུ་ངེས་པས། འཁོར་ཚོགས་གདུལ་བྱ་རྒྱ་མཚོའི་ཁྲོད་དུ་ཡང་རྒྱལ་བ་རང་ཉིད་ཐ་མལ་གྱི་ཚུལ་དུ་ཕེབས་པ་གྲངས་ལས་འདས་པ་རེ་ཡོད་ངེས་ཀྱང་། དག་མ་དག་གི་ཁྱད་པར་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་གཞག་འདི་དག་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱིས་སྤྱོད་ཡུལ་དུ་གྱུར་པས། བདག་ལྟ་བུ་བློ་གྲོས་དམན་པ་དག་གིས་གཞན་ལ་ཇི་བཞིན་སྟོན་པ་ལྟ་ཅི་རང་གི་དྲན་པའི་ཡུལ་དུའང་གྱུར་དཀའ་བས་ན་འདིར་བརྗོད་པའི་ངལ་བ་མི་བསྟེན་ལ།
             ཐུན་མོང་མདོ་ཕྱོགས་ཀྱི་དབང་དུ་བྱས་ནའང་། མདོ་སྡེ་ལས། ང་དང་ང་འདྲ་བས་གང་ཟག་གི་ཚོད་ཟིན་གྱི་གང་ཟག་གིས་གང་ཟག་གི་ཚོད་འཛིན་པར་མི་བྱ་སྟེ། ཉམས་པར་འགྱུར་ཏ་རེ། ཞེས་གསུངས་པ་ལྟར་དོན་ལ་འདིར་ཚོགས་ཆོས་ཀྱི་མཆེད་གྲོགས་རྣམས་ནི་འདི་དང་འདི་འདྲ་འོ་ཞེས་ཁ་ཚོན་མི་ཆོད་ནའང་རང་གི་སྣང་ཚུལ་དང་མཐུན་པའི་ཁྱད་པར་དུ་འཕགས་ཆོས་མདོ་ཙམ་ཞིག་ཞུ་བར།
དེ་ཡང་༸མགོན་པོ་གང་ཉིད་ཀྱི་འདུལ་ཞིང་དུ་གཏོགས་པ་དངོས་ཀྱི་གདུལ་བྱ་ནི་བཤད་སྒྲུབ་སྐྱོང་བའི་ཆོས་ཀྱི་སྡེ་ཆེན་ལི་ཁྲིའི་རྒྱ་མཚོའི་མདངས་ལ་འཁུ་བའི་དགེ་འདུན་འདུས་པའི་ཚོགས་དང་། གུས་མཆོད་དང་དད་གཏོང་ལྷུར་ལེན་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་རྗེས་སུ་འགྲོ་བ་དད་ལྡན་སྦྱིན་པའི་བདག་པོ་སོགས་སློབ་བརྒྱུད་གྲངས་ལས་འདས་པ་ཞིག་ཡོད་ནའང་། འདི་དག་ནི་རང་ཡུལ་གངས་ལྗོངས་སུ་གནས་ཏེ་ཡུལ་གྱིས་བསྐལ་ཅིང་དུས་ཀྱི་དབང་གིས་འབྲེལ་ལམ་བཙན་ལྗིད་ཆེ་ལ། མི་ཡུལ་ས་མཐའ་འདི་རུ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཞབས་སུ་༸རོང་ཆེན་ཆོས་ཀྱི་རྒྱལ་པོ་གང་ཉིད་ནི་གདུལ་བྱ་རྒྱ་མཚོར་ཕན་བདེ་འབའ་ཞིག་སྒྲུབ་པའི་ཆེད་སྐུ་ངལ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་ནས་ལུགས་གཉིས་ཀྱི་མཛད་པ་གང་ཞིག་སྐྱོང་བའི་འཕྲིན་ལས་ཀྱི་དཔུང་འོག་དཔུང་འདེགས་ལ་ཆེད་དུ་ཕེབས་པ་ལྟ་བུ་དང་། འདིར་འདུས་དགེ་འདུན་འདུས་པའི་ཚོགས་རྣམས་ཀྱང་སྐྱེ་བ་ནས་ཚེ་རབས་མང་པོར་ཚོགས་གཉིས་རླབས་པོ་ཆེ་བསགས་པ་སོགས་ལེགས་བྱས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བའི་ནུས་པ་དུས་སུ་སྨིན་པ་ཤ་སྟག་ཏུ་ངེས་པ་ནི། རྒྱལ་བ་རང་ཉིད་ཀྱིས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར། དད་དམ་འགྱུར་བ་མེད་པར་བརྟན་པོ་དང་དམ་ཚིག་གཙང་མའི་ལར་ཞེན་སྙིང་དཀྱིལ་དུ་བཅངས་ཏེ། ཐུགས་སྟོབས་ཆེན་པོའི་སྒོ་ནས་ནང་མི་ཉེ་འཁོར་ལོངས་སྤྱོད་དང་བཅས་པ་ལོ་མང་རིང་རྒྱང་དུ་དོར་ནས་༸སྐྱབས་མགོན་མཆོག་གི་མདུན་སར་ཆེད་དུ་བཅར་བའི་དགོས་དོན་ལྟར། བློ་གྲོས་ཀྱི་འཇུག་པ་ཡངས་ཤིང་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པ་རྣམས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་གནད་དུ་ཐིངས་པ་གནང་སྟེ་རང་མི་རིགས་རིག་གཞུང་དང་བཅས་པར་ཕན་པར་བྱེད་པའི་ཐབས་ཆོས་དང་རིག་གནས་ལ་མཁས་པ་འབའ་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་དང་། བླ་མ་གྲྭ་ཚང་གི་ཆེད་བྱ་བ་ལས་བྲེལ་གྱི་དབང་གིས་སློབ་གཉེར་ལ་ཡུན་རིང་འཇུག་པའི་སྐལ་བ་མ་བྱུང་བ་རྣམས་ཀྱིས་ཀྱང་གཡོ་བ་མེད་པའི་དད་འདུན་དང་རྣམ་པར་དཀར་བའི་ལྷག་བསམ་བཟང་པོས་རྒྱུད་དྲངས་ཏེ། དཔལ་ལྡན་བླ་མ་དམ་པའི་མཛད་འཕྲིན་གདུགས་དཀར་གྱི་འཁོར་ལོ་ཕྱོགས་སུ་བསྐྱོད་པའི་ཞབས་འདེགས་སུ་དམིགས་ནས་བྱ་བ་ལས་ཀྱི་འཁོར་ལོའི་ཤིང་རྟ་བ་ཆེན་པོ་རུ་རྟག་ཏུ་བཞུགས་པ་སོགས། མདོར་ན་བདག་གིས་རྗེས་སུ་ཡི་རང་དང་བསོད་ནམས་ཀྱི་ཞིང་དམ་པར་གྱུར་པའི་ཚོགས་ཀྱི་མཆོག་དགེ་འདུན་འདུས་པའི་སྡེ་དང་། ༸མགོན་པོ་མཆོག་གི་བཀའ་དམ་རྡོ་རྗེའི་དམ་ཚིག་ལ་གནས་པའི་མྱུར་མགྱོགས་འཕྲུལ་གྱི་རྒྱལ་པོ་ཀརྨ་བཛྲ་སོགས་སྒོས་ཀྱི་བཀའ་སྲུང་ལྷ་ཀླུ་གཞི་བདག་གི་ཚོགས། གཞན་ཡང་དད་དམ་འགྱུར་བ་མེད་པའི་འཁོར་སློབ་ཁྱིམ་པའི་སྡེར་གཏོགས་བཅས་འདིར་འདུས་དམ་ཚིག་གཙང་བའི་ལྷ་དང་བཅས་པའི་རྡོ་རྗེའི་སྤུན་དུ་གྱུར་པ་འདི་དག་ནི་ཡུལ་དངོས་ཀྱི་འཁོར་ཕུན་སུམ་པའོ། །
             བཞི་པ་གནས་ཕུན་སུམ་ཚོགས་པ་ནི། སྤྱིར་ནང་བཅུད་སེམས་ཅན་གྱི་མོས་པ་སྣ་ཚོགས་པ་ལ་བརྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཀྱང་མངོན་པ་གོང་འོག་དང་། དཔལ་དུས་ཀྱི་འཁོར་ལོ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སོགས་མདོ་རྒྱུད་དུ་མ་ལས་ཚད་མི་འདྲ་བ་སྣ་ཚོགས་པ་ཞིག་གསུངས་པས་གཅིག་ཏུ་ཁ་ཚོད་གཅོད་དཀའ་ན་ཡང་ཆོས་མངོན་པ་མཛོད་ལས། སྟོང་སྤྱི་ཕུད་དང་བར་མའི་འཇིག་རྟེན་སོགས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སངས་རྒྱས་སྟོང་གི་ཞིང་ཁམས་སུ་གསུངས་པ་ལྟར་མཆོག་གི་སྤྲུལ་པའི་སྐུ་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱི་གདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར། རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་དང་བཅས་པ་ལས། གླིང་དང་གླིང་ཕྲན་སོགས་གཞན་ལས་ཁྱད་དུ་འཕགས་པ་ལྷོ་རྒྱལ་འཛམ་བུ་གླིང་པ། དེ་ལ་དབུས་སུ་རི་རྒྱལ་ལྷུན་པོ་གངས་ཅན་དང་། བྲག་གསེར་གྱི་བྱ་སྐྱིབས་ཅན། མཚོ་མ་དྲོས། རྫིང་བུ་དལ་འབབ། ཤིང་སཱ་ལའི་རྒྱལ་པོ་སོགས་ཡུལ་གྱི་བཀོད་པ་དུ་མས་མཛེས་ཤིང་། གྲོང་ཁྱེར་ཆེན་པོ་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག ཡུལ་ཕྲན་སྟོང་། ཡུལ་ཆེན་པོ་སོ་གཉིས། གནས་ཉེར་བཞི། དུར་ཁྲོད་ཆེན་པོ་བརྒྱད། མི་རིགས་སུམ་བརྒྱ་དྲུག་ཅུ། སྐད་རིགས་བདུན་བརྒྱ་ཉི་ཤུ་སོགས་ཡོད་པར་གསུངས་པའི་ཤར་ཕྱོགས་སུ་རྒྱ་ནག་དང་ཁྲི་བརྟན་ལ་རྒྱལ་ཀུན་མཁྱེན་རབ་ཀྱི་རང་གཟུགས་གཅིག་ཏུ་ཟླུམ་པ་འཕགས་པ་འཇམ་དཔལ་དབྱངས་དངོས་བཞུགས་པའི་གནས་རི་བོ་རྩེ་ལྔ། ལྷོ་ཕྱོགས་སུ་རྒྱ་གར་དང་ཁ་ཆེའི་ཡུལ་གྱི་རྒྱ་མཚོའི་འགྲམ་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གནས་ཕོ་བྲང་པོ་ཏ་ལའམ་རི་བོ་གྲུ་འཛིན། ནུབ་ཕྱོགས་སུ་སྟག་སྡེ་དང་གཟིག་ཡན་དུ་རིག་འཛིན་གྲུབ་པའི་དབང་པོ་རྣམས་འདོད་དགུར་སྤྱོད་པའི་གནས་མཆོག་ཨོ་ཌི་ཡཱ་ན་རྡོ་རྗེའི་ཕོ་བྲང་། བྱང་ཕྱོགས་སུ་ཁྲོམ་དང་གེ་སར་དུ་ཆོས་རྒྱལ་རིགས་ལྡན་རིམ་བྱོན་གྱི་གནས་ཤམྦྷ་ལ་ཆ་བསགས་ཀྱི་ཕོ་བྲང་གྲོང་ཁྱེར་ཆེན་པོ་བྱེ་བ་དགུ་བཅུ་རྩ་དགུ་བཅས་ཡོད་པར་བཤད་པའི་ཡུལ་གྱི་ལྟེ་བ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་ཁྱད་པར་ཅན། རྡོ་རྗེ་གདན་ཞེས་ཞི་བ་དང་བག་ཕེབས་པའི་བྱིན་རླབས་ཀྱི་སྙན་པས་ཡངས་པའི་ས་ཆེན་མཛེས་པར་བྱས་པའི་ཡུལ་ཆེན་པོ་རྒྱ་གར་འཕགས་པའི་ཡུལ་དང་།
དེ་ལ་ཐུན་མོང་དུ་མཆོག་གི་སྤྲུལ་པའི་སྐུ་རྒྱལ་བ་ཤཱཀྱ་ཐུབ་པའི་མཛད་པ་བཅུ་གཉིས་སོགས་གནང་ཡུལ་གྱི་གནས་ཆེན་ཁྱད་པར་བ་རྣམས་དང་། ཐུན་མོང་མ་ཡིན་པ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ནས་རྒྱུད་སྡེ་རྒྱ་མཚོ་གསུངས་པར་མཛད་སའི་གནས་ལྷོ་ཕྱོགས་དཔལ་གྱི་རི་སོགས་ཀྱིས་གཙོས་རྒྱལ་དང་རྒྱལ་སྲས། གྲུབ་པ་དང་རིག་པ་འཛིན་པ་བཅས་ཀྱི་གནས་མཆོག་མཐའ་ཡས་པ་ཞིག་བཞུགས་པ་ལས་འདིར་སྐབས་སུ་བབས་པའི་རྟེན་འབྱུང་དགའ་སྟོན་ཆེན་མོ་ལ་རོལ་བཞིན་པའི་གནས་ཀྱི་ཁྱད་པར་ཆེ་ལོང་ཙམ་ཞུས་ན།
             ཐུན་མོང་ས་དཔྱད་ཀྱི་རིམ་པའི་དབང་དུ་བྱས་ན་གནམ་འཁོར་ལོ་རྩིབས་བརྒྱད་དང་ས་པདྨ་འདབ་བརྒྱད་སོགས་མདོར་ན་རྒྱབ་རི་གཡའ་གངས་ནགས་ཚལ་གྱིས་བརྒྱན་ཞིང་རི་རྒྱལ་རྣམས་གཅིག་ལས་གཅིག་མཐོ་བའི་རི་རྒྱུད་བར་མ་ཆད་པ་རྒྱ་གར་གྱི་སྐད་དུ་རི་བོ་ཧི་མ་ལ་ཡ་དང་བོད་སྐད་དུ་རི་བོ་གངས་ལྡན་ལ་ཐུག་གི་བར་རིང་དུ་སོང་བ། གཡས་རི་སེངྒེ་གནམ་ལ་མཆོང་འདྲ་དང་གཡོན་རི་སྟག་མོ་ངར་འདྲ། མདུན་རི་དམའ་ཞིང་གཞོལ་བ་སོགས་ཕྱོགས་ཀྱི་རི་ཕྲན་རྣམས་ཀྱིས་གུས་པའི་ཚུལ་གྱིས་བསྐོར་འདྲ། གཡས་གཡོན་ནས་ཆུ་རྒྱུན་མདུན་དུ་འབབ་ཅིང་མདུན་ངོས་ནས་ཆུ་མིག་མང་པོས་ཚུར་མཆོད་པ་དང་འདྲ་བ་མཚོ་ཆེན་བསྐྱིལ་བ་སོགས་མདོར་ན་ས་ཡི་དགེ་བཅུ་ཚང་ཞིང་སྣོད་བཅུད་གཉིས་ཀ་བཀྲ་ཤིས་ཤིང་དགེ་མཚན་གྱི་དཔལ་ཡོན་བཟང་པོས་ཡོངས་སུ་ཕྱུག་པ་དང་། ཁྱད་པར་དུ་ཐུན་མོང་མ་ཡིན་པ་དམ་པ་ལྷ་ཆོས་ཀྱི་མཛད་ཆེན་དང་འབྲེལ་བའི་གནས་བཤད་ཀྱི་རིམ་པ་ཕྱོགས་ཙམ་ཞུས་ན། མདུན་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྡོ་རྗེ་ཕག་མོའི་གནས་སུ་གསུངས་པ་ཀཱང་ར་རྡོ་རྗེ་ཕག་མོའི་ལྷ་ཁང་ཆེན་མོ་དང་སྤྲུལ་བའི་རྒྱལ་སྲས་ཆོས་ཀྱི་དགའ་བའམ་བྱ་མགྲིན་སྔོན་ཟླ་བའི་ཡུམ་གཞིས་ཏེ། ཡི་དམ་གྱི་ལྷ་དུ་མས་རྗེས་སུ་བཟུང་བའི་ཛ་ལན་དྷ་རའི་ཆོས་རྒྱལ་ཆེན་མོ་མ་ཤོ་ཀའི་ཕོ་བྲང་གི་གནས་དང་། གཡས་ན་གནས་ཆེན་ཉེར་བཞིའི་ཡ་གྱལ་དཔལ་འཁོར་ལོ་སྡོམ་པའི་གནས་ཁྱད་པར་ཅན་ཡུལ་ཛ་ལན་དྷ་རའི་གནས་མཆོག་རྡོ་ལ་མེ་འབར་དང་གྲུབ་པའི་དབང་ཕྱུག་ཆེན་པོ་ཏཻ་ལོ་པ་དཔོན་སློབ་རྩེ་གཅིག་སྒྲུབ་པ་ལ་གཞོལ་བར་མཛད་པར་གྲགས་པའི་གནས་ཕུག་ཁྱད་པར་བ། གཡོན་ན་སྣང་སྲིད་དབང་དུ་འདུ་བའི་གྲུབ་པའི་རིག་འཛིན་ཆེན་པོ་སློབ་དཔོན་སངས་རྒྱས་གཉིས་པ་འབྱུང་བ་མེ་ཡིས་མ་ཚིག་པའི་གྲུབ་པའི་རྟགས་ཁྱད་པར་བ་དངོས་སུ་བསྟན་པའི་གནས་མཆོག་ཟ་ཧོར་མཚོ་པདྨ་ཅན་དང་། དམ་ཅན་ཆོས་ཀྱི་རྒྱལ་པོའི་ཡུམ་མཆོག་ཙྰམུཎྜིའི་གནས་ཆེན་གྲགས་ཅན། རྒྱབ་ན་མཐོ་ཞིང་མཛེས་བརྗིད་ལྟ་ན་སྡུག་པའི་ལྷུན་ཆགས་དྷོ་ལ་དྷར་གྱི་གངས་ཀྱི་རི་བོ་ནས་གནས་མཆོག་གངས་རིན་པོ་ཆེའམ་གངས་དཀར་ཏེ་སེ་ལ་ཐུག་གི་བར་གྱི་དཔལ་ཧེ་རུ་ཀའི་གནས་ཆེན་དང་གནས་ཕྲན་མང་པོའི་རི་རྒྱུད་རྣམས་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་རྒྱབ་རིའི་དཔལ་དུ་བཞུགས་པ་སོགས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་གནས་དེ་དག་གིས་ཕྱོགས་ཀུན་ནས་ལེགས་པར་བརྒྱན་པའི་དབུས་ན། འཛམ་གླིང་ཞི་བདེས་འཁོར་བསྒྱུར་ཆེན་པོ་གངས་ལྗོངས་ལྷ་མིའི་རྣམ་འདྲེན་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཐུགས་བརྩེ་བ་དང་སྙིང་རྗེའི་གཏེར་ཆེན་གཅིག་ཏུ་ཟླུམ་པ་འཕགས་མཆོག་ཕྱག་ན་པདྨོ་གསུམ་ལྡན་ངུར་སྨྲིག་འཆང་བ་དགེ་སློང་རྡོ་རྗེ་འཛིན་པའི་རྣམ་རོལ་དུ་མངོན་པར་ཕེབས་པ། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་བཅུ་བཞི་པ་ཆེན་པོ་མཆོག་གིས་བྱིན་གྱིས་བརླབས་ཤིང་བདག་གིར་མཛད་པའི་གནས། མདོ་དང་སྔགས་ཀྱིས་བསྡུས་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་སྟོན་ལ་ཅི་དགར་འདོད་དགུར་ལོངས་སུ་སྤྱོད་པའི་རྒྱལ་བའི་ཕོ་བྲང་ཆེན་པོ་སྟེ། རི་བོ་གྲུ་འཛིན་གཉིས་པའི་གཙུག་ལག་ཁང་རྣམ་པར་རྒྱལ་བའི་ཁང་བཟང་གིས་མཛེས་པར་བྱས་པའི་ཞིང་ཁམས་ཁྱད་པར་ཅན་བཞུགས་སྒར་དྷ་རམ་ས་ལའི་ཆར། བདག་ཅག་གི་འདྲེན་པ་ཆེན་པོ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་བཅུ་གཅིག་པ་ཆེན་པོ་གང་ཉིད་ཀྱིས་ཡང་ཡང་དགོངས་དཔྱད་ཀྱིས་བརྟགས་པ་ཟབ་མོས་གཟིགས་པ་སྔོན་དུ་བཏང་སྟེ་ཐུགས་བསྐྱེད་འཕྲིན་ལས་ཀྱི་སྒོ་མོ་འབྱེད་པའི་སྐལ་བཟང་དུས་སུ་སྨིན་པ་ན། ༸སྐྱབས་མཆོག་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་ཉིད་དང་། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་དཔལ་དང་པོའི་སངས་རྒྱས་དང་གཉིས་སུ་མ་མཆིས་པ་མཚན་ཞབས་རྡོ་རྗེ་འཆང་རྣམ་པ་གཉིས་ཀྱིས་དབུས་ཐུགས་སྲས་དགེ་འདུན་གྲངས་ཚང་བས་ས་གཞི་བྱིན་གྱིས་བརླབས་ཤིང་རབ་ཏུ་གནས་པ་ལ་སོགས་པའི་ཤིས་བརྗོད་བདེན་ཚིག་གི་སྒོ་ནས་ཐོག་མའི་གནས་གཞི་བསླངས་པ་ནས་བཟུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ལྷུན་ཆགས་གཙུག་ལག་རབ་འབྱམས་ཀྱི་བསྟི་གནས། ཕྱི་བལྟའི་རྒྱས་སྤྲོས་ཆུང་ཞིང་བཀོད་པ་མཛེས་པ། ནང་བལྟའི་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་དཔལ་གྱིས་ཕྱུག་པའི་སློབ་ཚོགས་བརྒྱ་ཕྲག་དུ་མའི་འབྱུང་གནས་གངས་ལྗོངས་རིག་གནས་རྒྱ་མཚོའི་བང་མཛོད་དུ་གྱུར་པ་ལྔ་རིག་སློབ་གླིང་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དང་། ཁ་བ་གངས་ཅན་པའི་སྣོད་བཅུད་རིག་གཞུང་དང་། ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེ་བོ་གྲངས་ལས་འདས་པར་ཞབས་འདེགས་སུ་དམིགས་ཏེ་གཞན་ཕན་དགེ་བའི་རང་བཞིན་ཅན་གྱི་རྣམ་དཀར་འཕྲིན་ལས་ཀྱི་མཛད་པ་ཕྱོགས་ཀུན་ཏུ་བསྐྱངས་དང་སྐྱོང་བཞིན་པའི་གནས། ༸རོང་ཆེན་ཆོས་ཀྱི་རྒྱལ་པོ་གང་གི་གཟིམ་ཆུང་ལུགས་ཟུང་གཡས་སུ་འཁྱིལ་བའི་དགའ་ཚལ་དང་རྒྱལ་མཚན་གྱི་ཏོག་ལྟར་རབ་ཏུ་བཀུར་བའི་སྡེ་ཁྱད་པར་ཅན་གྱི་གཙུག་ལག་ཆོས་ཀྱི་གན་དྷོ་ལ་སོགས་ནི་ད་ལྟའི་གནས་ཕུན་ཚོགས་པའོ། །
           ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། སྤྱིར་བསྐལ་པ་ལ་སྒྲོན་མེའི་བསྐལ་པ་དང་མུན་པའི་བསྐལ་པ་གཉིས་ལས་མུན་བསྐལ་ནི་གྲངས་མང་ཞིང་སྒྲོན་བསྐལ་ནི་ཉུང་བར་མ་ཟད། དེ་ལ་ཆགས་གནས་འཇིག་སྟོང་གི་དུས་ཀྱི་དུམ་བུ་བཞི་ལས་གནས་བསྐལ་དང་། དེ་ལ་ཡང་ཚེ་ལོ་བརྒྱད་ཁྲི་ནས་བརྒྱའི་བར་གྱི་དུས་ཡར་འཕེལ་དང་མར་འགྲིབ་ཀྱི་དུས་སུ་སངས་རྒྱས་འཇིག་རྟེན་དུ་མི་འབྱོན་པས་བསྐལ་པ་ཕལ་ཆེན་མུན་བསྐལ་དུ་གནས་མོད། དེ་ལྟ་ནའང་ད་ལྟའི་བསྐལ་པ་འདི་ཆགས་པའི་ཚེ་རྒྱ་མཚོའི་ནང་ནས་གསེར་གྱི་པདྨ་སྟོང་བྱུང་བར་གྱུར་པ་ལ་ལྷ་རྣམས་ཀྱིས་བརྟགས་པས་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་ཤེས་ཏེ། ཀྱེ་མ། བསྐལ་པ་འདི་ནི་བཟང་པོའོ་ཞེས་བརྗོད་པས་བསྐལ་པ་བཟང་པོ་ཞེས་གྲགས་པར་གྱུར་པ་ལྟར། བསྐལ་བཟང་གི་སངས་རྒྱས་སྟོང་ལས་རྩོད་ལྡན་གྱི་གདུལ་བྱ་འདུལ་དཀའ་བ་ལ་ཆེད་དུ་བསྔགས་པ་རྣམ་འདྲེན་བཞི་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་སྟོན་པ་ཐུབ་པའི་དབང་པོ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྱོན་པ་ནས། རྗེས་འཇུག་གདུལ་བྱ་གང་ལ་གང་འདུལ་གྱི་དུས་ཕུན་ཚོགས་པའི་སྐབས་བསྟན་འཛིན་གྱི་སྐྱེས་བུ་གྲངས་ལས་འདས་པ་འཕགས་ཡུལ་དང་རྒྱ་བོད་སོགས་ཡུལ་གྲུ་དུ་མར་ཕེབས་ནས་རྒྱལ་བསྟན་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་ཞིང་རྒྱས་པར་མཛད་པ་སྤྱི་དང་། བྱེ་བྲག་སྐབས་སུ་བབས་པའི་དུས་ནི། ༸སྐྱབས་མཆོག་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་ཉིད་འབྱོར་ལྡན་ཐའེ་ཝན་གྱི་ཡུལ་གྲུ་ཆེན་པོར་སྐུ་གཟུགས་འཕྲོད་བསྟེན་དང་བརྟག་དཔྱད་དུ་ཕེབས་སྐབས། ༸མགོན་པོ་གང་གི་ཞབས་བརྟན་དུ་དམིགས་ཏེ་གམ་བཅར་གྲྭ་ཚང་གི་འདུས་མང་ཡོངས་ནས་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་ཐོག་སྔར་ལྷག་འབད་བརྩོན་ལྷོད་མེད་ཞུ་རྒྱུའི་དམ་བཅའ་ཕུལ་བའི་བཀའ་ལན་དུ། ཁ་བཤད་དོན་ལ་གནས་ཏེ་འབྲེལ་ཡོད་གཞིས་བྱེས་གཉིས་ཀས་དེ་ལྟར་མཛད་ན། ངོས་རང་ཚེ་རིང་ནད་མེད་ཡོང་བར་ཐེ་ཚོམ་མི་དགོས་ཞེས་བཀའ་གསུང་ཐག་ཆོད་པོས་དབུགས་དབྱུང་ཁྱད་འཕགས་སྤྱི་བོར་ཕེབས་མ་ཐག་དེང་དུས་གློག་འཕྲུལ་ཕྲ་འབེབས་སོགས་ཀྱིས་སྐུ་གཟུགས་བརྟག་དཔྱད་ནན་ཞུས་བགྱིས་ཏེ་གྲུབ་འབྲས་ཡ་མཚན་བྱུང་བར། རིང་ནས་འདྲིས་པའི་རྒྱ་རིགས་སྨན་པ་གྲགས་ཅན་དེ་ཉིད་ཀྱང་ཧ་ལས་ཏེ། ཨེ་མ་འདི་ནི་ཆོས་དང་འབྲེལ་བའི་བླ་མའི་མཛད་པ་ཁྱད་འཕགས་ཤིག་ལས་གཞན་སྔན་ཆད་གསོལ་སྨན་གང་ཕུལ་རྣམས་སྙུང་གཞི་ཇེ་སྡུག་ཏུ་འགྲོ་བ་འགོག་ཐབས་ཙམ་ལས་སངས་དྲག་གི་ནུས་པ་མེད་ནའང་། ད་ཆ་མ་འོངས་ཉེན་ཅན་གྱི་སྙུང་གཞིའི་རྐྱེན་རྩ་དེ་ཉིད་གཞི་མེད་དུ་སངས་དྲག་ཏུ་གྱུར་འདུག་ཅེས་ཇི་ལྟར་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་བདག་གིར་བཞེས་པའི་གཏམ་བཟང་རྣ་བའི་བུ་གར་སོན་མ་ཐག་པའི་ཐུགས་རྗེ་དང་བཀའ་དྲིན་ནི་སྟོང་གསུམ་གསེར་གྱིས་བཀང་སྟེ་ཕུལ་ཡང་གཞལ་བར་དཀའ་ནའང་། འདིར་གུས་པས་བརྟག་དཔྱད་དེ་དག་ལེགས་པར་གྲུབ་ནས་གསེར་ཞལ་གདན་ས་འདིར་བསྒྱུར་ཏེ་བླ་སློབ་ཞལ་འཛོམས་པར་དམིགས་བསལ་བཀའ་དྲིན་དགའ་སྟོན་ཞུ་ཆེད་དང་། ཕྲན་ནས་ཀྱང་དུས་ངན་སྙིགས་མའི་མཐའ་འདིར་དམ་པའི་སྤྱོད་པ་ལ་ཁ་མིག་ཡར་ལྟ་ཙམ་བྱས་ཏེ་དཀའ་བ་དུ་མ་ཞིག་ཁྱད་དུ་བསད་ནས་ལོ་གསུམ་ཟླ་གསུམ་ལྷག་རིང་བསྙེན་སྒྲུབ་ཅིག་ལ་འབད་ཁུལ་བགྱིས་པའི་དགེ་བའི་བྱ་བ་འདིའི་སྦྱོར་དངོས་མཇུག་གསུམ་ཡོངས་སུ་གྲུབ་པའི་སྐལ་བཟང་གི་ཉིན་མོ་དང་བསྟུན། ཇི་སྐད་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ། །རློམ་སེམས་བྲལ་བའི་དགའ་བ་ཆེར་བསྐྱེད་ན། །སྔོན་བྱས་དགེ་བ་གོང་དུ་འཕེལ་ལོ་ཞེས། །རྒྱལ་བས་གསུངས་པའི་དོན་དེ་བསྒྲུབ་ཕྱིར་དང་། །དགོས་པ་གཞན་ཡང་མང་དུ་མཐོང་བས་ན། །སེམས་ཁྱོད་དགའ་བ་འདི་ལྟར་བསྐྱེད་ན་ལེགས། །ཞེས་གསུངས་པ་ལྟར། མཐའ་རྟེན་ཆོས་ཀྱི་དགའ་སྟོན་མཚོན་ཙམ་དང་ཆབས་ཅིག་དགེ་ཚོགས་དེ་དག་རང་གི་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་༸སྐྱབས་གཅིག་མཐོང་བ་དོན་ལྡན་གང་ཉིད་ཀྱི་ཞབས་བརྟན་གྱི་རྒྱུ་ཚོགས་ལ་དངོས་སུ་འབུལ་ཐུབ་པའི་སྐལ་བ་བཟང་པོ་དང་། སྤྱིར་མཉམ་མེད་ཐུབ་པའི་དབང་པོ་འཇིག་རྟེན་གྱི་མགོན་དཔུང་དམ་པར་སྐུའི་ལང་ཚོའི་པདྨོ་ཉེ་བར་བཞད་ནས་མི་ལོ་ཉིས་སྟོང་ལྔ་བརྒྱ་དྲུག་ཅུ་ལྷག་དང་། ཞྭ་སེར་བསྟན་པའི་མངའ་བདག་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་ཞིང་སར་གཞན་དོན་དུ་དགོངས་པ་གཏད་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཚོགས་བཞིན་པའི་ལོ་ཚིགས་ཁྱད་པར་ཅན། དཔལ་དང་པོའི་སངས་རྒྱས་ཀྱི་བསྡུས་པའི་རྒྱུད་བོད་ཡུལ་འདིར་དར་ནས་རབ་བྱུང་བརྩི་སྲོལ་བྱུང་བ་ལས་རབ་གནས་ས་ཕག་ལོའི་གྲོ་བཞིན་ཟླ་བའི་ཡར་ཚེས་དཀར་ཕྱོགས་རྒྱལ་བ་གསུམ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་གཟའ། ས་ཆུ་འཕྲད་པ་ལང་ཚོ་སྦྱོར་བ་ཤིན་ཏུ་སྐྱིད་པའི་དགའ་སྟོན་ལ་རོལ་བའི་གཟའ་ཚེས་འཕྲོད་སྦྱོར་ཤིན་ཏུ་ལེགས་པ། རྟེན་འབྲེལ་རྣམ་ཤེས། རྟ་ཡི་ཉི་མའི་ཉི་ཤར་འབྲུག་གི་དུས་ནས་བརྟན་བཞུགས་ཀྱི་དབུ་བཟུང་བ་སོགས་མ་བསྒྲིགས་རང་འགྲིག་གི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཉིན་ཁྱད་པར་ཅན་འདི་ནི་དམིགས་སུ་བཀར་བའི་དུས་ཕུན་སུམ་ཚོགས་པའོ། །
           དེ་ལྟར་སྦྱོར་བ་ཕུན་སུམ་ཚོགས་པ་ལྔའི་བཤད་པ་སྔོན་དུ་བཏང་སྟེ་བར་དུ་དགེ་བ་དངོས་གཞི་བཀའ་དྲིན་རྗེས་དྲན་ཞུ་བའི་ཆེད་ངོ་མཚར་ཞིང་རྨད་དུ་བྱུང་བ་གསང་བ་གསུམ་གྱི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་གནད་བསྡུས་ཤིག་ཞུ་བ་ལ། དེའང་བཤད་པ་དང་སྒྲུབ་པའི་ཁུར་ཆེན་རླབས་པོ་ཆེ་བདག་གིར་བཞེས་པའི་བསྟན་འཛིན་དམ་པའི་སྐྱེས་ཆེན་ལྷ་ལམ་ཡངས་པོའི་རྒྱུ་སྐར་གྱི་གྲངས་དང་། ནོར་འཛིན་ཁྱོན་གྱི་དབྱར་དུས་ཆུ་སྐྱེས་རྒྱས་པའི་དཔལ་ཡོན་བཞིན། བགྲངས་ལས་འདས་པ་ཞིག་བྱོན་པའི་ནང་ནས། ཉ་གང་ཟླ་གཞོན་ལྟར་གསལ་ཞིང་ཨུ་དུམ་ཝ་ར་བཞིན་མཆོག་ཏུ་བསྔགས་པ། ཆེར་སྙིགས་ལྔ་བདོའི་ལུས་ཅན་གདུལ་བྱ་ཡོངས་ལ་དུས་གསུམ་བདེ་བར་གཤེགས་པ་རྣམས་ལས་ཀྱང་བཀའ་དྲིན་ལྷག་པར་ཆེ་བ། རྒྱལ་བསྟན་གླིང་བཞིའི་ཁྱོན་ལ་མཁས་བཙུན་བཟང་པོའི་ཡོན་ཏན་དང་འཁོར་ལོ་གསུམ་གྱི་མཛད་འཕྲིན་བཟང་པོས་འདོད་དགུར་དབང་བསྒྱུར་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་༸སྐྱབས་གཅིག་མཐོང་བ་དོན་ལྡན་གང་ཉིད་ནི། གནས་ལྔ་རིག་པའི་པཎྜི་ཏ་༸རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞལ་ནས། ཁྱོད་ནི་དཔག་མེད་བསྐལ་པའི་སྔོན་རོལ་ནས། །སྟོབས་བཅུ་མངའ་བའི་རྒྱལ་ཐབས་ལ་སྤྱོད་ཅིང་། །འཁྲུལ་བྲལ་བློ་བཟང་བསྟན་པའི་ཤིང་རྟ་ཆེ། །ཕྱོགས་སུ་བསྒྱུར་པའི་བྱེད་པོར་བསམ་བཞིན་བྱོན། །ཞེས་གསུངས་པ་ལྟར། ངེས་པ་དོན་དུ་རྒྱལ་བ་ལོངས་སྤྱོད་རྫོགས་སྐུའི་ངོ་བོར་སྟོབས་བཅུ་མངའ་བའི་རྒྱལ་ཐབས་ལ་ལོངས་སུ་སྤྱོད་ཟིན་ནའང་། འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པའི་ཤིང་རྟ་ཆེན་པོ་འདྲེན་པར་བསམ་བཞིན་དུ་སྲིད་པ་བཟུང་སྟེ་གང་ལ་གང་འདུལ་གྱི་གཟུགས་སྐུའི་བཀོད་པ་ཆུ་ཟླའི་རོལ་གར་བཞིན་བསྟན་འགྲོའི་དོན་ཆེན་བསྒྲུབས་པའི་ཚུལ་ནི། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གིས། སྣ་ཚོགས་རོལ་པ་ཅིར་ཡང་འཆར་བའི་ཚུལ། །བློ་ཆེན་སེམས་དཔས་གཞལ་ཀྱང་ཕ་མཐའ་བྲལ། །ཞེས་གསུངས་པ་ལྟར་ལགས་ལ། 
            དེ་ལྟ་ན་ཡང་ཐུན་མོང་སྣང་ཚོད་དང་བསྟུན་པ་ཡོངས་གྲགས་ཀྱི་དབང་དུ་བྱས་ན། ཐུན་མོང་བའི་འཁྲུངས་རབས་རྣམ་ཐར་དཔག་བསམ་ཡོངས་འདུས་ལྗོན་པ་ནས་འབྱུང་བ་སྐུ་ཡི་ཕྲེང་བ་སོ་བདུན་དང་། གསང་བའི་རྣམ་ཐར་རྟ་ལྗང་དབང་པོ་ལས་འབྱུང་བ་ཐུན་མོང་མ་ཡིན་པའི་འཁྲུངས་རབས་བདུན། རྗེ་རྒྱལ་བ་གཉིས་པའི་དངོས་སློབ་༸རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་ནས་བགྲངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐུ་ཡི་ཕྲེང་བ་བཅུ་གཅིག་བཅས་སྐུ་ཕྲེང་ང་ལྔ་བྱོན་པ་རྣམས་ལས་ཆེ་ལོང་ཙམ་བརྗོད་ན། དང་པོ་འཕགས་པའི་ཡུལ་དུ་བསྐལ་བཟང་གི་རྣམ་འདྲེན་བཞི་པ་མཉམ་མེད་ཟས་གཙང་གི་སྲས་པོ་ཐུབ་པའི་དབང་པོའི་སྤྱན་སྔར། ངའི་ཉན་ཐོས་རྣམས་ཀྱི་ནང་ནས་འདུལ་བ་འཛིན་པ་དང་འགྲོ་བ་འདུལ་བའི་མཆོག་ནི་འདི་ལྟ་སྟེ། ཉེ་བར་འཁོར་ཡིན་ནོ་ཞེས་རྒྱལ་བ་རང་ཉིད་ཀྱིས་བསྔགས་པ་མཛད་པའི་འདུལ་འཛིན་ཆེན་པོ་དགྲ་བཅོམ་པ་ཉེ་བར་འཁོར་དང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་སམ་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཆེན་པོ་བཅུ་བདུན་གྱི་ནང་ཚན་འདུལ་བ་འབུམ་སྡེའི་མངའ་བདག་སློབ་དཔོན་ཡོན་ཏན་འོད། དཔལ་འཁོར་ལོ་སྡོམ་པ་དང་དགྱེས་པ་རྡོ་རྗེ་སོགས་ཀྱིས་ཞལ་མངོན་སུམ་དུ་གཟིགས་ཤིང་རྗེས་སུ་བཟུང་ནས་ཚེ་གཅིག་ཉིད་ལ་ཟུང་འཇུག་བདེ་ཆེན་རྡོ་རྗེའི་གོ་འཕང་དུ་གཤེགས་པ་གྲུབ་ཆེན་དྲིལ་བུ་པ། ནག་པོ་དམ་ཚིག་རྡོ་རྗེ་སོགས་རྣལ་འབྱོར་གྲུབ་པའི་དབང་ཕྱུག་རྣམས་དང་། རིགས་རུས་དང་སྡེ་བཞིའི་དཔལ་གྱིས་མཛེས་པ་ས་སྐྱོང་ཟླ་བའི་དབང་པོ་དང་། རྒྱལ་པོ་ཟླ་བ་མཛེས་པ། ཤམྦྷ་ལའི་ཡུལ་དུ་རྒྱལ་བུ་རྡོ་རྗེ་གཙུག་ཕུད་སོགས་རྒྱལ་པོའི་ཚུལ་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སོགས་ཡི་དམ་གྱི་ལྷས་ཡང་ཡང་ཞལ་གཟིགས་ཤིང་རྗེས་སུ་བཟུང་བ་མདོ་སྔགས་ཀྱི་ཆོས་ལ་མཁས་ཤིང་ཚུལ་བཞིན་འདོམས་པ་རབ་ཞི་བཤེས་གཉེན་དུ་གྲགས་པའམ་སློབ་དཔོན་འཇིགས་མེད་གྲགས་པ་དང་། ཤེར་ཕྱིན་འབུམ་པ་ཐུགས་ལ་མངའ་བའི་མཁས་པའི་དབང་པོ་ཡེ་ཤེས་བཤེས་གཉེན་སོགས་རབ་འབྱམས་གསུང་རབ་སྨྲ་བའི་ཁྱུ་མཆོག་སློབ་དཔོན་དང་བཤེས་གཉེན་སོགས་ཀྱི་ཚུལ་བཟུང་སྟེ་རྒྱ་གར་འཕགས་པའི་ཡུལ་སོགས་སུ་གདུལ་བྱའི་རྨོངས་མུན་བསལ་ཏེ་ཆོས་ཀྱི་སྣང་བའི་དགའ་སྟོན་ལ་འགོད་པར་མཛད།
            བྱེ་བྲག་བསིལ་ལྡན་སཱ་ལའི་སྨན་ལྗོངས་བོད་འབངས་སྤྱི་ལ་ཆོས་སྲིད་ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་ཏེ་བཀའ་དྲིན་ཆེ་བའི་ཚུལ་ནི། བཀའ་གདམས་བསྟན་པའི་སྲོལ་འབྱེད་ལྷ་གཅིག་དི་བཾ་ཀཱ་རའམ་དཔལ་མར་མེ་མཛད་གངས་ཅན་བསྟན་འགྲོའི་ཕན་བདེའི་གསོས་སུ་དཀའ་བ་དུ་མས་འཕགས་ཡུལ་ནས་གདན་འདྲེན་པར་མཛད་པ། རིང་ནས་ལས་དང་སྨོན་ལམ་གྱི་མཐུ་གྲུབ་ཅིང་ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་པ་ནག་ཚོ་ལོ་ཆེན་ཚུལ་ཁྲིམས་རྒྱལ་བ་དང་། རིགས་རུས་དང་མངའ་ཐང་གི་དཔལ་མཐོ་ཞིང་བོད་ཀྱི་ཆོས་སྲིད་ལུགས་གཉིས་ལ་མཚུངས་ཟླ་མ་མཆིས་པའི་སྐུ་དྲིན་ཅན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་ལྡེ་གཙུག་བརྟན་རྣམ་གཉིས་ཀྱི་མདུན་ན་འདོན་སོ་སྲུངས་ལྡོང་བཙན་དང་། གསལ་སྣང་ཁྲི་གཞིར་ཟུང་གི་སྐྱེ་བ་བཞེས་ཏེ་རླབས་ཆེན་མཛད་པ་མཆོག་གིས་གངས་ལྗོངས་འགྲོ་རྣམས་ཕན་བདེའི་དཔལ་གྱིས་བསྐྱངས།
            ཁྱད་པར་དུ་མདོ་རོང་གི་གདུལ་བྱ་རྒྱ་མཚོའི་བསོད་ནམས་ཀྱི་བགོ་སྐལ་དང་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དུ་བབས་པ། གསུམ་ལྡན་ངུར་སྨྲིག་འཛིན་པའི་རྣམ་རོལ་མཁས་ཤིང་གྲུབ་པའི་དབང་ཕྱུག ༸རོང་ཆེན་ཆོས་ཀྱི་རྒྱལ་པོ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་སྐུའི་ཕྲེང་བ་བཞེས་ཏེ་འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་གསལ་བར་བྱེད་པ་དང་། ལྔ་བདོའི་གདུལ་དཀའི་འགྲོ་རྣམས་སྨིིན་གྲོལ་གྱི་ལམ་ལ་འགོད་པའི་བསྟན་འགྲོའི་དོན་ཆེན་མཛད་པའི་ཚུལ་ནི། ཇི་སྐད་དུ། ལྷོ་བྲག་མཁན་ཆེན་ཕྱག་ན་རྡོ་རྗེའི་ཞལ་ནས། ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ། །རོང་ཆེན་ལྗགས་ནག་མཁས་དབང་ཁྱོད། །ཅེས་དང་། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས། ཁྱད་པར་འཇམ་མགོན་སྙན་བརྒྱུད་འོད་དཀར་ཅན། །འདྲེན་མཁས་དགེ་འདུན་རྒྱལ་མཚན་ལྗོངས་འདིར་མཛེས། །ཞེས་སོགས་སྐྱེས་བུ་དམ་པ་རྣམས་ཀྱི་ཞལ་གསུང་བཀའ་ལུང་ཟབ་མོས་ཡང་ཡང་བསྔགས་པ་ལྟར་དོན་ལ་གནས་པ་སྐུ་ཕྲེང་དང་པོ་རྗེ་ཐམས་ཅད་མཁྱེན་པའི་དངོས་སློབ། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན། མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ། རོང་པོ་མཁས་གྲུབ་ཆེན་པོོ་རྗེ་དགེ་འདུན་རྒྱལ་མཚན་གྱིས་༸འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་གསེར་སྦྱངས་བཙོ་མ་ལྟ་བུའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་མཐའ་འཁོབ་མུན་པའི་ལྗོངས་སུ་སྤེལ་ནས་བསྟན་འགྲོའི་དོན་ཆེན་མཛད་པའི་ཐུགས་བསྐྱེད་དུས་སུ་སྨིན་པ་ན། ཡབ་རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་ནས། བུ་ཁྱོད་འདི་ནས་ཤར་ཕྱོགས་རོང་། །རྒྱ་བོད་ས་མཚམས་བྱིན་ཅན་འཚོལ་དུ་སོང་། །ཞེས་སོགས་ཀྱི་བཀའ་ལུང་ཟབ་མོས་བསྐུལ་བ་ལྟར་མདོ་རོང་གི་ཕྱོགས་སུ་ཕེབས་ནས་ཀིརྟི་ཚང་གི་དགོན་སྡེ་ཐམས་ཅད་ཀྱི་ཐོག་མ་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་འགྲུབ་གླིང་ཕྱག་བཏབ་སྟེ་དགེ་ལྡན་བསྟན་པའི་སྒྲོན་མེ་ཐོག་མར་སྦར།
            ལྷ་དམག་བྱེ་བ་དུང་ཕྱུར་དངོས་སུ་བཀྱེས་ཏེ་ནག་ཕྱོགས་ཐལ་བར་བརླག་ནས་བླ་མ་ཧེ་རུ་ཀ་ཞེས་པའི་མཚན་སྙན་གྱི་གྲགས་པ་འབར་ཞིང་། རྒྱ་ནག་གོང་མ་ཏཱ་མིང་གོང་མ་རྒྱལ་པོས་ཀྱང་བླ་མ་གྲུབ་ཐོབ་སངས་རྒྱས་རིན་པོ་ཆེ་ཞེས་པའི་ཐམ་ག་དང་དབང་ལུང་ཕུལ་བའི་མཁས་གྲུབ་ཆེན་པོ་གྲུབ་དབང་བསྟན་པ་རིན་ཆེན།
           ༸གོང་ས་ལྔ་པ་ཆེན་པོས་གནང་བའི་རོང་པོ་ཆོས་རྗེ་ཞེས་པའི་མཚན་སྙན་དང་གོང་མ་ཏཱ་མིང་རྒྱལ་པོས་ཕུལ་བའི་བླ་མ་ཐུགས་རྗེ་ཆེན་པོ་འགྲན་མེད་སེངྒེ་ཞེས་པའི་གོ་མིང་བདག་གིར་མཛད་དེ་གནས་ཞལ་དུ་མ་ཕྱེས་ཤིང་སྣང་སྲིད་ཟིལ་གྱིས་མནན་ནས་མདོ་སྨད་ཀྱི་ལྗོངས་སུ་པད་འབྱུང་གཉིས་པར་གྲགས་པའི་རིག་འཛིན་ཆེན་པོ་འགྲོ་མགོན་བསྟན་པ་རབ་རྒྱས།
             སྔོན་གནས་རྗེས་སུ་དྲན་པའི་རྟོགས་པ་ཀློང་ནས་བརྡོལ་ཞིང་སྐུ་ལ་གནམ་ལྕགས་མཚོན་གྱིས་མི་ཚུགས་པ་སོགས་སྣང་སྲིད་སྣོད་བཅུད་ཐམས་ཅད་ལ་མཐུ་སྟོབས་ཀྱིས་དབང་བསྒྱུར་པས་ཀིརྟི་ཐོགས་མེད་ཚང་ཞེས་པའི་སྙན་པའི་གྲགས་པས་ཡོངས་སུ་མཛེས་པ་ཐོགས་མེད་བློ་བཟང་འཇམ་དབྱངས།
            གཞུང་བསྟེན་དགྲ་ལྷ་ཆེན་པོ་རྣམས་ཀྱིས་ལས་བཞིའི་གྲོགས་དན་བགྱིད་པའི་དམ་བཅའ་ཕུལ་བས་མཚོན་གཞུང་ས་དགའ་ལྡན་ཕོ་བྲང་གིས་གཙོས་མདོ་དབུས་ཁམས་གསུམ་གྱི་བླ་དཔོན་ཆེ་དགུ་དུ་མས་གཙུག་ཏུ་བཀུར་ཞིང་། གདན་ས་ཆེན་མོ་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད་པ་པོ་ལུང་དང་རྟོགས་པའི་མཛོད་འཛིན་གྲུབ་དབང་བློ་བཟང་བསྟན་པའི་རྒྱལ་མཚན།
            མཁས་གྲུབ་ཆེན་པོོ་གཡེར་ཤོང་སྤྲུལ་བའི་སྐུ་རིན་པོ་ཆེ་སོགས་རིགས་ཀྱི་ཅོད་པན་དུ་བསྟེན་ནས་མཁས་རྒུའི་གཙུག་རྒྱན་དུ་གྱུར་ཏེ། སྐུ་ཚེ་ཧྲིལ་པོར་འདུས་སྡེ་ཆེན་མོའི་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་ཐད་རྟིང་སྐུལ་དང་གཟིགས་རྟོག་ཆེན་པོས་བསྟན་འགྲོའི་བྱ་བ་རླབས་ཆེན་མཛད་ཅིང་མངོན་མཁྱེན་ལ་ཐོགས་པ་མེད་པའི་སེམས་དཔའ་ཆེན་པོ་རྗེ་དགེ་འདུན་ཆོས་ཀྱི་དབང་ཕྱུག
༸ཀུན་གཟིགས་པཎ་ཆེན་བློ་བཟང་བསྟན་པའི་ཉི་མ་མཆོག་གིས་ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་གྱི་བདག་པོར་གཟེངས་བསྟོད་བཀའ་ལུང་བསྩལ་ཏེ། ཆེ་དགུ་དུ་མས་བཀུར་ཞིང་གདན་ས་སྟག་ཚང་དཔལ་གྱི་ལྷ་མོར་གཞུང་ཆེན་རིགས་ལམ་གྱི་འཆད་ཉན་གསར་འཛུགས་དང་། ཧོར་གཙང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང་ཕྱག་འདེབས་མཛད་པ་སོགས་སྐུ་ཚེ་ཧྲིལ་པོར་སྡོམ་གསུམ་དག་པ་ཉམས་ལེན་གྱི་མཐིལ་དུ་བཟུང་བའི་པཎ་གྲུབ་ཆེན་པོ་སྐྱབས་མཆོག་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ།
            མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་རབ་ཀྱི་རྩལ་རྫོགས་ཤིང་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་སྒོ་ནས་བསྟན་འགྲོའི་མཛད་པ་རླབས་ཆེན་བདག་གིར་བཞེས་ཤིང་། མཁས་གྲུབ་བྱེ་བའི་འབྱུང་གནས་གདན་ས་ཆེན་པོ་དཔལ་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་ཕྱག་འདེབས་མཛད་པས་མཚོན། དགོན་མ་ལག་དང་རུ་ལྷ་སྡེ་སོགས་མདོ་སྨད་ཕྱོགས་ཀྱི་ལྷ་མི་ཆེ་དགུ་ཕལ་ཆེ་བར་བཀའ་ལུང་གིས་དབང་བསྒྱུར་པའི་ཀིརྟི་མཁས་ཆེན་ཚང་ཞེས་པའི་མཚན་སྙན་གླིང་བཞིར་ཁྱབ་པ་༸སྐྱབས་མགོན་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ།
            མདོ་སྨད་ལྗོངས་ཀྱི་མཁས་པ་ཡོངས་ཀྱི་གཙུག་རྒྱན་དུ་བསྔགས་པ་༸རྗེ་ཞྭ་དམར་པཎྜིཏ་དང་ལྕང་ལུང་ཁྲི་རྒན་སོགས་ཕྱི་ནང་གི་ཡོངས་འཛིན་དུ་མ་བསྟེན་ནས་ཐོས་བསམ་སྒོམ་པར་རྩེ་གཅིག་ཏུ་གཞོལ་ཞིང་སྐྱོང་ཡུལ་འདུས་སྡེ་རྣམས་ལ་འཕྲལ་ཀུན་དགེ་བའི་ལམ་སྟོན་ཕྲ་ཞིབ་གནང་བ་སོགས་བསམ་བཞིན་སྐུ་གཞོན་ནུའི་མཐའ་ཅན་གྱི་སྲིད་པ་བཟུང་བ་རྒྱལ་བསྟན་གསལ་བའི་སྒྲོན་མེ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ།
              སྐྱེ་བའི་ཕྲེང་བ་དུ་མར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྡོམ་གསུམ་གྱི་ཉམས་ལེན་ལ་གཅིག་ཏུ་གོམས་པའི་འབྲས་རྟགས་རང་ཆས་སུ་མངའ་ཞིང་མ་འོངས་སྔོན་གཟིགས་ཀྱི་དབུགས་དབྱུང་ལུང་བསྟན་གསལ་བར་མཛད་པ་སོགས་ཀྱི་བཀའ་དྲིན་ཅན། འདུལ་བ་འཛིན་པ་ཡོངས་ཀྱི་གཙུག་ཏུ་བསྔགས་པ་མཆོག་སྤྲུལ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་རྣམས་དང་།
             ཁྱད་པར་དུ་རང་ཅག་རྣམས་ལ་དུས་གསུམ་རྒྱལ་བ་ཐམས་ཅད་ལས་ཀྱང་ལྷག་པའི་བཀའ་དྲིན་འཁོར་མཐའ་མ་མཆིས་པ། ༸སྐྱབས་མགོན་བཅུ་གཅིག་པ་ཆེན་པོ་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་དངོས་སུ་སྨོས་ན། ཇི་སྐད་དུ། ལེགས་སོ་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ཅན། །སངས་རྒྱས་བྱང་ཆུབ་སྨོན་ལམ་ཡང་དག་གནས། །སེམས་ཅན་ཀུན་གྱི་མགོན་དང་གནས་གྱུར་པའི། །རྒྱལ་བ་དམ་པ་བསམ་གྱིས་མི་ཁྱབ་འགྱུར། །ཞེས་བསྟན་པའི་བདག་པོ་རྣམ་འདྲེན་བཞི་པ་རྒྱལ་བ་རང་གིས་དངོས་སུ་ལུང་གིས་ཟིན་པ་༸རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། དངུལ་དཀར་གྱི་རྟ་བཟང་གསེར་སྒ་ཅན། །འཚེར་སྐད་ལ་བཀྲ་ཤིས་དུང་དཀར་བཞད། །ཅེས་ཇི་ལྟར་ལུང་བསྟན་པ་བཞིན་རབ་རྒྱལ་ཆུ་རྟ་ལོར་ཤར་སྟག་མོའི་སྒང་དུ། ཡབ་ཨ་ཚེ་དང་ཡུམ་ཨུ་རྒྱན་མཚོ་གཉིས་ཀྱི་སྲས་སུ་དགེ་མཚན་གྱི་ལྟས་སྣ་ཚོགས་དང་བཅས་སྐུ་བལྟམས། 

            དགུང་གྲངས་ལྔ་བཞེས་པ་ན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་ལྔ་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་དང་༸རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་པོ་རྣམ་གཉིས་ནས་ཡེ་ཤེས་དབྱིངས་དཔྱད་ཀྱི་ལུང་བརྟགས་སྔ་ཕྱི་དགོངས་པ་རྩེ་མཐུན་གྱིས་སྐུ་གོང་མ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་མཆོག་གི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་དང་། རྣམ་གཉིས་ཀྱི་མཚན་ཟུར་ལས་དྲངས་ཏེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་ཞེས་པའི་མཚན་གྱི་སྒྲ་དབྱངས་ཡོངས་སུ་བསྒྲགས་པར་མཛད་དེ། མ་དང་མཁའ་འགྲོ་འདུ་བའི་གནས་མཆོག་ལུང་རྟོགས་བསྟན་པའི་འབྱུང་གནས་གདན་ས་ཆེན་མོ་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་བླ་བྲང་ཁམས་གསུམ་ཟིལ་གནོན་གྱི་གཟིམ་ཆུང་བཀའ་གདམས་ཕོ་བྲང་གི་གྲུབ་དབང་གོང་མ་རྣམས་ཀྱི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཐོག་མའི་ཁྲི་འདོན་མངའ་གསོལ་གྱི་རྟེན་འབྱུང་ཟབ་མོས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལུགས་ཟུང་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། རིམ་བཞིན་གདན་ས་ཆེན་མོ་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་གིས་གཙོས་འབྲེལ་ཡོད་དགོན་མ་ལག་སོ་སོར་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་སོགས་རྟེན་འབྲེལ་གྱི་རིམ་པ་ལེགས་པར་སྤེལ་ནས་ལྔ་རིག་སྨྲ་བའི་དབང་པོ་རྗེ་བཙུན་དཀོན་མཆོག་ཤེས་རབ་དཔལ་བཟང་པོ་སྐུའི་གམ་བཅར་གྱི་ཡོངས་འཛིན་དུ་བསྟེན་ནས་ཕྱག་བྲིས་འབྲི་ཀློག་ནས་བཟུང་ཤེས་བྱ་རིག་པའི་གནས་ལ་སྦྱང་བརྩོན་དབུ་འཛུགས་མཛད། 

               དགུང་ལོ་བདུན་བཞེས་པ་ན་མདོ་སྔགས་རབ་འབྱམས་སྨྲ་བ་ཡོངས་འཛིན་རྡོ་རྗེ་འཆང་རྒྱལ་ཚབ་མགོན་པོ་ཀླུ་སྒྲུབ་སྤྲུལ་པའི་སྐུ་ཐར་འདོད་འགྱུར་མེད་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཏེ་ཁྱབ་བདག་རྒྱལ་བ་གཉིས་པ་ཡོངས་འཛིན་རྡོ་རྗེ་འཆང་གང་གི་སྐུ་དྲུང་ནས་དབང་ལུང་རྗེས་གནང་སོགས་མན་ངག་གི་རྒྱུན་གང་བཞུགས་གསན་བཞེས་ཀྱིས་ཐུགས་ཀྱི་བུམ་བཟང་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཡོངས་སུ་གཏམས་པར་མཛད།
              དགུང་གྲངས་བཅུ་གསུམ་ལ་ཕེབས་པ་ན་ལུང་རིགས་སྨྲ་བའི་ཁྱུ་མཆོག་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་བདུན་མཚན་ཞབས་སུ་ཆེད་བསྐོས་ཀྱིས་བསྡུས་གྲྭ་རྣམ་འགྲེལ་ནས་བཟུང་གཞུང་ཆེན་རྣམས་ལ་རྩོད་རིགས་ཀྱི་ལམ་ནས་གསན་སྦྱོང་གི་དབུ་འཛུགས་བསྐྱངས།
དགུང་ལོ་བཅུ་བཞིར་སོན་པ་ནས་མདོ་སྨད་ལྷོ་རྒྱུད་ཀྱི་བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་གདན་ས་ཆེན་པོ་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་ཆིབས་བསྒྱུར་ཐེངས་གཉིས་བསྐྱངས་ཏེ་སྡེ་འདིར་བཞུགས་རིང་། རྨད་བྱུང་ཐོས་བསམ་གླིང་པས་གཙོས་གྲྭ་ཚང་ཁག་དང་འཛིན་གྲྭ་སོ་སོ་ནས་གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་ཁག་དང་གསང་བདེ་འཇིགས་གསུམ་སོགས་རྒྱུད་གཞུང་རྣམས་ཀྱི་བློ་རྒྱུགས་དང་། དམ་བཅའ། དེ་བཞིན་རྩོད་རྒྱུགས་ཕུལ་བ་སོགས་ལ་གཟིགས་ཞིབ་དང་གཟེངས་བསྟོད་གནང་བར་མ་ཟད། ༸མགོན་པོ་གང་ཉིད་ཀྱིས་དགེ་འདུན་འདུས་པ་རྒྱ་མཚོས་དབུས་སེར་སྐྱ་ཁྲི་ཕྲག་བརྒལ་བར་ཚེ་དབང་དང་། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་མཆོག་ལེགས་པར་བསྩལ་ཏེ་དེར་འདུས་གདུལ་བྱ་ཡོངས་རྫོགས་ཆོས་ཀྱི་དགའ་སྟོན་གྱིས་ཚིམས་ཤིང་དད་གུས་ཀྱི་སྣང་བ་ཡོངས་སུ་རྒྱས་པར་མཛད་པས་མཚོན་རླབས་ཆེན་གྱི་མཛད་པ་མཐའ་ཡས་པའི་སྙན་པ་ཕྱོགས་མེད་དུ་ཁྱབ།
              དགུང་ལོ་བཅུ་དྲུག་བཞེས་པ་ན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ནས་དབུས་འགྱུར་ཆོས་ཀྱི་ཞིང་སར་མྱུར་བར་འབྱོན་དགོས་པའི་བཀའ་ཡིས་སྐུལ་མ་མཛད་པ་ལ་བརྟེན་ལྷ་ལྡན་དུ་ཕེབས་པ་ན། ༸གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་གང་གིས་དུས་ནས་དུས་སུ་དམིགས་བསལ་བརྩེ་གཟིགས་ཚད་མེད་དང་། གཟིམ་ཆུང་མཇལ་བཅར་སྐབས་གྲུབ་རྒྱལ་ཚེ་དབང་ལྷ་གཅིག་བུམ་གཅིག་དང་། རྗེའི་ལམ་གཙོ་རྣམ་གསུམ། ༸གོང་ས་མཆོག་གང་ཉིད་ཀྱིས་བཀའ་རྩོམ་གནང་བ་༸མགོན་པོ་མཆོག་གི་ཞབས་བརྟན་གསོལ་འདེབས་བཅས་ཀྱི་ལྗགས་ལུང་བསྩལ།
               གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་དུ་ཆོས་ཞུགས་མཛད་ཆེན་སྐབས། རྟེན་འབྱུང་ཆོས་ཞུགས་ཀྱི་གཏོང་སྒོ་ཆེན་མོ་སྤེལ་ཕྱོགས་ཀྱི་གནང་སྒོ་མཐའ་དག་ལ་སྐུའི་མགྲོན་གཉེར་ཆེན་མོ་ཆེད་མངགས་ཀྱིས་རྟོག་ཞིབ་བློ་འདོན་གནང་དུ་བཅུག་པ་དང། མདོ་སྔགས་རབ་འབྱམས་སྨྲ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་མཆོག་ཡོངས་འཛིན་དུ་ཐད་བསྐོས་གནང་བ་སོགས་ཀྱིས་མཚོན་སྔ་ཕྱིར་གཟིགས་པ་ཆེན་པོའི་བཀའ་དྲིན་གཞན་དྲིང་མི་འཇོག་པ་གནང་།
               ༸རྒྱལ་བའི་ཡོངས་འཛིན་རྣམ་པ་གཉིས་ནས་ཀྱང་བསྟན་པའི་བདག་པོ་རང་ཉིད་ཀྱིས་ལུང་གིས་ཟིན་པའི་ཐུན་མོང་མིན་པའི་རྣམ་ཐར་གྱི་བྱུང་རིམ་སོགས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་སྙན་པ་ཕྱོགས་ཀུན་ཏུ་སྤྲོས་པ་སོགས་སྔ་ཕྱིར་གཟིགས་པ་ཆེན་པོས་ནང་མའི་བཀའ་སློབ་སོགས་བླ་ན་མེད་པའི་སྐུ་དྲིན་གྱིས་བསྐྱངས།
གཞུང་ས་ཆེན་མོ་དགའ་ལྡན་ཕོ་བྲང་ནས་ཀྱང་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་ཕུལ་བ་སོགས་བཀུར་བཟོ་རྒྱ་ཆེར་ཞུས། ༸མགོན་པོ་མཆོག་གིས་ཀྱང་ཆོས་ཞུགས་གཏོང་སྒོའི་སྐབས་སོགས་སུ་དགེ་འདུན་འདུས་པ་རྒྱ་མཚོར་འགྱེད་དང་མང་ཇས་བསྙེན་བཀུར་ཟབ་ཅིང་རྒྱ་ཆེ་བ་ཞུས་པའི་སྙན་པ་བོད་ས་སྟོད་སྨད་ཀུན་ཏུ་ཁྱབ་པར་མཛད།
                 གདན་ས་ཆེན་མོར་མདོ་རྒྱུད་གཞུང་བརྒྱའི་གནད་ལ་རྒྱ་ཆེན་ཐོས་པས་སྒྲོ་འདོགས་གཅོད་བཞིན་༸གོང་ས་༸རྒྱལ་བའི་དབང་པོ་མཆོག་གི་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་སྐབས་ཀྱི་མཛད་ཆེན་དངོས་གཞིའི་ཉིན་སྐུ་མདུན་དུ་རྩོད་པའི་བགྲོ་གླེང་ཕུལ་བ་སོགས་རིགས་སྨྲའི་སྡེ་ཆེན་པོ་དང་ལྷན་བརྒལ་བརྟག་རྩོད་ལན་གྱིས་མཚོན་གཞུང་ཆེན་སློབ་གཉེར་བཅས་མཁས་གྲུབ་གོང་མ་དག་གི་རྣམ་པར་ཐར་བ་བདག་གིར་བཞེས་པའི་སྐབས་དུས་ཀྱི་འཕོ་འགྱུར་བྱུང་བར་བོད་ཆོས་ལྡན་ཞིང་གི་བསྟན་འགྲོའི་དོན་སྤྱི་དང་། ཡང་སྒོས་གུས་འབངས་གདུལ་བྱ་ཡོངས་ཀྱི་ལུགས་གཉིས་ཀྱི་བདེ་རྩ་ཁོ་ནར་དགོངས་ཏེ་བདག་ཉིད་ཆེན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དང་གྲུབ་པའི་རྟགས་མཚན་གྱི་ནུས་མཐུ་ཁོ་ན་ལ་བརྟེན་ནས་སྐུ་འཁོར་དང་བཅས་པ་༸གོང་ས་༸རྒྱལ་བའི་དབང་པོ་མཆོག་གི་ཞབས་རྗེས་སུ་འབྲངས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་བདེ་བར་བཀོད།
                 རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་དང་མཉམ་མེད་ཐུབ་དབང་ཆེན་པོས་གཞི་གསུམ་ལས་དབྱར་ཉེར་ལྔར་བཞུགས་གནང་མཛད་པའི་གནས་ཆེན་པོ་མཉན་ཡོད་འཛེ་ཏའི་ཚལ་གྱི་ཀུན་དགའ་ར་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཕགས་ཡུལ་དུ་ཐོག་མའི་མཇལ་སྐབས། ཞལ་སྔ་ནས་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་དམ་ཆོས་འདུལ་བ་རྒྱ་མཚོ་སོགས་ཀྱི་ལྗགས་ལུང་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོས་དེ་གའི་དྲི་གཙང་ཁང་ཞིག་ནས་ལྗགས་ལུང་སྨིན་སྩོལ་དང་ཞལ་བརྡ་གནད་སྨིན་གནང་བ་སོགས། མདོར་ན་༸སྐྱབས་མགོན་ཡབ་སྲས་གཉིས་ནི་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་ནས་ཐུགས་བསྐྱེད་ཀྱི་སྨོན་ལམ་ལྷན་ཅིག་ཏུ་ཐེབས་པའི་མཐུ་ལས། སྐུ་ཚེ་འདིར་ཡང་སྙིགས་ལྔའི་རང་མཚང་བདོ་ཞིང་བསྟན་ལ་གནོད་པའི་འགལ་རྐྱེན་གྱི་རླུང་དམར་ཆེས་ཆེར་འཚུབ་པའི་སྐབས་སྟོན་མཆོག་ཐུབ་པའི་དབང་པོ་གང་ཉིད་ཀྱིས་མུ་སྟེགས་སྟོན་པ་རྣམས་ཚར་བཅད་ཅིང་ཆོ་འཕྲུལ་མང་དུ་བསྟན་པའི་གནས་ཁྱད་པར་ཅན་དེར་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་གིས་མཇལ་ཏེ་བསྟན་པའི་མེ་རོ་སླར་གསོ་བའི་ཐུགས་བསྐྱེད་ཀྱི་སྨོན་ལམ་ལྷན་གཅིག་ཏུ་གནང་བར་ཕེབས་པ་གདོན་མི་ཟ་ལ།
དགུང་ལོ་ཉེར་གཅིག་བཞེས་པ་ན་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྤྱན་སྔ་ནས་ཚིགས་ཕྱི་མ་བསྙེན་པར་རྫོགས་པར་མཛད་ནས་ཐུགས་རྒྱུད་ཚུལ་ཁྲིམས་ཀྱི་ཕུང་པོས་ཡོངས་སུ་གཏམས་པར་མཛད་ཅིང་བསྟན་པ་དང་འགྲོ་བའི་དོན་བསྒྲུབ་པར་བྱ་བའི་མཐུན་རྐྱེན་དུ་རང་ཉིད་ཀུན་ཤེས་པར་བྱ་བའི་ཕྱིར། སྦག་ས་དང་ཌལ་ཧོོར་ཆོས་སྒར་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒྱལ་མཚན་རྣམ་གཉིས་དང་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ། ཡོངས་འཛིན་པཎྜིཏ་རྗེ་དཀོན་མཆོག་ཤེས་རབ་དཔལ་བཟང་པོ་བཅས་ཀྱི་ཞལ་སྔ་ནས་གཞུང་ལུགས་རབ་འབྱམས་ལ་གསན་བསམ་གྱིས་རིགས་པ་སྨྲ་བའི་ངུར་སྨྲིག་གི་སྡེ་ཆེན་པོའི་དབུས་སུ་རྩོད་སྒྲུབ་རིགས་ལམ་གྱི་རྣམ་གཞག་ལས་བརྩམ་སྟེ་གཞུང་ཆེན་མོར་སྦྱངས་པ་གནད་སྨིན་དང་དགེ་རྒན་འོས་སྦྱོང་སོགས་ཀྱི་ལམ་ནས་རིག་པའི་གནས་ཀུན་ལ་སྦྱང་འབྲས་རྩེར་སོན་བཞེས།
              དགུང་ལོ་ཉེར་བདུན་ལ་ཕེབས་པ་ན་རྡོར་གདན་བོད་དགོན་མཁན་ཟུར་ལ་དྭགས་བླ་མ་ངག་དབང་བསམ་གཏན་ལགས་ནས་རྡོར་གླིང་སུ་ཁེའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་གི་ཕྱི་ནང་སྣོད་བཅུད་དང་བཅས་པ་ཡོངས་རྫོགས་དད་འབུལ་ཞུས་པ་གཙང་བཞེས་གནང་ཞིང་། མཉམ་མེད་སྟོན་མཆོག་ཐུབ་པ་ཆེན་པོས་བཀའ་དང་པོ་བདེན་པ་བཞི་ལས་བརྩམ་པའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་གནས་ཁྱད་པར་དུ་འཕགས་པ་ཡུལ་ཝཱ་ར་ཎ་སིར་ཤེས་བྱ་རིག་པའི་གནས་སྤྱི་དང་ལྷག་པར་ནང་དོན་རིག་པ་གཞུང་ཆེན་བཀའ་པོད་ལྔ་དང་། ལེགས་པར་སྦྱར་བ་སཾསྐྲིཏའི་སྐད་སོགས་ཕྱི་ནང་གི་གཞུང་ལུགས་རྒྱ་ཆེན་པོ་ལ་ལོ་མང་རིང་ལེགས་པར་སྦྱངས་ཏེ་ཐུགས་བརྩོན་ལྷོད་མེད་ཀྱིས་རྒྱུན་དུ་རྒྱུགས་འབྲས་ཁྱད་འཕགས་ཀྱི་སྒོ་ནས་ཤསྟྲི་ཞེས་བསྟན་བཅོས་དང་། ཨཙརྱའམ་སློབ་དཔོན་གྱི་མཚན་གནས་བཞེས་པ་སོགས་མཁས་པའི་ཕ་རོལ་ཏུ་སོན་པར་མཛད།
              དེ་ལྟར་གསན་བསམ་ཡོངས་སུ་གྲུབ་པར་མཛད་ནས་གཙུག་ལག་རབ་འབྱམས་ཀྱི་བང་མཛོད་ཆེན་པོ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་པའི་མཛད་འགན་བཞེས་རིང་། རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་ས་ཁུལ་སོགས་སུ་ཆེད་ཕེབས་ཀྱིས་ཆོལ་གསུམ་གྱི་གལ་ཆེའི་མི་སྣ་དང་མཁས་དབང་། རྒན་རབས་པ་བཅས་ལ་བཅར་འདྲི་བརྒྱུད་ངག་རྒྱུན་ལོ་རྒྱུས་དང་བོད་ཀྱི་སྲོལ་རྒྱུན་ལག་ཤེས་སྐོར་དང་གླུ་གར་བཅས་སྒྲ་ཕབ་དང། དེ་བཞིན་ཕྱག་དཔེ་དང་རི་མོ་སོགས་ལོ་རྒྱུས་ཀྱི་རྒྱུ་ཆ་རིག་དངོས་ཤིན་ཏུ་མང་པོ་ཞིག་འཚོལ་བསྡུ་མཛད་དེ་སྐབས་དེར་ལོ་རྒྱུས་ཕྱག་དེབ་གྲགས་ཅན་དགེ་འདུན་ཆོས་འཕེལ་རབ་བྱེད་རྩོམ་འབྲི་མཛད་པས་མཚོན་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཉམས་ཞིབ་ཀྱི་ཐོག་ལ་མཛད་རྗེས་བླ་ན་མེད་པ་འཇོག་གནང་མཛད་པ་ནི་དེང་མཐོང་ཐོས་ཀྱི་ཡུལ་དུ་འགྱུར་བཞིན་དེ་གའོ། །
             བར་ལམ་གངས་ཅན་བསྟན་འགྲོའི་ཕན་བདེའི་དཔལ་དང་ལྷག་པར་༸མགོན་པོ་གང་ཉིད་ཀྱི་གདུལ་ཞིང་མདོ་སྨད་ལྷོ་བྱང་གི་རྒྱུད་ཀྱི་སྐྱེ་འགྲོའི་གསོས་སུ་ནང་དོན་རང་གཞུང་གི་སྐུ་ཚབ་ཀྱི་ཐོག་ནས་གངས་ལྗོངས་སུ་གཟིགས་སྐོར་ལ་ཆིབས་བསྒྱུར་གྱིས་འདོད་ཁམས་ཀྱི་བདག་མོ་དཔལ་ལྡན་ལྷ་མོའི་བླ་མཚོའི་ཁར་ཕེབས་ནས་མནོལ་བསངས་དང་རབ་གནས། རྟེན་མཁར་བསྐྱར་བཞེངས་སོགས་གནང་སྟེ་ཕྱིར་ཕེབས་སྐབས་ད་དུང་མཚོ་གནས་ཀྱི་ཁར་ཅུང་ཙམ་བཞུགས་རྒྱུའི་རེ་གསོལ་ཕུལ་བ་ལྟ་བུའི་བརྡ་མཚོན་ཡ་མཚན་པ་དང་དཔལ་ལྡན་ལྷ་མོ་མཉེས་པའི་རྟགས་དང་རྟེན་འབྲེལ་ངོ་མཚར་བ་རེ་བྱུང།
              གང་གི་སྐྱོང་ཡུལ་མདོ་སྨད་ཀྱི་འདུས་སྡེ་རྣམས་སུ་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་སོགས་ལ་དག་ཐེར། དགོན་པའི་འཛིན་སྐྱོང་གི་ལམ་ལུགས་བྱེད་སྒོ་སོགས་ལ་ལེགས་བཅོས་དང། སྐུ་ངལ་འཛེམས་མེད་ཀྱིས་དད་ལྡན་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་གཞི་མང་པོས་རང་རང་གི་རེ་ཞུས་ལྟར་ཆེད་ཕེབས་ཀྱིས་དབུགས་དབྱུང་བྱིན་རླབས་བཀའ་དྲིན་བསྩལ་པ་དང་། སྐབས་དེར་འབྲེལ་ཡོད་དགོན་སྡེ་དང་དད་ལྡན་སྐྱེ་འགྲོ་ཡོངས་ནས་འབུལ་བ་གང་བྱུང་རྣམས་ཀྱི་ཁར་སྣོན་པ་རེ་འཇོག་གནང་གིས་ཕྱིར་སློག་མཛད་དེ་འདུས་སྡེ་སོ་སོའི་སྤྱི་བའི་མ་རྩར་གནང་བས་མཚོན་འབྱོར་ལྡན་བསོད་ནམས་གསོག་ཕྱིར་དངོས་འབྱོར་གང་ཕུལ་རྣམས་ཆུད་ཟོས་སུ་མི་གཏོང་བར་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུ་རུ་བསྔོ་བ་སོགས་འཕགས་ཆེན་དམ་པའི་རྣམ་པར་ཐར་པ་རྒྱ་ཆེར་བསྐྱངས།
               རྒྱ་ནག་པེ་ཅིང་སོགས་སུ་ཕེབས་ཏེ་བདེ་ལྡན་ཞིང་གི་བདག་པོ་བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་དངོས་༸ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་མཇལ་བཅར་གྱིས། ༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་སྐུ་དངོས་ཀྱིས་བསྐུར་གནང་མཛད་པའི་བཀའ་ཡིག་གསུང་འཕྲིན་ཕྱག་བསྟར་མ་ཕུལ་བས་མཚོན་རྒྱ་བོད་ཀྱི་གནད་ཡོད་མི་སྣ་དུ་མར་མཇལ་འཕྲད་དང། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གོམས་སྲོལ་བཅས་ཀྱི་སྐོར་སྔ་ཕྱིར་བཀའ་མོལ་དང་དད་ལྡན་ཁྲི་ཕྲག་དུ་མར་ལམ་སྟོན་ཞལ་གདམས་ཀྱི་བསླབ་བྱ་རྒྱ་ཆེར་བསྩལ།
ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྔར་ལོ་མང་རིང་ཉམས་པའི་རབ་གནས་ཆེན་མོ་བསྐྱར་གསོ་དང་བོད་ཁ་བ་གངས་ཅན་པའི་དད་པའི་རྟེན་མཆོག་མཉམ་མེད་ཐུབ་པའི་དབང་པོའི་རྒྱལ་ཚབ་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་སྐུ་བརྙན་ལ་ཞལ་གསེར་ཕུལ་ཏེ་སྐབས་དེར་ཡུལ་གྲུ་ཀུན་ཏུ་ཁྱབ་པའི་ནད་ཡམས་སྨན་དང་རིམ་གྲོས་བཟློག་དཀའ་བ་ཞིག་ཡོད་པ་དེེེ་ཡང་ཉེ་བར་ཞི་བར་མཛད་ཅིང། བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་གནང་བ་དང་། ཆོལ་གསུམ་སྐྱེ་བོ་བགྲང་ལས་འདས་པས་དད་གུས་བླ་ན་མེད་པས་གཙུག་ཏུ་བཀུར་ཞིང། ཆོས་སྲིད་ཀྱི་མཛད་པ་གནང་ཕྱོགས་ལ་ཕྱི་ནང་གསང་གསུམ་ནས་ཆེ་བསྟོད་གཟེངས་རྟགས་དང་བཀའ་དྲིན་ལེགས་འབུལ་ཞུས་པ་སོགས་ཁ་བ་གངས་ལྗོངས་ཀྱི་མི་རིགས་རིག་གཞུང་དང་བཅས་པར་ཕན་པ་འབའ་ཞིག་པའི་མཛད་པ་རླབས་ཆེན་སྐྱོང་བཞིིན་པའི་མུར་གང་མགྱོགས་ཕྱིར་འཕགས་ཡུལ་དུ་ཕེབས་དགོས་པའི་བཙན་བཀའ་བདག་གིར་བཞེས་དགོས་བྱུང་།
              འཕགས་ཡུལ་དུ་ཕྱིར་ཕེབས་མ་ཐག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ལ་བོད་ནང་དུ་ཕེབས་སྐོར་གྱི་ལས་བསྡོམས་སྙན་ཞུ་འབུལ་བ་སོགས་ཀྱི་གནང་སྒོ་ཁག་ལེགས་པར་བསྒྲུབས་ཏེ་རྒྱ་གར་ལྷོ་ཕྱོགས་ཀྱི་མཁས་གྲུབ་བྱེ་བའི་འབྱུང་གནས་གདན་ས་ཆེན་པོར་གཞུང་ཆེན་བཀའ་པོད་ལྔའི་རབ་འབྱམས་གྲྭ་སྐོར་དམ་བཅའ་མཛད་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ལྟར་ཐད་བསྐོས་མཛད་པ་བཞིན་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྐུ་སྒེར་ཡིག་ཚང་དང་། བོད་ཆོས་ལྡན་ཞིང་གི་ལྷ་ཆོས་དང་མི་ཆོས་ཀྱི་གཞི་རྩ་འཕྱུག་ཏུ་མི་རུང་བ་བོད་ཀྱི་རྩ་ཁྲིམས་ཆེན་མོའི་ཟིན་བྲིས་ཚོགས་ཆུང་། དེ་བཞིན་གཞུང་ལ་ཞབས་འདེགས་ཞུ་བའི་ལས་བྱེད་མི་སྣ་འདེམས་པའི་ལྷན་ཁང་སོགས་ལས་སྣེ་གལ་ཆེ་འགའི་རྩ་བ་བཟུང་སྟེ་བསྟན་འགྲོར་སྨན་པའི་ཕྱག་ལས་ཡུན་དུ་གནང་།
             གཞན་ཡང་ལྔ་རིག་སྨྲ་བའི་འབྱུང་གནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་འདི་ཉིད་ཕྱག་འདེབས་མཛད་པ་ནས་བཟུང་ཡིག་རྨོངས་པ་བདག་དང་བདག་འདྲ་བ། ཐ་ན་འགྲོ་འདུག་ཟ་ཉལ་སོགས་ཀྱི་སྤྱོད་ལམ་ཚུལ་མཐུན་ཙམ་ཡང་མི་ཤེས་པ་མང་པོ་ཞིག་ཐུགས་བརྩེ་བ་ཆེན་པོས་ཉིན་མཚན་དུས་དྲུག་ཏུ་ཞི་དྲག་དང་ཐབས་སྣ་ཚོགས་བརྒྱུད་ལུགས་གཉིས་ཀྱི་བསླབ་བྱ་དང་། སྒོ་གསུམ་གྱི་བྱ་བ་གང་ཐད་ལ་བླང་དོར་ལམ་སྟོན་བཀའ་དྲིན་བསྐྱངས་ཏེ་བོད་ཀྱི་ཐུན་མོང་བའི་རིག་གནས་ལ་ནང་བྱན་ཆུབ་ཅིང་རིག་པའི་གནས་ཀུན་ལ་བློ་གྲོས་ཀྱི་རྩལ་རྒྱས་པའི་རབ་འབྱམས་པ་དང་ཡ་རབས་སྤྱོད་བཟང་མིག་དཔེར་འོས་པ་གང་མང་ཞིག་བསྐྱེད་བསྲིངས་མཛད།
              ད་ལྟའི་ཆར་ཐུན་མོང་དང་ཐུན་མོང་མ་ཡིན་པ་མདོ་སྔགས་རིག་གནས་དང་བཅས་པར་བྱང་ཆུབ་པའི་སྡེ་སྣོད་འཛིན་པ་རང་རྒྱུད་འདུལ་ནུས་ཤིང་ཆོས་དང་རིག་གནས་གང་ཡང་འཛིན་སྐྱོང་སྤེལ་གསུམ་གྱི་ནུས་པ་ལྡན་པ་དང་། རང་གི་རིག་གཞུང་གི་རྨང་གཞི་ཡོད་པའི་ཁར་སྐྱེ་བོ་གཞན་རྗེས་སུ་འཛིན་པའི་ཐབས་སུ་དམིགས་ཏེ་ཕྱིའི་དེང་གི་རིག་གསར་ཚན་རིག་དང་ཐ་སྙད་སྐད་ཡིག་བཅས་ལེགས་བཅུད་ནང་འདྲེན་གྱིས་གཞན་ལ་འཆད་སྤེལ་ཐུབ་མཁན་ཞིག་ཏུ་བསྒྱུར་རྒྱུའི་ཕྱག་ལས་དབུ་འཛུགས་གནང་བཞིན་པ་སོགས་གོ་རིམ་ལྡན་ཞིང་བབ་ལྷིང་བརྟན་གསུམ་གྱི་སྒོ་ནས་གདུལ་བྱ་སྐྱོང་སྟངས་ཀྱི་མཛད་པ་འདི་དག་ནི་ཐུགས་འདུན་རྒྱ་ཆེན་པོ་དང་འཕྲིན་ལས་རླབས་ཆེ་བ་ཞིག་སྟེ། གནས་སྐབས་སྔོན་བྱོན་རྒྱལ་བློན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་སྐུ་ངལ་བརྒྱ་ཕྲག་གི་ཐུགས་རྗེའི་མཐུ་ལས་བྱུང་བའི་རླབས་ཆེ་བའི་བོད་ཀྱི་ཆོས་དང་རིག་པའི་གནས་རྣམས་ཉམས་པ་གསོ་ཞིང་། མི་ཉམས་གོང་དུ་འཕེལ་བ་དང་། མཐར་རིས་སུ་མ་ཆད་པའི་སྐྱེ་བོ་གྲངས་ལས་འདས་པའི་རྨོངས་མུན་བསལ་ཏེ་མདོ་དང་རྒྱུད་ཀྱིས་བསྡུས་པའི་སྡེ་སྣོད་གསུམ་གྱི་དོན་ཕྱིན་ཅི་མ་ལོག་པ་བདེ་བླག་ཏུ་རྟོགས་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ནུས་པའི་བསྟན་འགྲོའི་དོན་རྒྱ་ཆེན་པོར་དམིགས་པ་ཞིག་གོ། །
               དེ་ལྟ་བུའི་འཕྲིན་ལས་རླབས་ཆེན་ཞིག་བསྐྱངས་དང་སྐྱོང་བཞིན་པའི་མཛད་པ་དང་ཆབས་ཅིག གངས་ལྗོངས་ལུགས་གཉིས་ཀྱི་མངའ་བདག་ཆོས་ཀྱི་རྒྱལ་པོོ་ཆེན་པོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཆོས་ཀྱི་མདུན་ན་འདོན་ཆེན་པོོའི་ཐུགས་འགན་བཞེས་ཏེ། གྲུབ་མཐའ་དང་ཆོས་བརྒྱུད་རིས་སུ་མ་ཆད་པའི་འདུས་སྡེ་རྣམས་སུ་ཆེད་ཕེབས་གནང་ནས་རབ་བྱུང་ངུར་སྨྲིག་གི་ཚོགས་རྣམས་ཕྱི་ཉན་ཐོས་ཀྱི་སྤྱོད་པ་དམ་ཆོས་འདུལ་བའི་བཅས་མཚམས་ལས་མི་འདའ་བའི་ཚུལ་ཁྲིམས་དག་ཅིང་གཙང་བ་གཞིར་བཟུང། གོས་དཀར་ལྕང་ལོའི་སྡེ་སོགས་བསྟན་པའི་རྗེས་འཇུག་ཡོད་དོ་ཅོག་ནང་རིམ་གཉིས་ཀྱི་ཉམས་བཞེས། བཤད་སྒྲུབ་ཀྱི་འཆད་ཉན་སོགས་རྒྱས་ཐབས་ལ་སྒོ་ཀུན་ནས་ལམ་སྟོན་རྗེས་བརྩེའི་གསུང་བཀོད་རིམ་པར་གནང་བ་དང། ལྷག་པར་སྙིགས་ལྔས་རྒྱུད་བརླམས་པའི་འབྱུང་པོའི་རྗེས་འབྲང་དང་བཅས་པའི་མཚང་ངན་ཐེར་འདོན་དང་ཚར་གཅོད་རྗེས་འཛིན་དམིགས་བསལ་བ་མཛད་པ་བཅས། མདོར་ན་གངས་རིའི་མགོན་པོ་མཆོག་གི་མཛད་འཕྲིན་གྱི་ཉི་འོད་ཕྱོགས་ཀུན་ཏུ་རྒྱས་ཐབས་ལ་ཐུགས་བརྩོན་ལྷོད་མེད་དང་ལུགས་གཉིས་ཀྱི་ལམ་འཕྱུག་མེད་བཞིན་པ་འདི་ཡིས་ཀྱང་གུས་འབངས་སྐྱབས་འོག་པ་རྣམས་ཀྱང་མགོ་བོ་གཟེངས་སུ་འདེགས་པའི་སྤོབས་པ་ལྡན་པ་སོགས་འདི་གཅིག་པུས་ཐུགས་རྗེ་དང་བཀའ་དྲིན་ནི་བསྐལ་པའི་མཐར་ཡང་གཞལ་བར་དཀའ།
               རང་ཅག་གི་གཞུང་ས་ཆེན་མོ་ནས་བཀའ་འབྲེལ་གནང་བ་གཞིར་བཟུང་གངས་ལྗོངས་ལུགས་གཉིས་ཀྱི་བདེ་རྩ་ཁོ་ནར་དགོངས་ཏེ་ནུབ་ཕྱོགས་སྟོབས་ལྡན་གྱི་ཡུལ་གྲུ་དང་གླིང་ཆེན་ཨ་མི་རི་ཀ་བཅས་ལ་ཆིབས་བསྒྱུར་མཛད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་ཞི་བདེ་དང་དྲང་བདེན་དགའ་བའི་གཞུང་དང་མི་མང་ཡོངས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། དངོས་ཡོད་ཀྱི་དཀའ་སྡུག་རྣམས་བདེན་པ་ར་སྤྲོད་དང་ཞུ་འབོད་ཀྱི་ལས་འགུལ་སྤེལ་བ་གནང་སྟེ་བོད་ཀྱི་བདེན་དོན་ཐོག་སྔ་ན་མེད་པའི་གྲུབ་འབྲས་འབུར་དུ་ཐོན་པ་མཛད།
               དེ་བཞིན་རྡོག་རྩ་ཆིག་བསྒྲིལ་ནི་སྟོབས་ཤུགས་ཀྱི་རྩ་བར་དགོངས་ཏེ་བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་དང་སྒྲིག་འཛུགས་སྲ་བརྟན་སོགས་ཀྱི་ཆེད་གཡས་དཀྱོག་གཡོན་དཀྱོག་མེད་པར་དྲང་སྲོང་རྒན་པོའི་ངང་ཚུལ་གྱི་ལམ་ནས་བོད་སྤྱི་ལ་ཕན་པའི་གོ་བསྐོན་བསླབ་བྱ་སྔ་ཕྱིར་བསྩལ་པ་དག་ལ་གཟུར་གནས་ཆོལ་གསུམ་ཆོས་བརྒྱུད་རིས་སུ་མ་ཆད་པའི་སྐྱེ་བོ་གྲངས་ལས་འདས་པས་ཆེ་མཐོང་དང་གུས་བཀུར་བླ་མེད་ཞུས་དང་ཞུ་བཞིན་པའི་རླབས་ཆེན་གྱི་མཛད་པ་འདི་དག་ནི། གངས་རིའི་ལྷ་གཅིག་གང་གི་རྗེས་འཇུག་པ་ནམ་མཁའི་སྐར་ཚོགས་འདྲ་བའི་ཁྲོད་ན་མཁས་བཙུན་བཟང་པོའི་ཡོན་ཏན་དང་ནང་ས་ལམ་གྱི་རྟོགས་པས་ཁྱད་དུ་འཕགས་ཤིང། བོད་ཆོས་ལྡན་གྱི་ཞིང་འདིར་སྤྲུལ་པའི་ཟློས་གར་ཆུ་ཟླ་དང་མིག་འཕྲུལ་བཞིན་བསྟན་པའི་ནང་ནས་ནག་ཚོ་ལོ་ཆེན་ཚུལ་ཁྲིམས་རྒྱལ་བ་བཞིན་སྐུ་ཚེ་འདི་ཡང་བོད་འབངས་སྤྱི་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་རྣམ་པར་ཐར་བ་བདག་གིར་བཞེས་པའོ། །
                 གཞན་ཡང་༸མགོན་པོ་གང་གི་སྐུ་རབས་མང་པོའི་རིང་སྐྱོང་ཡུལ་གྱི་དགོན་སྡེ་རྣམས་སུ་བསླབ་བྱ་སྙན་སྒྲོན་བཅུ་གསུམ་ཅན་སྔ་ཕྱི་དང་དྲུག་ཅུ་རྒན་པོའི་རེ་འདུན། བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་ཆེད་བསྩལ་གནང་སྟེ་དགོན་པའི་འདུས་སྤྱི་ཆེ་ཆུང་གང་གི་སྐབས་སུ་ཡང་བཞེས་ཐུག་དཀར་སྐྱོང་དུ་བསྒྱུར་པ་དང། ཚད་མའི་དགུན་ཆོས་དང་ཕར་ཕྱིན་དབྱར་ཆོས་ཆེན་མོ་གསར་འཛུགས། དགོན་པའི་འཛིན་སྐྱོང་གི་ལམ་ལུགས་རྣམས་དམ་ཆོས་འདུལ་བའི་དགོངས་དོན་དང་མི་འགལ་ཞིང་དེང་དུས་མང་གཙོའི་ལམ་སྲོལ་དང་མཐུན་པའི་ཕུགས་རྒྱང་རིང་བའི་ལེགས་ལམ་དུ་བཅོས་བསྒྱུར་མཛད་དེ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་ཐབས་ཚུལ་དུ་མ་གསར་བཏོད་ཀྱི་ཕྱག་བཞེས་གནང་བར་བོད་ཀྱི་སྐྱེས་ཆེན་དུ་མས་བསྔགས་བརྗོད་ཕུལ་བར་མ་ཟད་དགོན་སྡེ་གཞན་དག་རེས་ཀྱང་མིག་དཔེར་བླངས་ནས་མང་པོ་ཞིག་ཕྱག་ལེན་དུ་བསྟར་མུས་དང་། དད་ལྡན་ཞིང་འབྲོག་གི་ལྷ་སྡེ་མང་ཚོགས་དཀྱུས་མ་རྣམས་ལ་ཆེད་དུ་དམིགས་ནས་གཞུང་ལུགས་རབ་འབྱམས་ཀྱི་དགོངས་དོན་གནད་ཆེ་བ་རྣམས་གོ་སླ་བའི་ལུགས་སུ་བགྱིས་པ་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་མ་བཅས་ཀྱི་སྒོ་ནས་ནང་ཆོས་ངོ་སྤྲོད་མཛད་དེ་སྐྱེ་བོ་གྲངས་ལས་འདས་པ་ཡ་རབས་དང་དམ་པའི་ལས་ལ་ཞུགས་ཏེ་དགེ་སྐུལ་གྱི་ཕན་ནུས་རྒྱ་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་པ་སོགས་གསུང་རྩོམ་དང་གསུང་བཤད་ཀྱི་ལམ་ནས་བོད་ཀྱི་ཆོས་སྲིད་རིག་གནས། སྣོད་བཅུད་ཁོར་ཡུག་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཛད་རྗེས་བླ་ན་མེད་པ་བསྐྲུན་གནང་མཛད།
              བདག་སོགས་ལྟོས་བཅས་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་བདེ་རྩར་གཟིགས་ཏེ་གནས་མཆོག་རྡོ་རྗེ་གདན་དུ་ལོ་ངོ་གསུམ་གྱི་རིང་། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་ཀྱི་ཟབ་མོའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གནང་།
              ལོ་ངོ་ཉིས་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ལྡན་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྔ་མོའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་པའི་སྒེར་གྱི་བླ་བྲང་གི་སྒྲིག་འཛུགས་དེ་དུས་ཀྱི་འགྲོས་དང་མཐུན་པའི་ཚོགས་མི་དང་། འགན་འཛིན་གྲོས་ཚོགས། སྤྱི་ཁྱབ་རྒྱུན་ལས་སོགས་མང་གཙོའི་ལམ་སྲོལ་ཆ་ཚང་བའི་ཆོས་ཕྱོགས་དང་གཞན་ཕན་ཁོ་ནར་དམིགས་པའི་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་ཏེ་༸མགོན་པོ་གང་ཉིད་ལ་དད་ལྡན་མང་ཚོགས་ནས་ཕུལ་དང་འབུལ་བཞིན་པའི་འབུལ་རྫས་གང་བྱུང་རྣམས་༸རྗེ་ཉིད་སྐུ་སྒེར་གྱིས་བདག་དབང་དང་བེད་སྤྱོད་མི་མཛད་པར་དགེ་རྩ་ཚོགས་པར་གནང་ནས་ནད་པ་དང་ཉམ་ཐག་རྒས་གཅོང་། ཤེས་ཡོན་རོགས་སྐྱོར་སོགས་མང་ཚོགས་རང་གི་བདེ་རྩར་སྨན་པའི་སྦྱིན་གཏོང་ཕངས་པ་མེད་པར་མཛད་བཞིན་པ་བཅས་རྒྱལ་སྲས་ཀྱི་བྱ་དཀའ་བའི་སྤྱོད་པ་དངོས་སུ་ཕྱག་བསྟར་གནང་བ་འདི་ཡང་འདོད་ཡོན་ལ་ཆགས་ཞེན་རིང་ནས་སྤངས་པའི་མ་ཆགས་འཕགས་པའི་རིགས་སུ་ངེས་པའི་རྣམ་ཐར་དུ་ངེས་ལ། སྤྱི་ནོར་༸གོང་ས་༸རྒྱལ་བའི་དབང་པོ་མཆོག་གིས་དབུས་ཆེ་དགུ་དུ་མས་གསུང་གི་དབུགས་དབྱུང་དང་བསྔགས་བརྗོད་ཀྱང་ལན་མང་འཐོར་བར་མཛད།
                རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་ཐབས་དང་འགྲོ་བའི་བདེ་སྐྱིད་གོང་འཕེལ་དུ་གཏོང་ཆེད་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་ནཱ་ལེནྡྲའི་ལྟ་གྲུབ་དང་སྒོམ་སྒྲུབ་ཉམས་བཞེས་ཀྱི་ལྟེ་གནས་ཁང་གཞི་རྒྱ་ཆེ་བ་ཞིག་བཞེང་འཆར་གྱི་གནས་གཞི་གསར་པའི་ཐོག་ཡོངས་རྫོགས་བསྟན་པའི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གདན་ཞུས་ཆིབས་བསྒྱུར་གྱིས་ཐོག་མའི་རྩིག་རྨང་འཇོག་གནང་དང་ཤིས་བརྗོད་བདེན་ཚིག་གིས་རབ་ཏུ་གནས་པར་མཛད་པ་དང་ཆབས་ཅིག འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལས་བརྩམས་ཏེ་སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེན་མོར་ལམ་སྟོན་བཀའ་སློབ་ཟབ་ཅིང་རྒྱས་པ་བསྩལ་ཏེ་དབུ་བཞུགས་དང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་གདན་ཟུར་རྣམ་པ་གཉིས་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གདན་ས་ཆེན་པོ་དྲུག་དང་རྭ་སྟོད་གྲྭ་ཚང་། རྩེ་རྣམ་རྒྱལ་གྲྭ་ཚང་སོགས་ཀྱི་མཁན་རིན་པོ་ཆེ་རྣམ་པས་དབུས་ཆོས་བརྒྱུད་དང་མི་རིགས། སེར་སྐྱ་ཕོ་མོ་རིས་སུ་མ་ཆད་པའི་མཁས་པའི་བགྲོ་གླེང་ཆེན་མོ་དེས་སྐྱེ་བོ་མང་པོར་བློ་གྲོས་ཀྱི་མིག་ཕྱེས་ཤིང་གྲ་སྒྲིག་ཕུན་སུམ་ཚོགས་པ་བཅས། མདོར་ན་མིང་དོན་མཚུངས་པའི་བགྲོ་གླེང་ཆེན་མོ་དེ་གཞུང་སྒེར་ཚོགས་སྡེ་མང་པོ་ནས་མིག་དཔེར་འོས་པ་བྱས་ཚུལ་གྱི་བསྟོད་བསྔགས་བླ་མེད་འབུལ་བཞིན་པ་སོགས་བསྟན་འགྲོར་སྨན་པའི་ལས་གཞི་རྒྱ་ཆེན་དབུ་འཛུགས་གནང་བ་འདི་ཡང་༸མགོན་པོ་མཆོག་གི་ཐུགས་རྗེ་དང་འཕྲིན་ལས་འབའ་ཞིག་ལས་བྱུང་བ་གོར་མ་ཆག
                བོད་ཀྱི་དགོན་སྡེ་རྣམས་སུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ནུས་པའི་དགེ་འདུན་པ་ཞེ་གཅིག་འབྱུང་ཐབས་སུ་བཅུ་ཕྲག་རིག་པའི་གནས་སྤྱི་དང་བྱེ་བྲག་སྐད་ཡིག་དང་ལོ་རྒྱུས། ཡུལ་གྱིས་གོམས་པའི་གཤིས་ལུགས་སོགས་བོད་རང་གི་རིག་གཞུང་སྤྱི་བྱེའི་ཡོན་ཏན་ལྡན་པའི་ཐོག་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་གནང་ན་དགེ་མཚན་གཞན་འགྲན་མེད་པ་ཐུགས་དགོངས་ཀྱི་མཐིལ་དུ་བཟུང་སྟེ། སློབ་སྦྱོང་གི་གོ་རིམ་མ་འཕྱུག་པ་གལ་ཆེར་དགོངས་ནས་མ་འོངས་པའི་བསྟན་འཛིན་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་ཀྱི་ཆེད་སློབ་དེབ་དང་ཁ་སྐོང་གང་དགོས་བཅས་དེབ་ཕྲེང་བདུན་ཅུ་དོན་ལྔ་ཉིན་མཚན་ལྟོས་མེད་ལྟ་བུར་སྐུ་ངལ་འཛེམ་མེད་ཀྱིས་རྩོམ་སྒྲིག་གནང་སྟེ་ཡངས་པའི་འཇིག་རྟེན་ཁྱོན་ལ་ཤེས་རིག་གི་སྒྲོན་མེ་སྦར་བར་མཛད་ཞོར། བསྟན་འགྲོའི་བདེ་དོན་སྤྱི་དང་ཡང་སྒོས་རྡོར་གླིང་སུ་ཁེ་ས་གནས་ཀྱི་དད་ལྡན་གདུལ་བྱ་རྣམས་ཀྱི་ཞིང་མཆོག་ཏུ་དམིགས་ཏེ་སྐུ་རྒྱུ་དང་མི་ཚེགས་ཚད་མེད་བཏང་ནས་སུ་ཁེ་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་གི་རྟེན་དང་བརྟེན་པ་བཅས་པ་བསྐྱར་བཞེངས་ལེགས་པར་གྲུབ་ནས། གཙུག་ལག་ཁང་གསར་པའི་རྟེན་འབྱུང་སྒོ་འབྱེད་ཀྱི་མཛད་སྒོ་སྤེལ་བར་དད་ལྡན་སྐྱེ་བོ་དུ་མ་བྲེལ་བཞིན་པ་སོགས་སྐུ་ཚེ་མཛད་འཕྲིན་དང་བཅས་པ་ཡར་ངོའི་ཟླ་ལྟར་རྒྱས་བཞིན་པའི་ངང་ཚུལ་འདི་ལགས་ལ།
དེ་ལྟར་མཛད་པ་མཐའ་ཡས་པ་ལས་ཆེ་ལོང་ཙམ་ལས་རེ་རེ་བཞིན་བགྲངས་ཀྱིས་མི་ལངས་ཤིང་དུས་ཀྱིས་མི་ལྕོགས་པ་ནི། དཔལ་ལྡན་ཟླ་བ་གྲགས་པས། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི། །ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། །ཞེས་གསུངས་པ་ལྟར་དང་། གཞན་ཡང་སྐུ་གཞོན་ནུའི་དུས་ནས་དཔལ་རྡོ་རྗེ་འཇིགས་བྱེད་དང་དཔལ་རྟ་མཆོག་རོལ་པ་སོགས་ཀྱིས་ཞལ་གཟིགས་གནང་ཚུལ་དང་། སྐུ་ཕྲེང་གསུམ་པ་འགྲོ་མགོན་བསྟན་པ་རབ་རྒྱས་ཀྱིས་གཏེར་ནས་བཞེས་པའི་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱི་གཏེར་ཕུར་བྱིན་ཅན་སོགས་དང་འབྲེལ་ནས་ཐུན་མོང་མ་ཡིན་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་བ་ཡང་ཤིན་ཏུ་མང་མོད། དེ་དག་ནི་བདག་དང་བདག་འདྲའི་ཚུར་མཐོང་གི་བློས་གཞལ་བར་མི་ནུས་ཤིང་བརྗོད་དུ་མི་རུང་བ་ནི། ཇི་སྐད་དུ། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་པོ་སོགས་ཀྱིས་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར་ལགས་སོ། །
               ད་ནི་སྐུ་ཚེ་འདིའི་ཐུན་མོང་གི་རྣམ་པར་ཐར་བ་རྒྱ་ཆེ་བ་ལས་གལ་ཆེའི་སྙིང་པོ་རྣམས་སྤྱི་བསྡོམས་ཀྱི་ཚུལ་དུ་ཞུས་ན། ལར་མཁས་གྲུབ་ཆེན་པོ་དག་གི་མཛད་པ་རྣམས་ནི་སངས་རྒྱས་བྱང་སེམས་ཀྱི་མཛད་པ་ཤ་སྟག་ཏུ་ངེས་པས་དེ་དག་གི་མཛད་པ་རྣམ་ཐར་སྤྱི་བསྡོམས་བྱེད་ཚུལ་ལ་ཡང་། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པ་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་དང་མཁྱེན་བརྩེ་ནུས་གསུམ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་མང་དུ་མཆིས་པ་ལྟར་༸སྐྱབས་མཆོག་ཐམས་ཅད་མཁྱེན་པ་གང་ཉིད་ཀྱི་མཛད་པ་དང་རྣམ་ཐར་ལ་ཡང་དེ་ཐམས་ཅད་ཇི་བཞིན་དུ་མངའ་བས་དེ་དག་ལས་གང་དུ་བསྡུས་ཀྱང་རུང་བར་མ་ཟད། ཇི་ལྟར་༸མགོན་པོ་མཆོག་གང་ཉིད་ཀྱིས་ཞལ་བཞེས་གནང་བ་ལྟར་རྒྱུན་དུ་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་ཉམས་བཞེས་ཀྱི་གཙོ་བོར་མཛད་ཐོག དམིགས་བསལ་བསྙེན་སྒྲུབ་ཆེ་ཆུང་དང་སྔར་ཝཱར་ཎར་སློབ་གཉེར་གནང་བའི་སྐུ་དུས་ནས་བཟུང་ཞོགས་པའི་དུས་སུ་སྤྱོད་འཇུག་ཆེན་མོ་དང་ཡི་དམ་ཁག་གི་བདག་བསྐྱེད་ཉིན་རེའི་ཞལ་འདོན་དུ་ཆག་མེད་ཡིན་ཡང། ད་ཆ་བཅའ་ཡིག་ཆེན་མོ་ཟུར་རྒྱན་དང་བཅས་པ། སློབ་དེབ་སོགས་གཞན་རྗེས་སུ་འཛིན་པའི་ཆེད་རྩོམ་མང་དུ་གནང་དགོས་པ་བཅས་ཀྱིས་ཕྱག་ལས་ཁག་སྔ་པོ་ནས་མ་བྱས་ཚེ་དུས་ཚོད་ཀྱིས་མི་འདང་བས་ཞོགས་པའི་ཞལ་འདོན་ཡང་ཆད་འགྲོ་ཡི་འདུག འོན་ཀྱང་འདི་རིགས་ཀྱིས་ཅུང་ཙམ་ཕན་ཐོགས་ན་སྐྱོན་མི་འདུག་ཅེས་མདོར་ན་སློབ་དཔོན་དབྱིག་གི་གཉེན་པོའི་ཞལ་སྔ་ནས། དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱ་བ་ཁོ་ན་འོ། །ཞེས་གསུངས་པ་ལྟར་ལུང་རྟོགས་ཀྱི་བསྟན་པ་སྐྱོང་སྟངས་ཀྱི་ཐབས་མཆོག་བཤད་པ་དང་སྒྲུབ་པ་གཉིས་ཕན་ཚུན་འགྲན་པ་ལྟ་བུའི་སྒོ་ནས་དུས་འདའ་བར་མཛད་པ་སོགས་རྣམ་ཐར་གལ་གནད་ཅན་ཤིན་ཏུ་མང་བས་བསྡུ་བར་དཀའ་ནའང་འདིར་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་སྤྱི་བསྡོམས་བྱས་ཏེ་ས་བཅད་མ་སྟོང་ཙམ་ཞུ་བར་བྱ་བ་ལ།
               དང་པོ་མཁས་པའི་ཡོན་ཏན་ཇི་ལྟར་མངའ་ཚུལ་ནི། སྟོན་མཆོག་དོན་ཀུན་གྲུབ་པའི་སྤྱན་སྔར་དགྲ་བཅོམ་པ་ཉེ་བར་འཁོར་ནས་བཟུང་མཁས་ཤིང་གྲུབ་པའི་སྐྱེས་རབས་ཀྱི་ཕྲེང་བ་ཟམ་མ་ཆད་པར་བྱོན་པ་མཐའ་དག་གི་གསང་གསུམ་འཕྲིན་ལས་ཀྱི་ཡོན་ཏན་གཅིག་ཏུ་རྫོགས་པའི་སྤྱི་གཟུགས་༸སྐྱབས་གཅིག་མཐོང་བ་དོན་ལྡན་༸རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། ཇི་སྐད་དུ་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། རིགས་པ་གླེགས་བམ་ལས་བསླབ་ཀྱིས། །བླ་མའི་དྲུང་དུ་མ་ཡིན་པ། །འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཚོགས་པའི་ནང་ལ་མི་མཛེས་སོ། །              ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་བསྟེན་ནས་བརྒྱུད་པ་བར་མ་ཆད་པ་ལས་འོངས་པའི་གདམས་ངག་མི་འཚོལ་བར་རིགས་པ་གླེགས་བམ་ཙམ་ལས་བསླབ་པ་དང་། གཞན་གྱི་ཟེར་ཟློས་ཀྱི་རྗེས་སུ་འབྲང་བ་སོགས་ནི་མི་རིགས་པར་གཟིགས་ནས། སྐུའི་ན་ཚོད་ཕྲ་མོའི་དུས་ནས་བཅུ་ཕྲག་རིག་སྨྲའི་དབང་པོ་རྗེ་དཀོན་མཆོག་ཤེས་རབ་མཆོག་དང་ཡོངས་འཛིན་རྡོ་རྗེ་འཆང་མགོན་པོ་ཀླུ་སྒྲུབ་ཐར་འདོད་འགྱུར་མེད་རྒྱ་མཚོ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་རིན་པོ་ཆེ་རྒྱལ་མཚན་རྣམ་གཉིས། ལུང་རྟོགས་བསྟན་པའི་མཛོད་འཛིན་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སོགས་ཡོངས་འཛིན་དུ་མའི་ཞབས་པད་བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་ཏེ། ཐུན་མོང་རིག་པའི་གནས་ཡིག་རིས་སྣ་ཚོགས་པ་ནས་བཟུང་སྒྲ་རྩིས་ཟློས་གར། རིག་བྱེད་དང་ཚན་རིག་སོགས་ཕྱི་ནང་རིག་པའི་གནས་སྤྱི་དང། ཐུན་མོང་མ་ཡིན་པ་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞིས་བསྡུས་པའི་གསུང་རབ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་མཐར་ཕྱིན་པ་གནང་ནས་ཨཙརྱ་དང་དགེ་བཤེས་ལྷ་རམས་པའི་བར་གྱི་མཚན་བཏགས་ཆ་ཚང་བདག་གིར་བཞེས་པ་སོགས་རང་རྒྱུད་འདུལ་བྱེད་ཐོས་བསམ་སྒོམ་གསུམ་དང་གཞན་རྒྱུད་སྨིན་བྱེད་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པར་མཛད།
               དེའང་རང་ཉིད་ཁེ་འདོད་དང་གྲགས་འདོད་སོགས་ཆོས་བརྒྱད་ཀྱིས་མ་བསླད་པར་བསྟན་པ་ཡུན་རིང་དུ་གནས་ཐབས་དང་འགྲོ་བའི་བདེ་སྐྱིད་རྒྱས་ཐབས་ཁོ་ནར་དགོངས་ཏེ་དུས་དང་མཚམས་ཤིང་གཟིགས་རྒྱང་རིང་བའི་བསླབ་བྱ་དང་བཅའ་ཡིག སྒྲིག་གཞི་དང་སློབ་དེབ། བོད་ཀྱི་རིག་གཞུང་ལོ་རྒྱུས་སོགས་ཀྱི་ཁ་གསབ་ཏུ་དམིགས་པའི་ལོ་རྒྱུས་དང་སྙན་རྩོམ། ཆོས་སྤྱོད་དང་ཆོག་སྒྲིག གསོལ་འདེབས་དང་གསུང་འཕྲིན་སོགས་ཕན་པ་འབའ་ཞིག་པའི་རང་བཞིན་ཅན་ཤ་སྟག་དང་། ལྷག་པར་མ་འོངས་ལོ་ངོ་བརྒྱ་ཕྲག་གི་རྗེས་སུ་དགོན་སྡེ་དང་ཚོགས་སྡེས་དབུས་སྐྱེ་བོ་གྲངས་མེད་པས་གཟུ་བོར་གནས་པའི་བློས་ཞིབ་ཏུ་མཇལ་ཞིང་ཚུལ་བཞིན་དཔྱོད་པའི་རིགས་པས་ཡང་དག་པར་དཔྱད་ན། ཁྱད་པར་བའི་རིན་ཐང་དང་ཆེ་བ་དམིགས་བསལ་དུ་མཐོང་བར་ངེས་ཤིང་དེ་དག་ལ་བརྟེན་ནས་སྐུ་ཚེ་འདིར་བསྟན་འགྲོ་སྤྱི་བྱེའི་དོན་དུ་ཐུགས་ཁུར་རླབས་པོ་ཆེ་ཇི་ལྟར་གནང་བའི་ཚུལ་ངེས་ཤེས་འདྲོངས་པར་འགྱུར་བ་ནི། རྗེ་བླ་མས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །འདི་ཉིད་ཡིན་ཕྱིན་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་དང། རིགས་པའི་དབང་ཕྱུག་ཆེན་པོས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གི་བཟློག་པར་བྱེད། །ཅེས་སོགས་གསུངས་པ་ལྟར་གྱི་རྒྱུ་འབྲས་རྟེན་འབྱུང་གི་རིགས་པ་དག་ལས་ལེགས་པར་དཔོག་པར་འགྱུར་རོ། །
               གཉིས་པ་ཚུལ་བཞིན་སྒྲུབ་པ་བཙུན་པའི་ཡོན་ཏན་ཇི་ལྟར་མངའ་བའི་ཚུལ་ནི། དེ་ཡང་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལས་ཚུལ་ཁྲིམས་ཀྱི་བསླབ་པ་ནི་བསླབ་པ་གཞན་གཉིས་དང་ཡོན་ཏན་གྱི་ཀུན་གྱི་གཞི་རྟེན་དུ་བཀའ་བསྟན་གསུང་རབ་ལས་ལན་གཅིག་མ་ཡིན་པར་ཡང་ཡང་གསུངས་ཤིང་དེ་ལ་ཡང་སོ་སོར་ཐར་བའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ། གསང་བ་སྔགས་ཀྱི་དམ་ཚིག་རྣམས་ཇི་ལྟར་བསྲུང་བའི་ཚུལ་མང་ཡང་དེ་དག་ལས་ཉེས་བྱས་སྡེ་ཙམ་ལ་ཡང་ཇི་ལྟར་ཐུགས་གཟབ་ཀྱིས་བསྲུང་བར་མཛད་པའི་ཚུལ་ཤེས་ན། གཙོ་བོའི་དོན་ལ་མི་བསླུ་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་པ་ལྟ་བུའི་རིགས་པ་དཔེ་རུ་བླངས་ནས་དེ་ལས་ཀྱང་གལ་ཆེ་བ་དག་ཇི་ལྟར་བསྲུང་བར་མཛད་པའི་ཚུལ་ནི་དཔོག་སླའོ། །
                དེས་ན་༸སྐྱབས་གཅིག་ཐམས་ཅད་མཁྱེན་པ་མཆོག་ཉིད་ནི་སྐུའི་ན་ཚོད་ཕྲ་མོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཁྱིམ་དང་འཁོར་བ་ལ་ཞེན་ཆགས་རིང་ནས་སྤངས་པའི་རྣམ་ཐར་མང་དུ་མཆིས་པ་དང་། ཁྱད་པར་དུ་འཕགས་པ་རབ་ཏུ་བྱུང་བའི་རྟགས་གོས་ངུར་སྨྲིག་མཛེས་པའི་སྐུ་ལ་གསོལ་བ་ནས་དུས་ད་ལྟ་ལ་ཐུག་གི་བར་དུས་ངན་མི་བཟད་པ་ང་དགུའི་དུས་འགྱུར་གྱི་སྐབས་སུའང་སྐུ་སྲོག་ལ་ཐུག་ཀྱང་ཆ་ཙམ་མ་ཉམས་པར་བཞེས་པ་སོགས་དམ་ཆོས་འདུལ་བའི་དགོངས་དོན་དང་མཐུན་ཐབས་ཁོ་ན་གནང་བ་དང་། སྐྱོང་ཡུལ་དགེ་འདུན་གྱི་སྡེ་རྣམས་སུ་ཡང་སྤྱི་དང་བྱེ་བྲག་གི་བཅས་པ་དག་ལ་གཅེས་སྤྲས་ཤིན་ཏུ་གལ་ཆེ་བའི་ལམ་སྟོན་དུས་ནས་དུས་སུ་གནང་བར་མ་ཟད། འདུས་སྡེ་འདིར་ཡང་སྤྱི་སྒེར་གྱི་འཚོ་བའི་མཐུན་རྐྱེན་སོགས་ཀྱི་ཆེད་དངུལ་སྒོར་ས་ཡ་མང་པོའི་ཡོང་འབབ་མཐོང་ཡང་དངུལ་གྱི་ཆེད་རབ་ཏུ་བྱུང་བ་གཅིག་ཀྱང་ཕྱིའི་ཡུལ་གྲུ་ཁག་ཏུ་གཏོང་མི་རིགས་པའི་བཀའ་རྒྱ་དམ་པོར་མཛད་པའི་དགོས་དོན་ཡང་དགེ་འདུན་པའི་བསླབ་གཞི་ལ་གནོད་པ་འགོག་ཐབས་ཁོ་ན་སྟེ། རྗེ་བདག་ཉིད་ཆེན་པོས། ཁྲིམས་འཆལ་དགེ་སྦྱོང་ཤ་ཚུགས་ཅན་རྣམས་ཀྱང་། །བདག་གིས་སྐྱོན་མེད་ཁྲིམས་ལ་སྦྱོར་བར་ཤོག། །ཅེས་གསུངས་པ་ཇི་ལྟ་བུའི་སྨོན་ལམ་གྱི་མཐུ་ལེགས་པར་གྲུབ་པའི་ངོ་མཚར་ཞིང་རྨད་དུ་བྱུང་བའི་ཚུལ་ཤིན་ཏུ་མང་།
              མདོར་ན་སྐུ་ཡི་ཕྲེང་བ་སྤྱི་དང་ཡང་སྒོས་སྐུ་ཚེ་འདིར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་མཐར་ཕྱིན་པར་མཛད་ནས་དགེ་སྦྱོང་རྣམ་པར་དག་པའི་འབྲས་རྟགས་སུ། ཇི་སྐད་དུ་རྒྱལ་བ་རང་ཉིད་ཀྱིས། ཚུལ་ཁྲིམས་དག་པའི་དགེ་སློང་འོད་དང་ལྡན། །ཞེས་དང་། རྗེ་བླ་མས། རྣམ་དག་ཚུལ་ཁྲིམས་ངད་ལྡང་བཟང་ཆེན་པ། །ཞེས་ཇི་ལྟར་རྒྱལ་བ་བཟང་ཆེན་པ་ལ་བསྔགས་པ་གནང་བ་བཞིན་བཀའ་གདམས་གོང་མ་རྣམས་ཀྱི་རྣམ་ཐར་དང་མཐུན་པ་སྡོམ་གསུམ་དག་པ་ཐུགས་དམ་གྱི་མཐིལ་དུ་མཛད་པ་ལ་བརྟེན་ནས་ནང་རྟོགས་པའི་ཡོན་ཏན་གྱི་སྤོབས་པ་ཡོངས་སུ་བརྟས་ཏེ། ཕྱི་སྐུ་མདངས་ཀྱི་གཟི་བརྗིད་དང་གཞོན་ཤ་རབ་ཏུ་རྒྱས་ཤིང་། གསུང་བདེན་པའི་ཚངས་དབྱངས་དཔང་མཐོ་ཞིང་རྣམ་པར་ལྡིར་བ། ཁྱད་པར་དུ་སྐུ་ཆོས་ན་བཟའི་རིགས་ལ་ལྷན་སྐྱེས་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་དྲི་བསུང་ལྷམ་མེར་ལྡང་བར་མ་ཟད། རྒྱུན་དུ་གཟིམ་སྦུག་གཙོ་བོར་གྱུར་པའི་བཞུགས་གནས་གཟིམ་ཆུང་གི་ཉེ་འཁོར་ཀུན་ཏུ་དྲི་མཆོག་གི་རྫི་བར་མེད་དུ་རྒྱུ་བ། སྐུ་ཆས་སོགས་གཞན་ལ་གནང་བའི་རིགས་ཀྱི་དྲི་བཟང་ཡང་རྒྱུན་རིང་དུ་འཐུལ་ཞིང་ཕལ་བའི་གྱོན་ཆས་གཞན་ལ་ཡང་དྲི་ཞིམ་དེས་ཁྱབ་པར་བྱེད་པ་སོགས་ནི་བདག་ཅག་སྐུའི་གམ་བཅར་བ་རྣམས་ཀྱི་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་ལགས་སོ། །
              གསུམ་པ་བཟང་པོའི་ཡོན་ཏན་ཇི་ལྟར་ལྡན་པའི་ཚུལ་ནི། ཇི་སྐད་དུ། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་། །མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། །ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར་ཐུགས་བསྐྱེད་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་འབྲས་བཟང་འཁོར་ལོ་གསུམ་གྱི་མཛད་པ་མཐའ་དག་བསྟན་པ་དང་འགྲོ་བའི་དོན་འབའ་ཞིག་ལགས་པས་ཐམས་ཅད་ཀྱང་བཟང་པོའི་སྤྱོད་པར་འགྱུར་ནའང་བྱང་སེམས་ཀྱི་སྤྱོད་པ་ཕལ་ཆེ་བ་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་གྱི་རྒྱུ་འབྲས་ངོ་བོ་ཅི་རིགས་སུ་ངེས་པས་འདིར་དེའི་སྒོ་ནས་དཔེ་མཚོན་ཙམ་ཞུ་བར་བྱ།

དེ་ཡང་དུས་ལ་བབས་ཚེ་ཞུ་སྐུལ་བྱེད་མི་ཡོད་མེད་དང་འདུ་ལོང་དང་མཛད་བྲེལ་ཆེ་ཆུང་སོགས་ལ་ལྟོས་པ་མེད་པར་སྐལ་ལྡན་གདུལ་བྱའི་ཚོགས་ལ་འཇམ་དཔལ་དུས་དགྲའི་དབང་པོ་དཔལ་རྡོ་རྗེ་འཇིགས་བྱེད་དང་། སྙིང་རྗེའི་ལྷ་གཅིག་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་གིས་མཚོན་དབང་བཀའ་རྗེས་གནང་དང། བཤད་ལུང་མན་ངག་དང་བཅས་པ་རྒྱུད་ལྡན་བླ་མ་དམ་པ་ཡབ་སྲས་ཀྱི་ཕྱག་སྲོལ་བཞིན་གནང་། ལྷག་པར་གསན་གསམ་སློབ་པ་མཐར་ཕྱིན་པར་མཛད་ནས་སྐུ་ཚེ་གང་བོར་གཞན་དོན་འབའ་ཞིག་པ་བསམ་པས་ཆོས་སྲིད་ཀྱི་ལམ་སྟོན་བསླབ་བྱ་གལ་འགངས་ཆེ་བ་དང། བསྟན་པ་དེ་འཛིན་དང་བཅས་པ་ཡུན་རིང་གནས་ཆེད་དགེ་འདུན་པའི་སྡེ་སྐྱོང་ཚུལ་ལས་བརྩམས་པའི་བཅའ་ཡིག་བློ་གསལ་འཇུག་ངོགས་སོགས་གསུང་རྩོམ་དང་གསུང་བཤད་ཡིག་ཐོག་ཏུ་བཀོད་པའི་དེབ་ཕྲེང་བརྒྱ་ཕྲག་ལྷག་པར་བསྐྲུན་གྱིས་འཕྲིན་ལས་རྒྱ་ཆེར་སྐྱོང་བཞིན་པའི་ཁར། བོད་ཕྱི་ནང་གི་ཡུལ་ཕྱོགས་གར་ཕེབས་ཀྱི་སྤྱི་བའི་སར་བོད་མི་རིགས་ཀྱི་ཆོས་སྲིད་རིག་གནས་དང་བོད་མི་ནང་ཁུལ་གྱི་མཐུན་ལམ་ཆིག་སྒྲིལ་བཅས་ཆོས་དང་འབྲེལ་བའི་གལ་ཆེའི་བསླབ་བྱ་དང་། ཁྱིམ་དུ་གདན་འདྲེན་ཞུ་མི་ཚོར་ཡང་གང་ཐུབ་ཀྱིས་ཕེབས་ནས་དམ་པའི་ཆོས་ཀྱིས་དབུགས་དབྱུང་མཛད་པ་སོགས་ནི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་ཕྱག་བཞེས་སུ་བསྟར་བའོ། །
              གཞན་ཡང་སྐུ་ན་ཕྲ་དུས་ནས་འབུལ་བ་གང་ཕུལ་དད་ཟས་སུ་གཟིགས་ནས་ཉེ་དུ་སོགས་ཀྱི་ཁ་ལ་སོང་ན་དཀོར་ནག་ཡིན་པས་མི་རུང་ཞེས་རང་དང་ཉེ་འཁོར་ལ་གཏོང་རྒྱུར་ཧ་ཅང་འཛེམས་གནང་ནའང་འབུལ་བ་གང་ཕུལ་ལྷ་ལྡན་སྨོན་ལམ་ཆེན་མོ་སོགས་དགེ་འདུན་འདུས་པའི་སྡེ་ཆེ་ཆུང་གང་ལ་ཡང་དགེ་བསྔོ་ཕངས་མེད་མཛད་པ་དང་། དུས་འགྱུར་རྗེས་གངས་ལྗོངས་སུ་གཟིགས་སྐོར་ལ་ཕེབས་སྐབས་ཀྱང་གཞན་གྱི་འབུལ་བ་ལེན་མི་དགོས་ཐབས་གཙོར་འདོན་དང་། དགེ་འདུན་པའི་འདུས་སྡེ་གང་དུ་ཕེབས་པ་ནས་འབུལ་བ་གང་བྱུང་མཐའ་དག་ཁ་སྣོན་དང་བཅས་འདུས་སྡེ་སྤྱི་ལ་ཕར་གནང་བའི་ཐོག་ས་གནས་སློབ་གྲྭ་སོགས་ལ་ཡང་རོགས་རམ་མང་དུ་བསྩལ།
              ཀིརྟིའི་དགེ་རྩ་ཚོགས་པ་གསར་དུ་བཙུགས་ནས་སྐུ་སྒེར་གྱི་དངུལ་དངོས་གང་ཡོད་ཆུད་ཟོས་སུ་མི་གཏོང་བར་འདུས་སྡེ་རྣམས་ཀྱི་འཆད་ཉན་སློབ་གཉེར་གྱི་མཐུན་རྐྱེན་དང་། རིས་སུ་མ་ཆད་པའི་ནད་པ་དང་ཉམ་ཐག་རྒས་གཅོང། ཤེས་ཡོན་སློབ་སྦྱོང་བཅས་གཞན་ཕན་རོགས་རམ་གྱི་ལས་གཞི་མིག་སྨན་མིག་ལ་ཕན་པ་ཞིག་གནང་བཞིན་པ་དང་། ༸མགོན་པོ་མཆོག་གི་འཁྲུངས་ཚེས་ཀྱི་དུས་བཟང་སྲུང་བརྩི་ཞུ་འོས་ཚུལ་འབྲེལ་ཡོད་གཞིས་བྱེས་མང་པོས་༸སྙན་སེང་ཡང་ཡང་ཕུལ་བར། དེ་ལྟར་ན་འཁྲུངས་ཚེས་དེ་ནད་པ་དང་ཉམ་ཐག་ཚོར་ཕན་ཐོགས་ངེས་ཅན་ཡོད་པའི་སྨན་སྦྱིན་ལྟ་བུ་ཞིག་གི་ངོ་བོའི་ཐོག་ནས་སྲུང་བརྩི་བྱེད་འོས་པའི་བཀའ་ལན་སྤྱི་ཕེབས་བཞིན། ༸སྐྱབས་འོག་པ་རྣམས་ཀྱིས་ལོ་ལྟར་འཁྲུངས་ཚེས་ཉིན་སྨན་སྦྱིན་གཙོ་བོར་གྱུར་པའི་སྲོག་བླུ་དང་སྦྱིན་གཏོང་སོགས་གཞན་ཕན་རྣམ་དཀར་དགེ་སྒྲུབ་ལ་རྒྱ་ཆེར་འབུངས་བཞིན་པ་དང་། མདོར་ན་རང་དོན་དུ་འདོད་པ་ཆུང་ཞིང་གཞན་དོན་དུ་གང་མཆིས་གཏོང་ཕོད་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་པ་མིག་མཐོང་ལག་ཟིན་ཞིག་གནང་བཞིན་པ་འདི་ནི་ཟང་ཟིང་གི་སྦྱིན་པའི་ཉམས་ལེན་དོན་དངོས་ཕྱག་ལེན་དུ་མཛད་པའོ། །
               ༸སྐྱབས་མཆོག་ཐམས་ཅད་མཁྱེན་གཟིགས་ཆེན་པོ་གང་ཉིད་ཀྱི་ཁྲི་སྟོན་མཛད་སྒོ་ཆེན་མོའི་སྐབས་དཀར་ཟས་རྐྱང་པའི་སྟོན་ཆེན་བཤམས་པའི་ཕྱག་སྲོལ་གསར་གཏོད་དང་། འཁྲུངས་ཡུལ་ཐེ་བོའི་ཕྱོགས་སོགས་སུ་དམར་མཆོད་དང་དམར་བསངས་འབུལ་སྲོལ་ཅུང་ཙམ་རེ་ལྷག་ཡོད་པ་རྣམས་རྒྱུན་གཅོད་དགོས་པའི་གསུང་འཕྲིན་དང་གསུང་བཤད་སྔ་ཕྱིར་བསྩལ་པ་བརྒྱུད་དེ་དག་གཙང་བཅད་དང་། དུས་འགྱུར་རྗེས་གངས་ལྗོངས་སུ་གསེར་ཞལ་བསྒྱུར་སྐབས་འབྲེལ་ཡོད་དགོན་གྲོང་གང་དུ་ཕེབས་ཀྱང་རྣམ་གསུམ་མ་དག་པའི་ཤ་ཡི་རིགས་ཀྱིས་སྟོན་བཤམས་དང་འདྲེན་མི་རུང་ཞེས་བཀའ་རྒྱ་མཛད།
               ༸མགོན་པོ་གང་གི་ཞབས་པད་གུས་མཆོད་ལྷུར་ལེན་ཞུ་བའི་མདོ་སྨད་ཀྱི་ཆོས་སྡེ་རྣམས་སུ་དགེ་འདུན་འདུས་སྤྱི་ལ་བཞེས་ཐུག་ཤ་ཅན་འདྲེན་པའི་སྔ་སྲོལ་ཡོད་པ་དེ། སྔོན་དམ་པ་གོང་མ་རྣམས་ཀྱིས་མཐའ་འཁོབ་མུན་པའི་ཡུལ་དུ་བསྟན་པའི་སྒྲོན་མེ་ཐོག་མར་སྤེལ་བའི་ཆེད་གནས་སྐབས་དྲང་དོན་གྱི་ཚུལ་དུ་ལུས་པ་ལ། ༸དམ་པ་གང་ཉིད་བསྟན་ལ་དག་ཐེར་གྱིས་ངེས་དོན་ལ་སྦྱོར་བར་ཆེད་དུ་བྱོན་པ་ལྟ་བུས་ཉེས་མེད་སེམས་ཅན་མང་པོའི་ཚེ་སྲོག་ལ་འཚེ་ཞིང་གནོད་པ་ཕྱུགས་ཀྱི་མཆོད་སྦྱིན་ལྟ་བུའིི་ལོག་འཚོ་སྤོང་དགོས་ལུགས་ཀྱི་ལེགས་གསུང་བཀའ་ཡིས་བསྐུལ་མ་མཛད་པ་ལ་བརྟེན་ནས་སྐྱོང་ཡུལ་དགོན་སྡེ་ཆེ་ཆུང་བཞི་བཅུ་ལྷག་གིས་སྤྱི་ཐབ་དཀར་སྐྱོང་དུ་བསྒྱུར་པས་སྐྱེས་ཆེན་དམ་པ་དུ་མས་བསྔགས་བརྗོད་དང་མིག་དཔེར་ལེན་འོས་པ་སོགས་ཀྱི་མཛད་བཟང་རླབས་ཆེན་བསྐྱངས།
            མདོ་སྨད་ཀྱི་ཕྱོགས་སུ་གནམ་ལོ་གསར་པའི་ཚེས་ཤར་དུས་དམར་ཟས་གང་མང་བཤམས་སྲོལ་ཡོད་ནའང་ལོ་སར་གྱི་ཚེས་གཅིག་དཀར་སྐྱོང་ལ་བསྒྱུར་ཐུབ་ན་ལོ་གཅིག་གི་བྱ་བ་ཐམས་ཅད་ཀྱི་ཐོག་མར་ཤིན་ཏུ་དགེ་མཚན་ཆེ་བའི་ལམ་སྟོན་ཐུགས་བཀོད་རྗེས་འཛིན་གནང་བས་ལོ་གསར་ཙམ་མ་ཟད་དེང་སྟོན་ཆེན་གང་ཞིག་ལ་རོལ་སྐབས་དཀར་སྐྱོང་གཙོར་འདོན་གནང་བ་དར་སྲོལ་ཆེ་མུས་དང། ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེ་ཆུང་དང་མཛད་སྒོ་བཅས་ཀྱི་སྐབས་དཀར་སྐྱོང་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་པ་སོགས་ནི་ཉེས་མེད་སེམས་ཅན་མང་པོར་མི་འཇིགས་སྲོག་གི་སྐྱབས་སྦྱིན་བླ་ན་མེད་པའི་རྣམ་པར་ཐར་བའོ། །
           དེ་མཚུངས་གཞིས་བྱེས་གཉིས་ཀྱི་དགེ་འདུན་པའི་སྡེ་ཆེ་ཆུང་དང་རིག་གནས་སློབ་གཉེར་ཁང་། སྨན་ཁང་བཅས་གསར་བསྐྲུན་དང་། དགོན་རྙིང་དང་རྟེན་རྙིང་བསྐྱར་བཞེངས་བཅས་ལ་ཆོས་ཀྱི་ལམ་སྟོན་དང་ཟང་ཟིང་གི་དངོས་པོ་རྒྱ་ཆེར་བཏང་དང་གཏོང་བཞིན་པ་དང་། ཆགས་སྡང་གིས་གྲུབ་མཐའ་དང་ཆོལ་ཁ། ཡུལ་སྡེ་བཅས་རིས་སུ་གཅོད་པའི་རྩོད་པ་ཆོས་ཕྱོགས་སུ་ཞི་ཐབས་ཆེད་ཟབ་ཅིང་རྒྱ་ཆེའི་ལུགས་གཉིས་ཀྱི་ལམ་སྟོན་གང་དམར་དམར་གནང་དང་གནང་བཞིན་པ་སོགས་སྙིང་པོ་ཧྲིལ་གྱིས་དྲིལ་ན་གདུལ་བྱ་རྒྱ་མཚོ་ལྟ་བུའི་འཕྲལ་ཡུན་གྱི་བདེ་རྩ་ཁོ་ནར་དགོངས་ཏེ་གཞན་ཕན་རྒྱལ་སྲས་ཀྱི་སྤྱོད་པ་བཟང་པོའི་སྒོ་ནས་གསང་གསུམ་གྱི་མཛད་པ་ཤིན་ཏུ་རླབས་ཆེ་བ་སྐྱོང་བཞིན་པ་ནི། ཇི་སྐད་དུ། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། རྟག་ཏུ་ལེགས་བཤད་ཚོགས་ཀྱིས་གང་། །དུལ་བའི་དཔལ་གྱིས་རྣམ་པར་བརྗིད། །རིགས་པའི་སྣང་བའི་བྱེ་བས་བརྒྱན། །བསྟན་པ་འབའ་ཞིག་གཅེས་པར་དགོངས། །ཞེས་སོགས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དོན་ལ་གནས་པས་ངོ་མཚར་ཞིང་རྨད་དུ་བྱུང་བ་སྐྱེས་ཆེན་དམ་པའི་རྣམ་པར་ཐར་བ་འབའ་ཞིག་ཏུ་ཟད་དོ། །
             དམིགས་བསལ་སྐབས་སུ་བབས་པ་གུས་པ་ཨ་ལགས་མཁན་པོ་ཕུན་ཚོགས་སྤྲུལ་མིང་འཛིན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཚུལ་ནི། བདག་གིས་ལྕེ་བརྒྱར་སྤྲུལ་ཀྱང་བརྗོད་ཀྱིས་མི་ལངས་ལ་སྟོང་གསུམ་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་འབུལ་ཐུབ་ཀྱང་བཀའ་དྲིན་གྱི་ཆ་ཙམ་ཡང་གསབ་པར་མི་ནུས་མོད། དེ་ལྟ་ནའང་བླ་མ་ལྔ་བཅུ་པ་ལས། ཅུང་ཟད་ཡིད་འོང་གང་དང་གང་། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །དེ་ཕུལ་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་རང་གི་བླ་མ་ལ་མཆོད་པ་ཕུལ་བས་བསོད་ནམས་རླབས་པོ་ཆེ་སྡུད་པར་གསུངས་པའི་ཕན་ཡོན་དྲན་ཞིང་ངེས་པའི་བསམ་པས་དྲངས་ཏེ། རླབས་ཆེ་བའི་མཛད་པ་ལ་མཛད་པ་དང་སྤྱི་སྒེར་གྱི་སྐུ་དྲིན་ལ་སྐུ་དྲིན་དུ་ཤེས་པ་མཚོན་བྱེད་དུ་རྣམ་པར་ཐར་བ་དང་བཀའ་དྲིན་གྱི་ཆ་ཤས་ཙམ་བརྗོད་པ་དང་བདོག་པའི་དངོས་པོ་ཕྲན་བུ་བཅས་༸མགོན་པོ་མཆོག་གི་ཞབས་བརྟན་གྱི་རྒྱུ་ཚོགས་སུ་འབུལ་བའི་དྲིན་གཟོ་དང་བཟང་པོའི་བྱ་བ་འདི་ལ་འཇུག་ཁུལ་བགྱིས་པའོ། །
              སྤྱིར་བདག་གི་ཚེ་རབས་ལས་ཀྱི་བླ་མ་ཕྱི་མའི་ལམ་སྣེ་འདྲེན་པའི་སྐྱབས་དང་མགོན་མཆོག་གོང་ན་མ་མཆིས་པ་གང་གི་སྐུ་ཡི་ཕྲེང་བ་ན་རིམ་ནས་ཕྲན་གྱི་སྐྱེ་བརྒྱུད་ཚེ་རབས་མང་པོར་རྗེས་སུ་བཟུང་སྟེ་ཐུགས་རྗེ་དང་བཀའ་དྲིན་གྱིས་ཇི་ལྟར་བསྐྱངས་ལུགས་དང་། ཕྲན་རང་ཡང་ཆུང་དུས་ནས་༸མགོན་པོ་མཆོག་དང་དམིགས་བསལ་ལས་འབྲེལ་གྱི་བག་ཆགས་ཤིག་གིས་ད་ལྟའི་གནས་བབས་འདིར་དབང་མེད་དུ་ཁ་ལོ་བསྒྱུར་པ་ལྟ་བུའི་བསླུ་བ་མེད་པའི་ལས་འབྲས་ཀྱི་ནུས་པ་ཞིག་མྱོང་བས་གྲུབ་པ་སོགས་ཀྱི་བྱུང་བ་དམིགས་བསལ་བ་རེ་ཞུ་རྒྱུ་མཆིས་ཀྱང་འདིར་འཕྲོས་བཤད་དེ་དག་དོར་ནས་དཀྱུས་ལ་འཇུག་པ་ནི།
དེ་ཡང་གུས་དམན་བདག་ལུས་སེམས་གཉིས་ཀ་མ་སྨིན་པའི་འཁོས་ཆུང་དམུས་ལོང་དམིགས་བུས་བོར་བའི་བྱིས་པ་འབྲོག་ཐང་དུ་ལུས་པ་ལྟ་བུའི་སྐབས། སྐུ་གོང་མའི་མཚན་གྱི་ཅོད་པན་བཟང་པོའི་རིགས་ཀྱི་དབང་བསྐུར་སྤྱི་བོར་བསྩལ་བ་དང་བསྟུན་༸སྐྱབས་མགོན་མཆོག་གི་ཞབས་ཀྱི་པདྨོར་ཉེ་བར་བཅར་ཐུབ་པ་ནས་བཟུང་ཐོག་མའི་ཡིག་གཟུགས་འབྲི་རྩལ་ཟབ་ཁྲིད་ཕྱག་བསྟར་གནང་བ་དང་། ཉིན་རེའི་བློ་རྒྱུགས་བཞེས་རྒྱུ་ནས་དབུ་བརྩམས་ད་ལྟའི་བར་མི་ལོ་ཧྲིལ་པོ་ཉེར་བདུན་གྱི་རིང་ལུས་ལ་ཆོས་གོས་རྣམ་གསུམ་བགོ་ཚུལ་དང་། སྤྱོད་ལམ་རྣམ་གསུམ་སྐྱོང་ལུགས་སོགས་སྒོ་གསུམ་གྱི་སྤྱོད་པ་གང་ལ་ཡང་ཐད་ཀ་ཐད་ཀར་དངོས་སུ་དག་ཐེར་གྱིས་དམ་ཆོས་འདུལ་བའི་དགོངས་དོན་དང་མཐུན་པའི་མདོ་ཕྱོགས་ཀྱི་བསླབ་བྱ་བཟང་པོ་དག་གཞིར་བཟུང་། སྔགས་ཕྱོགས་འབུད་རྡུང་དཀྲོལ་གསུམ་དང་འདོན་རྟ་དབྱངས། ཆོ་ག་ཕྱག་ལེན་ནས་བཟུང་རྗེ་གསེར་ཁང་པ་ཡབ་སྲས་ཀྱི་ཕྱག་བཞེས་དུ་མ་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་རྗེན་ཅར་དུ་བསྩལ་ཅིང་ཐེག་པ་ཆེན་པོའི་རྒྱལ་བའི་གསུང་རབ་ཟབ་མོའི་དགོངས་དོན་སྤྱི་དང་། ཆོས་སྲིད་ཀྱི་ལམ་སྟོན་ཟབ་ཅིང་བརླིང་བའི་གདམས་ངག་ཐུགས་ཀྱི་བཅུད་ཕྱུང་བ་ལྟ་བུའི་མན་ངག་གི་ཉིང་བཅུད་རང་མཚང་ལ་ཕོག་པ་གང་དམར་དམར་རྣམས་ཕངས་པ་མེད་པ་སྟོན་པར་མཛད། དུས་དང་རྣམ་པ་ཐམས་ཅད་དུ་ཕྱི་ལུས་ངག་གི་སྤྱོད་ལམ་དང་ནང་བསམ་བློའི་འཁྱེར་སོ་སོགས་ཉིན་ཞག་ཕྲུག་གཅིག་གི་བྱེད་སྒོ་གང་ལ་ཡང་དོན་དམ་དུ་བླ་ཆེན་དང་མི་ཆེན་གྱི་ཚུགས་ཀ་ཡོངས་སུ་དོར་ནས་གནས་ཀྱི་ཡོངས་འཛིན་དང་བཀའ་གདམས་དགེ་བའི་བཤེས་གཉེན་གྱི་ངང་ཚུལ་ཇི་ལྟ་བ་བཞིན་སྐབས་སུ་གང་བབས་ཕས་བུ་ལ་གདམས་པ་ལྟ་བུའི་མཛུབ་ཁྲིད་གནང་།
               སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས་དབུས་བླ་མ་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་དག་གི་ཞལ་སྔ་ནས་དབང་ལུང་མན་ངག་རྒྱ་ཆེ་བ་དང། མདོ་སྔགས་ཀྱི་གཞུང་ཆེན་ལ་སློབ་གཉེར་ཞུ་རྒྱུ་གཙོར་བྱས་བཅུ་ཕྲག་རིག་གནས་དང་བཅས་པར་སྦྱང་བ་བྱ་རྒྱུའི་སྐལ་བ་བཟང་པོ་དེ་དག་སྨིན་བསྩལ་གནང་ཐོག ཞི་དྲག་ཐབས་མཁས་ཀྱི་འཕྲིན་ལས་སྣ་ཚོགས་པའི་སྒོ་ནས་སྐུལ་འདེད་ཡང་ཡང་གནང་སྟེ་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་ངོར་འཆད་རྩོད་རྩོམ་གསུམ་གྱི་ཞོར་དུ་འཁོར་ལོ་གསུམ་གྱི་བགྱི་བ་གང་ལ་ཡང་ཉམས་མྱོང་གསོག་རེ་གནང་སྟེ། གཟིམ་ཆུང་དང་སྤྱི་ཁང་བཞེངས་རྒྱུའི་ལག་གི་བླ་ནས་བཟུང་གྲྭ་ཚང་གི་མཁན་ཚབ་དང་དགེ་རྒན། ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་གཙོ་དང་ཞབས་ཕྱི་སོགས་ལས་དོན་ཆེ་ཕྲ་མང་པོའི་ནང་དངོས་སུ་ཞུགས་བཅུག་སྟེ་རྒྱུད་ཐོག་ཏུ་ཁེལ་བའི་ཉམས་མྱོང་ཡང་དག་པ་གསོག་ཏུ་བཅུག དུས་ནམ་ཡིན་ཡང་ཁེ་གྲགས་ལ་དང་འདོད་མི་གནང་བར་རང་ལ་རེ་ལྟོས་ཅན་གྱི་སྐྱེ་བོ་རྣམས་ཀྱིས་གཙོས་བསྟན་དང་འགྲོ་བ་ལ་ཕན་པ་བསྒྲུབ་རྒྱུའི་འོས་འགན་ཡོད་ལུགས་ཀྱི་བསླབ་བྱ་དོན་ལ་འབབ་ཅིང་སེམས་ལ་གང་ཕན་གཙོར་འདོན་དང་།
                 ཡི་དམ་ཆགས་སྡང་གི་རྣམ་ཅན་དུ་ཕེབས་པ་དག་གི་ང་རྒྱལ་དང་གསལ་སྣང་སྐྱོང་སྐབས་རང་རྒྱུད་ཀྱི་ཆགས་སྡང་གཞོམ་ཐབས་ལ་དམིགས་བསལ་རྩལ་འདོན་བྱེད་ལུགས་སོགས་ཟབ་གསང་གིས་རྒྱས་བཏབ་པའི་མན་ངག་གི་སྒོ་དུ་མའི་གནད་རྣམ་པར་འབྱེད་ཚུལ་སྐབས་དང་དུས་སུ་གདམས་པ། རྒྱུན་དུ་མཁས་གྲུབ་ཆེན་པོའི་རྣམ་པ་མི་སྟོན་པར་སྦས་པའི་རྣལ་འབྱོར་བའམ་དགེ་སྦྱོང་དཀྱུས་མའི་ཚུལ་དུ་བཞུགས་རྒྱུར་མཉེས་ན་ཡང་། གལ་གནད་ལ་ཐུག་དུས་ལུགས་གཉིས་དང་མདོ་སྔགས་རིག་གནས། ཡུལ་སྲོལ་གོམས་གཤིས་དང་བཅས་པ་གང་ལའང་དོགས་འདྲི་ཅི་ཞུས་ལ་ཐོགས་པ་མེད་པར་མཁྱེན་པའི་ཀློང་རྡོལ་བ་ལྟ་བུའི་བཀའ་ལན་གནད་ལ་ཁེལ་ཞིང་ལག་ཏུ་བླངས་བདེ་བ་མང་དུ་བསྩལ་པར་མ་ཟད། ལན་གཅིག་ང་ནི་རིག་འཛིན་བུད་དྷ་རྡོ་རྗེའོ་ཞེས་གསུང་ཞོར་གཞན་གྱིས་མི་མཇལ་སར་༸སྐྱབས་མཆོག་སྐུ་ཕྲེང་བརྒྱད་པ་ཆེན་པོ་རྗེ་བློ་བཟང་འཕྲིན་ལས་ཚང་གི་སྐུ་འཆང་ཕུར་བུ་བྱིན་ཅན་དེ་སྐུ་སྐེད་ལ་བསྣམས་ནས་ཚོགས་མགོན་དེར་ཕེབས་པ་དང་། གཟིགས་སྣང་དང་གཟིམ་ལམ་ཡ་མཚན་པ་རེ་གསུངས་པ་སོགས་མཚམས་རེར་རིམ་གཉིས་ཀྱི་རྣལ་འབྱོར་ལ་གདེང་ཐོབ་པའི་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་རྣལ་འབྱོར་བ་ཆེན་པོའི་ཚུལ་ཡང་འཛིན་པ་བཅས། མཁས་པས་གྲུབ་པ་མ་བཅོམ། གྲུབ་པས་མཁས་པ་མ་བཅོམ་པའི་སྒོ་ནས་ཐུགས་བརྩེས་ཉེ་བར་བསྐྱངས་ཏེ་གུས་པ་རང་གི་དམན་པའི་རང་གཤིས་དང་ངན་སྤྱོད་དག་ལ་ཅི་ཡང་མ་འཛེམས་པར་ཞལ་སློབ་སྐུ་བཅར་གྱི་གྲས་སུ་རྗེས་སུ་བཟུང་བའི་བཀའ་དྲིན་ནི་ཤིན་ཏུ་བླ་ན་མེད་པའོ། །
            གཞན་ཡང་ཚེ་འདིའི་ཟས་གོས་གནས་མལ་སོགས་མདོར་ན་འཆད་ཉན་སློབ་གཉེར་དང་དམ་པའི་ཆོས་སྒྲུབ་པའི་མཐུན་རྐྱེན་གང་དགོས་དང་། ལྷག་པར་བསྙེན་ཆེན་འདིའི་རིང་༸མགོན་པོ་མཆོག་སྐུ་སྒེར་གྱི་མཆོད་གཡོག་ཆེན་མོ་གུས་པའི་མཆོད་དཔོན་དང་མཚམས་ཞབས་གཅིག་ལྕོགས་སུ་ཆེད་བསྐོས་ཀྱིས་གཙོས་ཟང་ཟིང་གི་དངོས་པོ་གང་ལ་གང་འདོད་ཀྱི་གསོལ་རས་དང་ལེགས་སྐྱེས་རང་གིས་ལོངས་སྤྱོད་མི་ནུས་པའི་ཚད་ཅན་གསོལ་བསྩལ་ནར་གཏོང་གནང་བ་སོགས་ཕ་མ་ལས་ལྷག་པའི་གཟིགས་སྐྱོང་བླ་མེད་གནང་བའི་ཁར། བར་ཆད་དང་འཚུབ་ངོ་ཅུང་ཙམ་རེ་ཤར་བའམ་དཀའ་ཁག་ལ་ཐུག་དུས་དངོས་དང་རྨི་ལམ་ཚུན་ཆད་དུ་ཞལ་མཇལ་གསུང་ཐོས་ཀྱི་ལམ་ནས་བྱིན་རླབས་བདུད་རྩི་ཟབ་མོས་དབུགས་དབྱུང་བཀའ་དྲིན་བསྩལ་ཏེ་དགེ་བའི་བྱ་བ་འདི་མཐར་ཕྱིན་ཐུབ་པའི་བཀའ་དྲིན་གྱི་བདག་པོ་ཉག་ཅིག་མཛད།
མཇུག་བསྔོ་བ་ཕུན་སུམ་ཚོགས་པས་རྒྱས་འདེབས་པའི་བརྟན་བཞུགས་གསོལ་འདེབས་ཀྱི་ཞིང་མཆོག་གི་ཚོགས་མགོན་དང་མཐུན་འགྱུར་དཔང་པོ་དམ་པར་བཞུགས་ནས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་འཛིན་བཞིན་པ་སོགས་ཀྱི་བཀའ་དྲིན་འདི་དག་ནི། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་སྔ་ནས། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །ཞེས་དང་། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བས། །མ་རུང་གདུལ་དཀའི་སྙིགས་དུས་འགྲོ་བ་ལ། །བདེ་གཤེགས་ལམ་བཟང་ཇི་བཞིན་སྟོན་པ་ཡི། །སྐྱབས་མགོན་ཐུགས་རྗེ་ཅན། །ཞེས་སོགས་གསུངས་པའི་འབྲུ་དོན་ཇི་ལྟ་བ་བཞིན་ལགས་ལ།
               མདོར་ན་གུས་དམན་བདག་གིས་བསྟན་འགྲོ་སྤྱི་ལ་ཕན་པའི་བྱ་བ་ཅུང་ཙམ་རེ་བསྒྲུབ་ཐུབ་ན་ལྟ་ཅི། སྒོ་གསུམ་གྱིས་རྣམ་དཀར་དགེ་བའི་བྱ་བ་བཅོས་མ་རེ་བགྱིས་པ་ཚུན་ཆད་ནས་འཕྲལ་དང་གཏན་བདེའི་རྒྱུ་ཚོགས་གང་བསགས་ཐམས་ཅད་༸མགོན་པོ་མཆོག་གི་མཛད་འཕྲིན་གྱི་འོད་སྣང་གི་གྲིབ་བསིལ་ལ་མ་བརྟེན་པ་སྣ་གཅིག་མེད་པ་འདི་ནི་ཤིན་ཏུ་ཟབ་ཅིང་ཚད་མེད་པའི་ཐུགས་རྗེ་དང་བཀའ་དྲིན་བརྗོད་པར་དཀའ་ཞིང་བརྗེད་དུ་མི་རུང་བའི་ངང་ཚུལ་མཚོན་ཙམ་ཞུས་པ་ལགས་སོ། །
               དེ་ལྟར་ཡིད་ལ་བཀའ་དྲིན་དྲན་བཞིན་ངག་གི་བརྗོད་པའི་སྒོ་ནས་གཙོ་བོ་བཀའ་བཞིན་སྒྲུབ་པའི་མཆོད་པར་རང་རྒྱུད་ལ་ཉམས་རྟོགས་ཅི་སྐྱེེས་ཀྱི་བཤད་པ་དང་འབྲེལ་བའི་རྟོགས་པ་འབུལ་བའི་ཕྱག་བཞེས་རེ་མཆིས་ཀྱང་། ཕྲན་ལ་ནི་༸སྐྱབས་མགོན་རྡོ་རྗེ་འཆང་གང་གི་མཛད་པར་བཟློག་ཏུ་མེད་པའི་དད་པ་བརྟན་པོ་རྙེད་ནས་རྨི་ལམ་དུ་ཡང་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕངས་པ་མེད་པར་འབུལ་ཐུབ་པའི་སྙིང་སྟོབས་ཅུང་ཟད་བརྟན་དུ་སོང་བ་ཙམ་དང་། མཁས་གྲུབ་སྨྲ་བའི་ཉི་མས། དེང་ནས་བརྩམས་ཏེ་ཚེ་རབས་ཀུན་ཏུ་བདག །ཁྱོད་ཞབས་པདྨོ་གུས་པས་མཆོད་པ་དང་། །ཁྱོད་གསུང་ཉན་ཅིང་སྒོ་གསུམ་བྱ་བ་ཀུན། །ཁྱོད་མཉེས་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། །ཞེས་གསུངས་པ་ཇི་ལྟ་བ་བཞིན་བྱུང་ན་སྙམ་དུ་སྨོན་པ་ཙམ་ལས། དོན་གྱིས་རང་གིས་འབད་པ་དྲག་པོས་སྒྲུབ་པ་རྣལ་མ་ཞིག་བྱེད་མ་ཐུབ་པས་རང་རྒྱུད་དུག་གསུམ་གྱི་རྒྱ་མཚོ་ཆེན་པོར་བྱིང་ཞིང་ཉོན་མོངས་རགས་པའི་གཞན་དབང་དུ་སྔར་ཇི་ལྟ་བ་བཞིན་སོ་ན་གནས་པས་ཞུ་བར་འོས་པའི་ཉམས་རྟོགས་ཀྱིས་ཡོངས་སུ་དབུལ་ཞིང་། གསུང་བཅག་པ་དང་ཐུགས་དཀྲུག་པ་ལ་སོགས་པའི་ཉེས་པ་གྲངས་མེད་བསགས་དང་གསོག་བཞིན་པའི་ངང་ཚུལ་ལ་སྙིང་ནས་མཐོལ་བཤགས་དང་བཟོད་གསོལ་བཅས། ཞར་ལ་༸མགོན་པོ་མཆོག་གི་བཀའ་བཞིན་སྒྲུབ་པར་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད། ཡ་རབས་སྤྱོད་བཟང་དང་བཅས་རང་རང་གི་འོས་འགན་དང་ཕྲག་ཏུ་བབས་པའི་བྱ་བའི་ཐོག་རྩེ་གཅིག་ཏུ་འབད་བཞིན་པའི་གཞིས་བྱེས་དགོན་གྲོང་གི་ཆོས་ཀྱི་སྤུན་གྲོགས་སེར་སྐྱ་ཡོངས་ལ་ཡི་རངས་བཀའ་དྲིན་ཞུ་བ་དང་ཆབས་ཅིག་ད་དུང་ཡང་སྔར་ལས་ལྷག་པའི་འབད་པ་གནང་རྒྱུའི་རེ་བའི་སྙན་སྐུལ་ཡང་ཟུར་དུ་ཐལ།
              མཇུག་ཏུ་དགེ་བ་བསྔོ་ཞིང་གསོལ་བ་འདེབས་རྟེན་མཎྜལ་བཤད་པ་མཐའ་རྟེན་ཤིས་བརྗོད་དང་བཅས་པས་དོན་བསྡུ་བ་ནི། དེ་ལྟར་སྦྱོར་བ་ཕུན་ཚོགས་པ་དང་དངོས་གཞི་༸སྐྱབས་མགོན་རྡོ་རྗེ་འཆང་གང་གི་གསང་གསུམ་གྱི་མཛད་པ་རླབས་ཆེ་ཞིང་བཀའ་དྲིན་གཞལ་མཐའ་བྲལ་བའི་ཚུལ་བརྗོད་པ་སྔོན་དུ་བཏང་ནས་ཁམས་གསུམ་གང་དུ་གཏོགས་པའི་སྐྱེ་འགྲོ་གདུལ་བྱ་ཡོངས་ཀྱི་ཚབ་བྱས་ཏེ་ཐལ་སྦྱར་སོར་བཅུའི་འདབ་ཕྲེང་སྙིང་གར་ཟུམ་ནས་རྩེ་གཅིག་ཏུ་གསོལ་བ་འདེབས་པའི་སྙིང་པོ་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར་མཁའ་མཉམ་ལུས་ཅན་ཀུན་གྱི་རྒྱུ་དང་འབྲས་བུས་བསྡུས་པའི་ཀུན་འབྱུང་དང་སྡུག་བསྔལ་གྱི་ནད་བརྒྱ་མ་ལུས་པ་དྲུངས་ནས་འབྱིན་པའི་ཆོས་ཀྱི་བདུད་རྩིའི་སྨན་མཆོག འཕྲལ་ཡུན་གྱི་ཕན་བདེ་ལེགས་ཚོགས་དུ་མ་འབྱུང་བའི་གཞི་རྩ་གོང་ན་མེད་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ཡུན་རིང་གནས་པའི་ཐབས་ཚུལ་ནི། མཁས་མཆོག་དབྱིག་གི་གཉེན་པོའི་གསུང་ལྟར་ལུང་ཆོས་སྡེ་སྣོད་གསུམ་གྱི་འཆན་ཉན་དང་། རྟོགས་པའི་བསྟན་པ་བསླབ་གསུམ་གྱི་ཉམས་ལེན་ཁོ་ན་ལ་རག་ལས་ཤིང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས་དབུས་བཤད་སྒྲུབ་ཀྱི་ཁུར་ཆེན་རླབས་པོ་ཆེ་བདག་གིར་བཞེས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་འཕྲིན་ཉག་གཅིག་ལ་རག་ལས་པ་ལྟར། ༸སྐྱབས་གཅིག་མཐོང་བ་དོན་ལྡན་གང་ཉིད་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དྲི་མ་མེད་པ་ཡུན་རིང་དུ་གནས་པ་དང་།
            ཡང་སྒོས་བདག་ཅག་གཞིས་བྱེས་གདུལ་བྱ་ཡོངས་ཀྱི་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གཅིག་དཔྲལ་བའི་མིག་དང་ཁོག་པའི་སྙིང་དང་འདྲ་བ་འཕྲལ་ཡུན་ལེགས་ཚོགས་ཐམས་ཅད་ཀྱི་གཞི་རྟེན་གོང་ན་མེད་པ་འབའ་ཞིག་ཏུ་ངེས་པས་ན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་འགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །ཞེས་ཇི་ལྟར་གསུངས་པ་ལས་མ་འདས་པར་བསྐལ་པ་རྒྱ་མཚོའི་བར་དུ་བཞུགས་དགོས་པ་སོགས་གསོལ་བ་ཕུར་ཚུགས་སུ་འདེབས་པའི་སྙིང་པོའོ། །
              སྤྱིར་ཐུན་མོང་སྣང་ཚུལ་གྱི་དབང་དུ་ཕེབས་པའི་སྐུ་ཚེ་ལ་ཐུགས་བསྐྱེད་དགོས་དོན་དང་མཐུན་པའི་ཚད་དང་མཐའ་རེ་ཡོད་སྲིད་ནའང་། ༸མགོན་པོ་མཆོག་གིས་སྐྱོང་ཡུལ་དགོན་སྡེ་ཁག་གིས་འཆད་ཉན་སློབ་གཉེར་དང་སྒྲིག་ལམ་ཀུན་སྤྱོད་སོགས་ཚུལ་བཞིན་བསྒྲུབ་པ་ཞིག་བྱུང་ན་ངོས་རང་ཚེ་རིང་ནད་མེད་འོང་རྒྱུར་ཐེ་ཚོམ་མི་དགོས་ཞེས་པའི་སྐུ་ཚེ་ཡུན་དུ་བརྟན་པར་བཞུགས་པའི་ཞལ་བཞེས་བཟང་པོའི་བཀའ་དྲིན་གཞལ་བར་དཀའ་བ་མཛད་མ་ཐག་པའི་གཏམ་བཟང་རྣ་བའི་བུ་ག་རུ་བྱུང་བར་དགའ་བ་འབུམ་གྱིས་མྱོས་ཏེ་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ལན་བརྒྱར་གསོལ་བ་འདེབས་པ་དང་།
                སླར་ཡང་གལ་བོ་ཆེ་ལ་ནན་ཏན་ནམ་རྩེ་གཅིག་གསོལ་བ་ཕུར་ཚུགས་སུ་འདེབས་པའི་སྙིང་པོའི་སྙིང་པོའམ་གཙོ་བོའི་གཙོ་བོ་ནི། གུས་ཅག་སྙིགས་དུས་ཀྱི་དམུ་རྒོད་གདུལ་དཀའ་བ་ཉོན་མོངས་རགས་པའི་གཞན་དབང་དུ་གྱུར་པ་དག་གིས་སྒོ་གསུམ་གྱི་སྤྱོད་པ་བཀའ་བཞིན་དུ་བསྒྱུར་མ་ཐུབ་པར་ངན་སྤྱོད་ཀྱི་དབང་དུ་ཤོར་བ་མང་དུ་འབྱུང་སྲིད་ནའང་། སྤྱིར་འཁོར་བར་གནས་པའི་སྐྱེ་བོའི་ཁམས་དང་མོས་པ་སྣ་ཚོགས་པའི་རང་གཤིས་བཅོས་དཀའ་བ་དང་ལྷག་པར་དམུ་རྒོད་གདུལ་དཀའ་བ་དག་གི་མི་བསྲུན་བརླང་སྤྱོད་ཀྱི་ངང་ཚུལ་ལ་དགོངས་ནས། དེ་ལྟ་བུའི་གདུལ་བྱ་སྒོ་གསུམ་དམན་པ་བདག་དང་བདག་ལྟ་བུ་དག་གི་བྱས་ཉེས་ངན་པའི་རིགས་དམིགས་རྐྱེན་དུ་མཛད་ནས་ཐུགས་སུན་པ་དང་ཞུམ་པ་སོགས་བར་ཆད་ཀྱི་དབང་དུ་གཏོང་བ་ལྟ་ཅི་ཐུགས་བརྩེ་བ་ཆེན་པོས་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ་སྐུ་ཚེ་བརྟན་པར་བཞུགས་དགོས་པ་ནི། ལྷར་བཅས་སྐྱེ་དགུའི་གཙུག་རྒྱན་བདག་ཅག་དཔོན་སློབ་ཀུན་གྱི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བླ་ན་མེད་པ། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་བཅུ་བཞི་པ་མཆོག་གི་ཞལ་གྱི་བུམ་བཟང་ལས། བློ་བཟང་གྲགས་སྙན་བསྟན་པའི་རྒྱལ་མཚན་མཆོག། །འཛིན་ལ་སྙིང་སྟོབས་གོ་ཆ་མི་ལྷོད་པས། །མི་སྲུན་བརླང་སྤྱོད་འཚུབ་ཀྱང་འཇིགས་མེད་པའི། །ཡེ་ཤེས་རྒྱ་མཚོའི་གཏེར་ཁྱོད་ཞབས་བརྟན་ཤོག །ཅེས་བཀའ་གསུང་རྡོ་རྗེའི་རི་མོས་ཇི་ལྟར་བརྟན་པར་བཞུགས་དགོས་པ་ཆེད་དུ་ནན་བསྐུལ་མཛད་པར་མ་ཟད། དེ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྤྱི་དང་ཡང་སྒོས་འདུལ་བར་དཀའ་བའི་མཐའ་འཁོབ་གདུལ་བྱའི་མགོན་དུ་ཕེབས་པ་དག་གི་དགོས་དོན་དང་མཛད་པའི་སྙིང་པོ་རུ་ཡང་གྱུར་པ་སྟེ། རྒྱལ་མཆོག་བདུན་པ་ཆེན་པོས། མི་བཟད་སྙིགས་མའི་ངང་ཚུལ་འདི་འདྲར་འཕགས་པས་བཏང་སྙོམས་མཛད་ལགས་ན། །སྔོན་གྱི་ཐུགས་དམ་དེ་ཡིས་ཅི་འཚལ་འབངས་རྣམས་སུ་ཞིག་སྐྱབས་ལ་བསྟེན། །ཞེས་གསུངས་པ་ལྟར་རོ། །
                 དེ་ལྟ་བས་ན་སྔོན་ཐུགས་བསྐྱེད་དང་དམ་བཅའ་ཇི་ལྟར་མཛད་པ་དེ་བཞིན་དུ་བདག་ཅག་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་དམ་པར་དགུང་གྲངས་བརྒྱ་ཕྲག་བརྒལ་བར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་པད་མི་འགྱུར་རྡོ་རྗེའི་གཤིས་སུ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་ཏེ། ཇི་སྐད་དུ་རྒྱལ་བའི་སྲས་མཆོག་དཔལ་ཞི་བ་ལྷ་ཡིས། ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་གསུངས་པ་ལྟར་ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་བསྐོར་དུ་གསོལ་ཞེས་བདག་གིས་སྨོན་ཚིག་བཟང་པོས་བརྒྱན་པའི་གསོལ་འདེབས་འདི་དག་དང་ལྷན་ཅིག་པར་མཁའ་དབྱིངས་ངོས་ཀུན་ཏུ་ཁྱབ་པའི་རྩ་རྒྱུད་བླ་མ་དང་ཡི་དམ་ཞི་ཁྲོ། རྒྱལ་དང་རྒྱལ་སྲས་ཚངས་དང་ལྷ་དབང། དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་ཀླུ་མཐུ་བོ་ཆེ་དང་དྲང་སྲོང་བདེན་ཚིག་ལ་དབང་བ་སོགས་སྤྱི་དང་།
                 ཁྱད་པར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས། གུར་ཞལ་ཕྱི་ནང་གསང་བའི་གཤིན་རྗེ་དང་། །རྒྱལ་ཆེན་སྐུ་ལྔ་ཀརྨ་བཛྲ་དང་། །རྡོ་རྗེ་དཔའ་རྩལ་ལ་སོགས་སྲུང་མས་ཀྱང་། །ཞབས་བརྟན་མཛད་འཕྲིན་སྤེལ་བའི་གདོང་གྲོགས་མཛོད། །ཅེས་ཇི་ལྟར་ཆེད་དུ་འཕྲིན་བསྐུལ་མཛད་པ་དེ་བཞིན་དུ་༸མགོན་པོ་མཆོག་གི་ཐུན་མོང་མ་ཡིན་པའི་བསྟན་སྲུང་ལྷ་གཅིག་གུར་གྱི་མགོན་པོ་དང་ཞལ་བཞི་པ་གཉིས་ཀྱིས་གཙོས་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་། ཡང་སྒོས་བདག་ཅག་དང་ལས་སྨོན་དམ་ཚིག་མཐུན་ཞིང་རིག་འཛིན་རྡོ་རྗེའི་སྤུན་དུ་གྱུར་པ། འཇམ་དཔལ་ཁྲོས་པ་ཆེན་པོའི་ཡེ་ཤེས་ཀྱི་རང་མདངས་༸རོང་ཆེན་ཆོས་ཀྱི་རྒྱལ་པོའི་སྒོས་ཀྱི་བཀའ་སྲུང་དུ་མངོན་པར་ཤར་བ། མྱུར་མགྱོགས་འཕྲུལ་གྱི་རྒྱལ་པོ་རྒྱལ་ཆེན་ཀརྨ་བཛྲ་འཁོར་དང་བཅས་པས་ཀྱང་དེ་དེ་བཞིན་དུ་གྱུར་ཅིག་ཅེས་བདེན་ཚིག་ཤིས་བརྗོད་ཀྱི་སྒྲ་དབྱངས་མགྲིན་གཅིག་ཏུ་སྒྲོག་པ་གདོན་མི་ཟ་བས་ན། གུས་ཅག་ལྷ་དང་བཅས་པའི་གདུལ་བྱ་ཡོངས་ཀྱི་རེ་འབྲས་དོན་སྨིན་དུ་འགྱུར་བའི་ཞལ་བཞེས་ནོར་བུའི་ཅོད་པན་སྤྱི་བོའི་མཛེས་རྒྱན་དུ་ཅི་ནས་ཀྱང་སྩོལ་བ་མཁྱཻེན། མཁྱཻེན། མཁྱཻེན་ཅེས་གསོལ་བ་འདེབས་རྟེན་དུ།༑བདོག་པའི་དངོས་པོ་ཅུང་ཙམ་རེ་འབུལ་བ་ལས།
              མཎྡལ་ནི། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བརྒྱད་པ་ལས། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ལ། །དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཞེས་དང༌། སློབ་དཔོན་དཔའ་བོས། སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང༌། །སྣ་ཚོགས་ནད་ཀྱི་འཇིགས་གྲོལ་བ། །གང་ཡིན་དེ་ནི་སྐད་ཅིག་འཐོབ། །ཅེས་སོགས་ཤེས་བྱེད་ཀྱི་ལུང་དང་། སྤྱིར་མཎྡལ་གྱི་ངོ་བོ་དང་སྐད་དོད། དགོས་དམིགས་དང་ཕན་ཡོན། ཕྱི་ནང་གསང་གསུམ་གྱི་དབྱེ་བ་དང་ཚོམ་བུ་ཉེར་བདུན་དང་སོ་བདུན་འབུལ་ཚུལ་སོགས་བཤད་པ་རྒྱ་ཆེ་ཞིང་ཚོགས་གསོག་གི་རྒྱུར་ཤིན་ཏུ་གལ་ཆེ་བས། འདིར་བྱང་འདྲེན་ཆེན་མོ་ནས་ཇི་ལྟར་དབུ་སྐུལ་མཛད་དེ་དགེ་འདུན་འདུས་མང་དང་བཅས་པའི་མགྲིན་གཅིག་དབྱངས་གཅིག་ཏུ་ཕུལ་བ་འགྲོ་མགོན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པའི་མཎྜལ་སོ་བདུན་མ་འདིའི་བཤད་པ་ཅུང་ཙམ་སྤྲོ་བ་ལ།
                 དེའང་རྒྱུ་ཕུན་སུམ་ཚོགས་པ་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་རི་གླིང་སོགས་མ་ཡིན་པར། རང་ཅག་རྣམས་ཀྱིས་དུས་གསུམ་དུ་བསགས་དང་གསོག་བཞིན་པའི་དགེ་བའི་རྩ་བ་སྤྱི་དང་བཀའ་བཞིན་སྒྲུབ་པའི་མཆོད་པར་རྣམ་དཀར་ཆོས་མཐུན་གྱི་བྱ་བ་གང་ཞིག་བསྒྲུབས་པ་རྣམས་དང་། བྱེ་བྲག་ཏུ་གུས་པ་རང་གི་ལུས་ལོངས་སྤྱོད་དང་བསྙེན་མཚམས་ཆེན་མོའི་རིང་ཀུན་སློང་རྣམ་པར་དག་པའི་སྒོ་ནས་འབད་པ་ཆེན་པོས་བསྒྲུབས་པའི་སྔོན་འགྲོ་ཐུན་མོང་ལམ་སྦྱོང་གི་ཚོགས་བསགས་ནས་དངོས་གཞི་རྒྱུད་སྡེ་བཞིས་བསྡུས་པའི་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་བསྙེན་སྒྲུབ་གང་སོང་བ་སོགས་ཀྱི་སྒྲུབ་ཐོ་ཟུར་ཕུལ་ལྟར་གྱི་དགེ་བའི་རྩ་བ་གང་བསགས་པ་ལས་གྲུབ་ཅིང༌། རྣམ་པ་རིན་པོ་ཆེ་ལས་གྲུབ་པའི་རི་གླིང་སོགས་ཞིང་ཁམས་ཀྱི་བཀོད་པར་སྣང་བ། བརྟན་གཡོའི་དངོས་པོ་ཀུན་གྱི་རྟེན་དང་གཞིར་གྱུར་པའི་ཆོས་ཀྱི་དབྱིངས་ལ་མཐའ་དབུས་མེད་ཅིང་རྣམ་རྟོག་གི་གྲྭ་ཟུར་དང་བྲལ་བ་མཚོན་པ་ལ་དཀྱིལ་འཁོར་གསུམ་པོ་དབྱིབས་ཟླ་བའི་དཀྱིལ་འཁོར་ལྟར་ཟླུམ་ཞིང༌། འོག་གཞི་རླུང་གི་དཀྱིལ་འཁོར་རྔམས་སུ་དཔག་ཚད་ས་ཡ་གཅིག་དྲུག་འབུམ་དང་རྒྱར་གྲངས་མེད་གཅིག དེའི་སྟེང་དུ་གསེར་གྱི་སྙིང་པོ་ཅན་གྱི་མཚོ་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད་པ། དེའི་སྟེང་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་པ་མཚོན་པ་ལ་རྡུལ་གྱིས་ཡོངས་སུ་དབེན་པའི་དབང་ཆེན་གསེར་གྱི་ས་གཞི་རྔམས་སུ་དཔག་ཚད་སུམ་འབུམ་ཉིས་ཁྲི། ཆུ་དང་དེ་གཉིས་ཀའི་རྒྱར་དཔག་ཚད་འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ཕྱེད་དང་ལྔ་ཡོད་པ། དེའི་སྟེང་དུ་རྒྱུད་བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པའི་རྟགས་སུ་བ་བྱུང་སོགས་ཀྱི་སྤོས་ཆུས་ལེགས་པར་བྱུག་པ།
                 ཕྱིའི་བར་ཆད་ནང་དུ་མི་གཏོང་ཞིང་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་རྟགས་སུ་ཁོར་ཡུག་ཏུ་ལྕགས་རི་གྲུ་བཞི་པས་ཡོངས་སུ་བསྐོར་བ། དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་དངུལ་ལམ་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ། དེ་དག་གི་ཐད་ཀྱི་ནམ་མཁའ་ཡང་རང་མདོག་ཏུ་སྣང་བ། དཔག་ཚད་བརྒྱད་ཁྲི་མཚོར་ནུབ་ཅིང་བརྒྱད་ཁྲི་གྱེན་དུ་འཕགས་པ། མཐའ་སྐོར་དུ་གསེར་གྱི་རི་བདུན་དང༌། བར་མཚམས་རྣམས་སུ་ཀླུའི་རྒྱལ་པོ་རྣམས་རྩེ་ཞིང་རོལ་པའི་གནས་རོལ་མཚོ་བདུན་གྱིས་བསྐོར་བ། རི་རབ་ཀྱི་བང་རིམ་དང་པོར་གནོད་སྦྱིན་ལག་ན་གཞོང་ཐོགས་དང༌། གཉིས་པར་ཕྲེང་ཐོགས། གསུམ་པར་རྟག་མྱོས། བཞི་པ་དང་གསེར་རི་རྣམས་ལ་རྒྱལ་ཆེན་རིས་བཞི། རི་རབ་ཀྱི་སྟེང་དུ་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་དང༌། དབུས་སུ་ལྷ་དབང་བརྒྱ་བྱིན་གྱི་བསྟི་གནས་རྣམ་པར་རྒྱལ་བའི་ཁང་བཟང༌། ཕྱོགས་བཞིར་ཚལ་ཆེན་པོ་བཞི། བྱང་ཤར་གྱི་མཚམས་སུ་ཡོངས་འདུའི་ལྗོན་བཟང༌། ལྷོ་ནུབ་ཏུ་ཆོས་བཟང་ལྷའི་འདུན་ས་སོགས་སུམ་ཅུ་རྩ་གསུམ་གྱི་བཀོད་པ་ཕུན་སུམ་ཚོགས་པ། དེའི་སྟེང་གི་ནམ་མཁའ་ནས་ཡར་འཐབ་བྲལ་དང༌། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་བཅས་འདོད་ཁམས་ཀྱི་ལྷ་གནས་རྣམས་དང༌། ཚང་རིས་ནས་འོག་མིན་བར་གྱི་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་བཀོད་པ་ཡོངས་སུ་རྫོགས་པ། རི་རབ་ཀྱི་ཤར་ཕྱིའི་རྒྱ་མཚོའི་ནང་དུ་ཤར་གླིང་དཀར་པོ་དབྱིབས་ཟླ་གམ་བཅད་ཁ་ཆུང་བ་ཕྱིར་བསྟན་པ་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་དང༌། ངོས་གཞན་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་རེ་ཡོད་པ། ལྷོ་གླིང་སྔོན་པོ་སོག་ཁ་ངོས་ཆུང་ཤོས་ལྕགས་རི་ལ་ཕྱོགས་པ་ལ་དཔག་ཚད་ཕྱེད་བཞི། གཞན་གསུམ་ལ་སྟོང་ཕྲག་གཉིས་རེ་ཡོད་པ། ནུབ་གླིང་དམར་པོ་ཟླུམ་པོ་མཐའ་བསྐོར་དུ་སྟོང་ཕྲག་ཕྱེད་དང་བརྒྱད་ཀྱིས་འཁོར་བ། བྱང་གླིང་སེར་པོ་གྲུ་བཞི་ཕྱོགས་རེ་ལ་དཔག་ཚད་སྟོང་ཕྲག་གཉིས་རེ་སྟེ་བསྡོམས་ན་སྟོང་ཕྲག་བརྒྱད་ཡོད་པ། གླིང་ཆེན་རེ་རེའི་གཡས་གཡོན་དུ་གླིང་ཕྲན་གཉིས་རེ་སྟེ་བརྒྱད་ཡོད་ཅིང༌། གླིང་གཡོག་རྣམས་ཀྱི་ཁ་དོག་དང་དབྱིབས་གླིང་ཆེན་རྣམས་དང་འདྲ་ཞིང་ཚད་ཕྱེད་ཀྱིས་ཆུང་བ། ཤར་གླིང་གསུམ་གྱི་ནང་ཐམས་ཅད་དུ་བཻ་ཌཱུརྱ་དང༌། པདྨ་རཱ་ག ཨིནྡྲ་ནཱི་ལ་སོགས་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་རི་གྲངས་མེད་པས་གང་བ། ལྷོ་གླིང་གསུམ་གྱི་ནང་ཐམས་ཅད་དུ་རྩ་བ་གསེར། སྡོང་པོ་དངུལ། ཡལ་ག་བཻ་ཌཱུརྱ། ལོ་མ་ཤེལ། འདབ་མ་སྤུག མེ་ཏོག་མུ་ཏིག་དམར་པོ། འབྲས་བུ་རྡོ་ཡི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་སྤེལ་མར་གྲུབ་པའི་ཤིང་གྲངས་མེད་པས་གང་བ། ནུབ་གླིང་གསུམ་གྱི་ནང་ཐམས་ཅད་དུ་རྭ་དང་རྨིག་པ་ཨིནྡྲ་ནཱི་ལ་ལས་གྲུབ་ཅིང༌། གུར་ཀུམ་བརྩེགས་པའི་ལྷུན་པོ་ལྟར་མདོག་དམར་སེར། སྤུ་རེ་རེ་ལས་ཀྱང་དགོས་འདོད་ཐམས་ཅད་ཆར་ལྟར་དུ་འཇོ་བའི་འདོད་འཇོའི་བ་གྲངས་མེད་པས་གང་བ། བྱང་གླིང་གསུམ་གྱི་ནང་ཐམས་ཅད་དུ་ས་བོན་མ་བཏབ་ཅིང་གཤོལ་གྱིས་མ་རྨོས་ཀྱང་རང་བཞིན་གྱིས་སྐྱེ་བའི་འབྲས་སཱ་ལུ་སོགས་ཇི་ལྟར་བརྔས་ཀྱང་སླར་སྐྱེ་བས་གང་བ།
               ཡང་ཤར་གླིང་གི་སྟེང་གི་ནམ་མཁའ་ལ་རྒྱལ་པོའི་བསོད་ནམས་ཀྱི་མཐུ་ལས་བྱུང་བའི་འཁོར་ལོ་རྩིབས་སྟོང་དང་ལྡན་ཅིང་རྒྱུ་འཛམ་བུའི་ཆུ་གསེར་ལས་གྲུབ་པ། རྒྱལ་པོ་གཞན་དུ་འགྲོ་བའི་ཚེ་ནམ་མཁའ་ནས་དཔུང་ཚོགས་ཡན་ལག་བཞི་དང་བཅས་འགྲོ་ཞིང༌། གླིང་བཞི་དབང་དུ་བསྡུ་ནུས་པ་གྲངས་མེད་པས་གང་བ། ལྷོ་གླིང་གི་ནམ་མཁའ་ལ་བཻ་ཌཱུརྱ་ལས་གྲུབ་པའི་ནོར་བུ་རིན་པོ་ཆེ་ཟུར་བརྒྱད་དང་ལྡན་ཞིང་གསོལ་བ་གང་བཏབ་ཡིད་བཞིན་དུ་འགྲུབ་པ། གྲང་བའི་དུས་སུ་དྲོ་བ་དང་ཚ་བའི་དུས་སུ་བསིལ་བར་བྱེད་ལ། འོད་ཀྱིས་དཔག་ཚད་བརྒྱད་སྣང་བར་བྱེད་པ་གྲངས་མེད་པས་གང་བ། ནུབ་གླིང་གི་ཐད་ཀྱི་ནམ་མཁའ་ལ་མཛེས་ཤིང་བལྟ་ན་སྡུག་པའི་བཙུན་མོ་རིན་པོ་ཆེ་ལུས་དང་ཁ་ལས་དྲི་ཞིམ་བྲོ་ཞིང་བུད་མེད་ཀྱི་སྐྱོན་བརྒྱད་དང་བྲལ་བ། ལུས་ལ་ལྷ་རྫས་ཀྱི་གོས་དང་ནོར་བུའི་རྒྱན་ཆ་འཕྱང་བས་བརྟན་གཡོའི་མཛེས་སྡུག་གི་དཔལ་ཡོན་ཀུན་འཕྲོག་པར་བྱེད་པ་གྲངས་མེད་པས་གང་བ། བྱང་གླིང་གི་སྟེང་གི་བར་སྣང་ནས་མཁས་ལ་ཡིད་གཞུང་ཞིང་ཆོས་ཀྱི་བྱ་བ་དང་ལྡན་པ། རྒྱལ་པོའི་བཀའ་ཉན་ཅིང་བྱ་བ་ཐམས་ཅད་གཞན་ལ་གནོད་པ་མེད་པར་བསྒྲུབ་ཐུབ་པའི་བློན་པོ་རིན་པོ་ཆེ་གྲངས་མེད་པས་གང་བ། ཤར་ལྷོའི་ཐད་ཀྱི་ནམ་མཁའ་ལ་གངས་ཀྱི་རི་བོ་དལ་གྱིས་འགྲོ་བ་ལྟ་བུའི་གླང་པོ་རིན་པོ་ཆེ་ཐལ་ཀར་མཆེ་བ་དྲུག་དང་ལྡན་ཅིང༌། གླང་ཆེན་ཕལ་པ་སྟོང་གི་མྱུར་ཤུགས་ཅན་ཉིན་རེར་འཛམ་གླིང་ལན་གསུམ་རེ་བསྐོར་ཐུབ་ཅིང༌། སྐུད་པ་ཕྲ་མོ་རེས་ཀྱང་ཁ་ལོ་བསྒྱུར་ཐུབ་པ་གྲངས་མེད་པས་གང་བ། ལྷོ་ནུབ་ཀྱི་སྟེང་གི་ནམ་མཁའ་ལ་གཞོན་པའི་མཆོག་བསམ་པ་ལྟར་བྱེད་ལ། མདོག་རྨ་བྱའི་མགྲིན་པ་ལྟར་ཡིད་དུ་འོངས་ཤིང་གཙུག་ན་ནོར་བུས་མཛེས་པ། ནམ་མཁར་འཕགས་ཏེ་གླིང་བཞིར་ཡུད་ཀྱིས་བསྐོར་བའི་རྟ་མཆོག་རིན་པོ་ཆེ་བརྒྱ་སྟོང་གིས་གང་བ། ནུབ་བྱང་གི་བར་སྣང་ལ་སྒྱུ་རྩལ་ཐམས་ཅད་ཕུན་སུམ་ཚོགས་ལ་དཔུང་ཚོགས་ཡན་ལག་བཞི་དང་ལྡན་པ། ཕ་རོལ་གྱི་དགྲ་སྡེ་ཐམས་ཅད་གནོད་པ་མེད་པར་ཆམ་ལ་འབེབས་ཤིང་དཔའ་རྩལ་ཀུན་ནས་རྫོགས་པའི་དམག་དཔོན་རིན་པོ་ཆེའི་ཚོགས་ཀྱིས་གང་བ།
                བྱང་ཤར་གྱི་ཐད་ཀྱི་བར་སྣང་དུ་ཅི་འདོད་པའི་ལོངས་སྤྱོད་ཐམས་ཅད་ནམ་མཁའི་མཛོད་ལྟར་མི་ཟད་པར་ལེན་དུ་ཡོད་པའི་གཏེར་ཆེན་པོའི་བུམ་པ་དར་གྱི་མགུལ་དཀྲིས་དང་དཔག་བསམ་གྱི་ཤིང་གི་ཁ་རྒྱན་ཅན་མཐའ་ཀླས་པས་གང་བ། གསེར་རི་ཕྱི་མ་དྲུག་གི་སྟེང་གི་བར་སྣང་འཇའ་སྤྲིན་གྱི་ཀློང་ནས་ཕྱི་ནང་གི་མཆོད་པའི་ལྷ་མོ་བརྒྱད་དེ། ཤར་དུ་སྒེག་པ་མ་དཀར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་རེ་རེ་སྙེམས་པའི་ཚུལ་གྱིས་འཛིན་ཅིང་གཟུགས་ཀྱི་ལང་ཚོ་ངོམ་པ། ལྷོར་ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཕྱང་བ། ནུབ་ཏུ་གླུ་མ་དཀར་དམར་འགྱུར་ཁུག་སྟོང་ལྡན་གྱི་གླུ་དབྱངས་ལེན་ཅིང་པི་ཝང་བརྡུང་བས་བྲེལ་བ། བྱང་དུ་གར་མ་ལྗང་གུས་རྡོ་རྗེ་རྩེ་གསུམ་པ་རེ་རེ་འཛིན་ཅིང་བྲོ་གར་གྱི་ཉམས་འགྱུར་བསྒྱུར་བ། ལྷོ་ནུབ་ཏུ་བདུག་སྤོས་མ་དཀར་མོ་ཕྱག་ན་སྤོས་སྣོད་ཐོགས་ནས་དྲི་ཞིམ་སྤོས་ཀྱི་དུད་སྤྲིན་འཐུལ་བ། ཤར་ལྷོར་མེ་ཏོག་མ་སེར་མོ་མེ་ཏོག་གིས་གང་བའི་ཟ་མ་ཏོག་འཛིན་ཅིང་མེ་ཏོག་སྣ་ཚོགས་པའི་ཆར་འབེབས་པ། ནུབ་བྱང་དུ་མར་མེ་མ་དམར་སྐྱ་རྩི་མར་གྱིས་གང་བའི་རིན་པོ་ཆེའི་སྒྲོན་མེ་ཐོགས་ནས་འོད་ཀྱིས་འཇིག་རྟེན་ཐམས་ཅད་སྣང་བར་བྱེད་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་གུ་དྲི་བཟང་གི་ཆུས་གང་བའི་དུང་ཕོར་བསྣམས་ནས་དྲི་ཆུས་བྱུག་པའི་ཕྱག་རྒྱ་མཛད་པ། མཆོད་པའི་ལྷ་མོ་བརྒྱད་པོ་རེ་རེའང་གྲངས་མེད་པ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་ཤིང༌། ཟག་མེད་ཀྱི་བདེ་བ་བསྐྱེད་པའི་ཉམས་འགྱུར་དུ་མ་དང་བཅས་ཏེ་བཞེངས་སྟབས་ཀྱིས་བཞུགས་པ། གསེར་རི་དང་པོ་གཉའ་ཤིང་འཛིན་གྱི་སྟེང་གི་ཐད་ཀྱི་ཤར་དུ་ནོར་བུ་མེ་ཤེལ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་རྩ་གཅིག་ཡོད་པ། འོད་ཀྱིས་ཕྱོགས་ཀུན་ཁྱབ་ཅིང་གླིང་བཞིའི་མུན་པ་འཕྲོག་པ། ནུབ་ཏུ་ཟླ་བའི་དཀྱིལ་འཁོར་ནོར་བུ་ཆུ་ཤེལ་ལས་གྲུབ་ཅིང་དཔག་ཚད་ལྔ་བཅུ་ཡོད་པའི་འོད་ཀྱིས་ཕྱོགས་ཀུན་ཁྱབ་པ། གཡས་སུ་ལྷ་རྫས་ལས་གྲུབ་པའི་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་དང་ཡིད་བཞིན་ནོར་བུའི་ཏོག་ཅན་ཁོར་ཡུག་ཏུ་ཟབ་གོས་དང་རིན་པོ་ཆེའི་འཕྱང་འཕྲུལ་དང་ལྡན་པ། གཡོན་དུ་ནོར་བུའི་ཏོག་དང་གསེར་གྱི་ཡུ་བ་ཅན་གྱི་ལྷ་རྫས་ལས་བྱས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བཅས་དེ་བཞི་པོ་རེ་རེའང་བགྲང་བ་ལས་འདས་པ།
             དེ་དག་གི་བར་མཚམས་རྣམས་སུ་བཀྲ་ཤིས་པའི་རྟགས་བརྒྱད་དང༌། རྫས་བརྒྱད། ཉེ་བའི་རིན་ཆེན་བདུན། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཕྱུར་བུར་གང་ཞིང༌། ཤིན་ཏུ་གཙང་ཞིང་ཡིད་དུ་འོང་བའི་རྣམ་པ་ཅན། དེ་ཐམས་ཅད་ཀྱང་རང་རང་ལ་མངའ་བའི་ཐུན་མོང་མ་ཡིན་པའི་དཔལ་ཡོན་ལོངས་སྤྱོད་ཉི་ཟེར་གྱི་རྡུལ་འཁྲིགས་པའམ། ཁ་ཆར་བུ་ཡུག་འཚུབས་པ་ལྟར་འོད་ཟེར་སྟོང་ལྡན་འཕྲོ་བས་ཉི་ཟླ་ནོར་བུའི་འོད་ཀྱང་མོག་མོག་པོར་བྱེད་ཅིང་ནམ་མཁའི་ཁྱོན་ཡང་དོགས་པོར་བྱེད་པ་སྟེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ཡིན་ལ། དེ་འདྲ་བ་སྟོང་ཕྲག་གཅིག་གི་མཐར་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས། ཡང་དེ་འདྲ་བ་སྟོང་ཕྲག་གཅིག་གི་མཐར་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་བ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས། ཡང་དེ་འདྲ་བ་སྟོང་ཕྲག་གཅིག་གི་མཐར་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ་གླིང་བཞི་ཉི་ཟླ་རི་རབ་ལྷ་གནས་བཅས་བྱེ་བ་ཕྲག་བརྒྱར་གནས་པ། དེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། འོད་ཟེར་རེ་རེའི་རྩེ་མོ་ལ་རིན་པོ་ཆེ་ལས་གྲུབ་པའི་པདྨ་སྟོང་གསུམ་གྱི་རྒྱ་ཁྱོན་དང་མཉམ་པ་རེ་རེ། དེ་རེ་རེའི་སྟེང་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་རེ་རེ་སོགས་དང༌། དེ་རྣམས་ཀྱི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུའང་ཞུས་མ་ཐག་པའི་མཎྜལ་རྡུལ་སྙེད་དུ་འཁྲིགས་ཤིང༌། སོ་སྐྱེའི་བློས་དཔག་པར་མི་ནུས་ལ་མཐའ་གཏུགས་པ་མེད་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་བ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་དང་རྗེས་སུ་མཐུན་པ་ལྟ་བུ་ངོ་བོ་བཟང་ཞིང་རྒྱ་ཆེ་བ། གསལ་ལ་མ་འདྲེས་པ་དྭངས་གསལ་འཇའ་ཚོན་གྱི་རང་བཞིན་དུ་བཀྲ་བ་མཐའ་མེད་པའི་བར་སྤྲོས་ཏེ། སྒོ་གསུམ་གུས་པ་ཆེན་པོས་དེ་ལྟ་བུའི་མཎྜལ་འབུལ་བ་སྔོན་དུ་བཏང་ནས།
                སྐུའི་རྟེན་དུ་ཞྭ་སེར་བསྟན་པའི་གསལ་བྱེད་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་ཡབ་རྗེ་བླ་མ་༸སྐྱབས་མཆོག་སྐུ་ཕྲེང་བརྒྱད་པ་ཀུན་གཟིགས་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ་དཔལ་བཟང་པོ་མཆོག་དང། བཅོམ་ལྡན་འདས་རྒྱལ་བ་ཚེ་དཔག་མེད། འཕྲིན་ལས་ཀྱི་ལྷ་གཅིག་ཨཱརྱ་ཏཱ་རེ་མ་བཅས་ཀྱི་གསེར་སྐུ་བྱོན་ལེགས་རེ་དང།
                གསུང་གི་རྟེན་དུ་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཚར་ ༡༣ དང། རྡོ་རྗེ་གཅོད་པ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐེག་པ་ཆེན་པོའི་མདོ་བསྡུས་པ་འཕགས་པ་བརྒྱད་སྟོང་པ། འཕགས་པ་བསྐལ་བ་བཟང་པོ་ཞེས་བྱ་ཐེག་པ་ཆེན་པོའི་མདོ། མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་མཚན་གཟུངས་མང་བསྡུས་པ། རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་འགྱུར་ཆ་ཚང་བཞུགས་པའི་སྒྲ་སྒམ་སྤུས་ལེགས། ༸རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དེབ་གཟུགས་སྤུས་ལེགས། ཟུར་བཀའ་བརྒྱ་རྩའི་ཆོག་སྒྲིག་དངོས་གྲུབ་འབྱུང་གནས་བཅས་དང།
                 ཐུགས་ཀྱི་རྟེན་དུ་བྱང་ཆུབ་མཆོད་རྟེན་ཆེན་མོ་བྱོན་གཙང་། གཞན་ཡང་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པ་ཆེན་པོ་ལ་འོས་པའི་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད། ལྷུང་བཟེད། འཁར་གསིལ། སྐུའི་ན་བཟའ་ཆ་ཚང་དང། བཞུགས་ཁྲི་རིན་པོ་ཆེར་འབུལ་བར་འོས་པའི་མཛེས་གོས་ཆ་ཚང་། དབུ་གདུགས་སོགས་འབུལ་ཐོ་ཟུར་གསལ་ལྟར་གྱི་བདོག་པོའི་དངོས་པོ་ཕྲན་བུ་བཅས་ཕུལ་བ་འདི་དག་དགྱེས་བཞེས་གནང་བའི་གསོལ་འདེབས་དང་།
                 སླར་ཡང་གསོལ་བ་འདེབས་པའི་སྙིང་པོའམ་གཙོ་བོ་ནི་མཐའ་ཡས་པའི་འགྲོ་བ་སེམས་ཅན་ཐམས་ཅད་མཐར་ཐུག་གཏན་བདེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། གནས་སྐབས་ཆོས་སྲིད་ཀྱི་ལེགས་ཚོགས་མཐའ་དག་ཡར་ངོའི་ཟླ་བཞིན་རྒྱས་ཆེད་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མཆོག་མཐོང་བ་དོན་ལྡན་ཡབ་སྲས་གཉིས་ཀྱིས་གཙོས་གུས་པའི་བླ་མ་དགེ་བའི་བཤེས་གཉེན་ད་ལྟ་འཚོ་ཞིང་བཞུགས་པ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། གུས་པ་དམ་པའི་ཆོས་ཀྱིས་ལེགས་པར་བསྐྱངས་པའི་བཀའ་དྲིན་གསུམ་ལྡན་གྱི་དཔལ་ལྡན་བླ་མ་དམ་པ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཀིརྟིའི་མཚན་ཞབས་རྡོ་རྗེ་འཆང་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་རྣམ་གཉིས་དང་། ཁུ་བོ་དམ་པ་དམུ་དགེ་ཁེ་ཚང་རིན་པོ་ཆེ་སོགས་བླ་མ་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་ཟིན་པ་རྣམས་ཀྱི་ཐུགས་ཟག་མེད་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང། གུས་པ་རང་ཉིད་གཅེས་ཤིང་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་འཁོར་མཐའ་མེད་པ་ཕུ་བོ་ཞིང་གཤེགས་དགེ་སློང་ཀླུ་སྒྲུབ་རྒྱ་མཚོས་གཙོས་སྐྱེ་དང་སྐྱེ་བར་འབྲེལ་ཐོགས་པའི་སེམས་ཅན་ཚེ་ལས་འདས་ཚད་རྣམས་དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་རིམ་བརྒྱུད་ངོས་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པ་དང། ཚེ་ལྡན་ཕ་མ་གཉིས་དང་རྨོ་རྨོ་དྲིན་ཅན་མ་རྣམས་ཀྱིས་གཙོས་ནང་མི་ཉེ་འབྲེལ་སོགས་རེ་ལྟོས་ཅན་ཡོངས་ཀྱི་བཀྲ་མི་ཤིས་པའི་ཉེར་འཚེ་མཐའ་དག་ལྷག་མེད་དུ་ཞི་སྟེ། ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་རྟག་ཏུ་ལོངས་སྤྱོད་པར་འགྱུར་བ་དང། བདག་གི་བསྙེན་མཚམས་འདི་གཙོ་བོར་གྱུར་པའི་དམ་པའི་ཆོས་སྒྲུབ་པའི་མཐུན་རྐྱེན་དང་རམ་འདེགས་སྒྲུབ་པར་བྱེད་པའི་མི་དང་མི་མ་ཡིན་པ་དང་། ཆོས་ཀྱི་མཆེད་གྲོགས་དམ་པ་བཅས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྒྱལ་བས་བསྔགས་པའི་ལམ་རྣམ་པར་དག་པ་དང་མི་འབྲལ་བའི་ཐུགས་སྨོན་སྐྱབས་འཇུག་དང།
              འདིར་ཚོགས་ཡོངས་ཀྱིས་གཙོས་དགེ་འདུན་འདུས་པའི་ཚོགས་རྣམས་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། ལམ་བསླབ་པ་གསུམ་གྱི་ཉམས་ལེན་སོགས་ཆོས་སྲིད་ལེགས་ཚོགས་མཐའ་དག་ཡར་ཟླའི་དཔལ་ལ་འགྲན་པ་དང་། ཡངས་པའི་འཛམ་གླིང་སྤྱི་དང་ཁྱད་པར་དུ་༸མགོན་པོ་གང་གི་ལྷ་འབངས་གདུལ་བྱ་རྣམས་ཀྱི་གནས་སྐབས་མི་འདོད་པའི་རྐྱེན་ངན་བར་ཆད་མཐའ་དག་ཉེ་བར་ཞི་ཞིང། བོད་གཞིས་བྱེས་ལྷན་འཛོམས་བདེ་སྐྱིད་ཀྱི་དཔལ་ལ་མྱུར་དུ་ལོངས་སྤྱོད་ཐུབ་པ་བཅས་བདག་སོགས་ལུས་ཅན་གདུལ་བྱ་མཐའ་དག་སྐྱེ་བ་ནས་ཚེ་རབས་ཕྲེང་བར་༸སྐྱབས་མཆོག་ཐམས་ཅད་མཁྱེན་པ་གང་གིས་འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པའི་སྐྱབས་འཇུག་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་ཀློང་ཆེན་པོ་ནས་དུས་ནམ་ཡང་འདོར་བ་མེད་པར་མཁྱཻན། མཁྱཻན། མཁྱཻེན་ཅེས་གསོལ་བ་འདེབས་པ་ལགས།


བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །
བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །
བསྟན་པའི་སྤྱིན་བདག་མངའ་ཐང་འབྱོར་བ་རྒྱས། །
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ། 

སརྦ་མངྒ་ལཾ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.