༄༅།། བདག་ཅག་རྣམས་ཀྱི་འདྲེན་མཆོག་གོང་ན་མཆིས་པ་མདོ་སྨད་ལྷོ་རྒྱུད་ཀྱི་བསྟན་པའི་མངའ་བདག་ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གིས་རྒྱ་གར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་གཅིག་པུ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་བསྙེན་མཚམས་ཆེན་མོ་ལེགས་པར་གྲུབ་པའི་དགའ་སྟོན་རྟེན་འབྲེལ་དང་

སླར་ཡང་བོད་ཟླ་ ༡ ཚེས་ ༡༢ ཕྱི་ཟླ་ ༢ ཚེས་ ༡༨ ཉིན་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་ཟུར་ཨ་ཁུ་ཆོས་འཕེལ་ནས་མཎྜལ་ལྗགས་བཤད་དང་ྋཁོང་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ནན་ཞུས་འབྲེལ་ཀིརྟིའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་དང༌། སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ། རྔ་པ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང༌། ཧོར་ཚང་ཀིརྟིའི་དགོན་དགེ་ལྡན་བསྟན་འཕེལ་གླིང་སྒར་གྲོང༌། ཚོ་བདུན་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང༌། གདོང་རི་དགོན་དགེ་ལྡན་དམ་ཆོས་གླིང་བཅས་མ་བུ་དགོན་དྲུག་ནས་བརྟན་བཞུགས་ཕུལ་པ་དང༌།

 

བོད་ཟླ་ ༡ ཚེས་ ༡༣ དང་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་ཚབ་ཨ་ལགས་ཐཱ་ལ་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་དང་འབྲེལ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དང༌། རྒྱ་གར་སུ་ཁེའི་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང༌། ཀིརྟིའི་དགེ་རྩ་ཚོགས་པ། ཨ་ལགས་ལུང་བཟང་ནང་བས་གཙོས་འབྲིང་བ་དགོན་གྲོང༌། གཟའ་རོང་འབྲོག་དང་ཚོང་རུ་ཤོག་ཀ་བཅས་ནས་ྋཁོང་རིན་པོ་ཆེ་མཆོག་བསྟན་དང་འགྲོ་བའི་དཔལ་མགོན་དམ་པར་སྐུ་ཚེ་ྋཞབས་པད་མི་ཤིགས་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་གཟབ་རྒྱས་ཤིག་འབུལ་ལམ་ཞུས་པ་དང༌།

ྋཁོང་རིན་པོ་ཆེ་མཆོག་གདན་སར་བཞུགས་མིན་ལ་མ་ལྟོས་པར་རྟེན་འབྲེལ་གྱི་དོན་དུ་དགོངས་ནས་སྐུའི་གམ་བཅར་པ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གིས་ལོ་ལྟར་ལོ་གསར་ཚེས་ ༢ ཉིན་བདག་སོགས་ལྟོས་བཅས་འགྲོ་བ་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ྋཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པའི་བརྟན་བཞུགས་གསོལ་འདེབས་རེ་ཀིརྟི་ཚང་གི་སློབ་བརྒྱུད་དུ་གཏོགས་པའི་ལྷ་འབངས་ཡོངས་ཀྱི་ཚབ་བྱས་ཏེ་མཚོན་ཙམ་རེ་འབུལ་མུས་ཡོད།

                                            

མཎྜལ་བཤད་པ།

 

༈ འོ་ལགས་སོ། དེ་ཡང་ཇི་སྐད་དུ།

ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་ལྷུན་པོ་འདྲ། །

འཇིག་རྟེན་གསུམ་གྱི་མགོན་པཱུ་དྲི་མ་གསུམ་སྤངས་པ། །

སངས་རྒྱས་པད་མོ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །

འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །

གཞོམ་བྲལ་འཆི་མེད་དངོས་གྲུབ་མཆོག་སྩོལ་བའི། །

ཚེ་དཔག་མེད་མགོན་རྣམ་པར་རྒྱལ་མ་དང༌། །

ཡིད་བཞིན་འཁོར་ལོ་ལ་སོགས་ལྷ་ཚོགས་ཀྱིས། །

ཚེ་དཔལ་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ། །

                                    ཅེས་ཤིས་པར་བརྗོད་པའི་བདེན་ཚིག་པདྨ་དཀར་པོས་མངོན་པར་མཆོད་ཅིང་དགེ་ལེགས་སུ་བྱེད་པ་སྔོན་དུ་བཏང་སྟེ་གང་ཞུ་ན། དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག ཅེས་གསུངས་པ་ལྟར་མཁའ་མཉམ་ལུས་ཅན་ཡོངས་ཀྱི་ཉོན་མོངས་ནད་བརྒྱའི་སྡུག་བསྔལ་དྲུངས་ནས་འབྱིན་པའི་སྨན་དང༌། འཕྲལ་ཡུན་ཕན་བདེ་ལེགས་ཚོགས་མཐའ་དག་འབྱུང་བའི་གཞི་གཅིག་པུ་ནི། ཐུབ་པའི་བསྟན་པ་རིན་པོ་འདི་ཉིད་ཡིན་ལ། དེ་ཡུན་རིང་དུ་གནས་པའི་ཐབས་ཚུལ་ནི། ཇི་སྐད་དུ། མཁས་མཆོག་དབྱིག་གི་གཉེན་པོའི་ཞལ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཞེས་ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང༌། རྟོགས་པའི་བསྟན་པ་བསླབ་གསུམ་གྱི་ཉམས་ལེན་ལ་རག་ལས་པས་ན། དེའང་བཤད་པ་དང་སྒྲུབ་པའི་ཁུར་ཆེན་རླབས་པོ་ཆེ་བཞེས་པའི་བསྟན་འཛིན་དམ་པའི་སྐྱེས་ཆེན་ལྷ་ལམ་ཡངས་པོའི་རྒྱུ་སྐར་གྱི་གྲངས་དང༌། འཛིན་མའི་ཁྱོན་གྱི་དབྱར་དུས་ཆུ་སྐྱེས་རྒྱས་པའི་དཔལ་ཡོན་བཞིན། བགྲངས་ལས་འདས་པ་བྱོན་པའི་ནང་ནས། ཉ་གང་ཟླ་གཞོན་ལྟར་གསལ་ཞིང༌། ཨུ་དུམ་ཝ་ར་བཞིན་མཆོག་ཏུ་བསྔགས་པ། ཆེར་སྙིགས་ལྔ་བདོའི་ལུས་ཅན་ཡོངས་ལ་དུས་གསུམ་བདེ་བར་གཤེགས་པ་རྣམས་ལས་ཀྱང་བཀའ་དྲིན་ལྷག་པར་ཆེ་བ། རྒྱལ་བསྟན་གླིང་བཞིའི་ཁྱོན་ལ་མཁས་བཙུན་བཟང་པོའི་ཡོན་ཏན་དང་འཁོར་ལོ་གསུམ་གྱི་མཛད་འཕྲིན་བཟང་པོས་འདོད་དགུར་དབང་བསྒྱུར་པའི་ཡོངས་རྫོགས་བསྟན་པའི་མངའ་བདག་ཆོས་ཀྱི་རྒྱལ་པོ་ཆེན་པོ་ྋསྐྱབས་གཅིག་མཐོང་བ་དོན་ལྡན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་ཉིད། མང་ཐོས་ནོར་བུའི་མཛོད་འཛིན་མཧཱ་པཎ་ཌི་ཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞལ་ནས། ཁྱོད་ནི་དཔག་མེད་བསྐལ་པའི་སྔོན་རོལ་ནས། །སྟོབས་བཅུ་མངའ་བའི་རྒྱལ་ཐབས་ལ་སྤྱོད་ཀྱང༌། །འཁྲུལ་བྲལ་བློ་བཟང་བསྟན་པའི་ཤིང་རྟ་ཆེ། །ཕྱོགས་སུ་བསྒྱུར་པའི་བྱེད་པོར་བསམ་བཞིན་བྱོན། ཞེས་གསུངས་པ་ལྟར་ངེས་པ་དོན་དུ་བསྐལ་པ་དཔག་ཏུ་མ་མཆིས་པའི་སྔ་རོལ་ནས་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་སྟོབས་བཅུ་མངའ་བའི་རྒྱལ་ཐབས་ལ་སྤྱོད་ཟིན་ཀྱང༌། འཇམ་མགོན་བསྟན་པའི་ཤིང་རྟ་ཆེན་པོ་འདྲེན་པའི་བྱེད་པོར་བསམ་བཞིན་དུ་བྱོན་ཏེ། སྐལ་བ་དང་ལྡན་པའི་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་པའི་རྫིང་བུ་ཇི་སྙེད་པར་གང་ལ་གང་འདུལ་གྱི་གཟུགས་སྐུའི་བཀོད་པ་ཆུ་ཟླའི་རོལ་གར་བཞིན་དུ་བསྟན་ཏེ་འགྲོ་བའི་དོན་མཛད་ཚུལ་ནི། ཡབ་རྗེ་རྒྱལ་བ་གཉིས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་ནས། བསོད་ནམས་ཚོགས་རབ་རབ་འབྱམས་རྒྱུ་ལས་འཁྲུངས་པའི་སྐུ་མཆོག་མཆོག་ཏུ་མཛེས་པ་ཁྱོད་ཀྱི་སྐུ། །ནམ་མཁའི་མཐས་གཏུགས་གཏུགས་པ་མེད་པའི་ཞིང་མཆོག་ཀུན་ཏུ་དུ་མའི་འགྲོ་ལ་མིག་འཕྲུལ་བཞིན། །ལ་ལར་བལྟམ་ཞིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི། །བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས། ཞེས་དང༌། ྋགོང་ས་ལྷ་མིའི་རྣམ་འདྲེན་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞལ་ནས་ཀྱང༌། སྣ་ཚོགས་རོལ་པ་ཅིར་ཡང་འཆར་བའི་ཚུལ། །བློ་ཆེན་སེམས་དཔས་གཞལ་ཀྱང་ཕ་མཐའ་བྲལ། ཞེས་གསུངས་པ་ལྟར་ལགས་ལ། དེའང་ད་ལྟ་ཐུན་མོང་སྣང་ཚོད་དང་བསྟུན་པའི་ཡོངས་གྲགས་འཁྲུངས་རབས་ཀྱི་དབང་དུ་བྱས་ན། ཐུན་མོང་བའི་འཁྲུངས་རབས་རྣམ་ཐར་དཔག་བསམ་ཡོངས་འདུས་ལྗོན་པ་ནས་བྱུང་བའི་སྐུ་ཡི་ཕྲེང་བ་སོ་བདུན་དང༌། གསང་བའི་རྣམ་པར་ཐར་པ་རྟ་ལྗང་དབང་པོ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་སྐུའི་འཁྲུངས་རབས་བདུན་དང༌། བསིལ་ལྗོངས་མདོ་སྨད་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་དུ་འཁྲུངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐུའི་ཕྲེང་བ་བཅུ་གཅིག་བཅས་སྐུའི་ཕྲེང་བ་ང་ལྔ་བྱོན་ཟིན་དང་འབྱོན་པ་འདི་ཀུན་བསྟན་པ་དང་འགྲོ་བའི་ཁུར་ཆེན་རླབས་པོ་ཆེ་འདེགས་བཟོད་པའི་དམ་པའི་སྐྱེ་ཕྲེང་ཟམ་མ་ཆད་པར་བྱོན་པ་རྣམས་ལས་ཆེ་ལོང་ཙམ་བརྗོད་ན།

                            དང་པོ་འཕགས་པའི་ཡུལ་དུ་བསྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཟས་གཙང་གི་སྲས་པོ་ཐུབ་པའི་དབང་པོའི་སྤྱན་སྔར། སྟོན་པ་རང་ཉིད་ཀྱི་ཞལ་ནས། ངའི་ཉན་ཐོས་རྣམས་ཀྱི་ནང་ནས་འདུལ་བ་འཛིན་པ་དང་འགྲོ་བ་འདུལ་བའི་མཆོག་ནི་འདི་ལྟ་སྟེ། ཉེ་བར་འཁོར་ཡིན་ནོ་ཞེས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་པའི་འདུལ་འཛིན་དགྲ་བཅོམ་ཉེ་བར་འཁོར་དང༌། སྙན་པའི་བ་དན་དཀར་པོ་ས་གསུམ་ན་ཡོངས་སུ་གྲགས་པ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་ཚན་དམ་ཆོས་འདུལ་བ་འབུམ་སྡེའི་མངའ་བདག་སློབ་དཔོན་ཡོན་ཏན་འོད་དང༌། དཔལ་ཧེ་རུ་ཀ་དང༌། དགྱེས་པ་རྡོ་རྗེའི་ཞལ་མངོན་གསུམ་དུ་གཟིགས་ཤིང་རྗེས་སུ་བཟུང་བའི་ཚེ་གཅིག་ཉིད་ལ་ཟུང་འཇུག་གི་གོ་འཕང་བརྙེས་པའི་གྲུབ་ཆེན་དྲིལ་བུ་པ་དང༌། ནག་པོ་དམ་ཚིག་རྡོ་རྗེ་སོགས་ཟུང་འཇུག་གྲུབ་པའི་དབང་ཕྱུག་རྣམས་དང༌། རིགས་རུས་ཕུན་སུམ་ཚོགས་ཤིང་སྡེ་བཞིའི་དཔལ་རྣམ་པར་རྒྱས་པ་དཔག་གསམ་འཁྲི་ཤིང་མཛད་པ་པོ་རྒྱལ་པོ་དགེ་བའི་དབང་པོའི་སྲས་ས་སྐྱོང་ཟླ་བའི་དབང་པོ་དང༌། རྒྱལ་ཀུན་འཕྲིན་ལས་ལྷ་གཅིག་ཨརྱ་ཏཱ་རེས་རྗེས་བཟུང་རྒྱལ་པོ་ཟླ་བ་མཛེས་པ་དང༌། ཤམ་བྷ་ལའི་ཡུལ་དུ་རྒྱལ་བུ་རྡོ་རྗེའི་གཙུག་ཕུད་སོགས་རྒྱལ་པོའི་ཚུལ་དང༌། ཡིད་བཞིན་འཁོར་ལོ་དང༌། དོན་ཡོད་ཞགས་པ་སོགས་ཡི་དམ་གྱི་ལྷས་ཡང་ཡང་ཞལ་གཟིགས་ཤིང་རྗེས་སུ་བཟུང་བ་ཐུགས་རྒྱུད་དུལ་ལ་མདོ་སྔགས་ཀྱི་ཆོས་ལ་མཁས་ཤིང་ཚུལ་བཞིན་འདོམས་པས། རབ་ཞི་བཤེས་གཉེན་དུ་གྲགས་པའམ་སློབ་དཔོན་འཇིགས་མེད་གྲགས་པ་དང༌། ཤེར་ཕྱིན་འབུམ་པ་ཐུགས་ལ་མངའ་བའི་མཁས་པའི་དབང་པོ་ཡེ་ཤེས་བཤེས་གཉེན་སོགས་སྨྲ་བའི་ཁྱུ་མཆོག་སློབ་དཔོན་དང་བཤེས་གཉེན་སོགས་ཀྱི་ཚུལ་གྱིས་གདུལ་བྱའི་རྨོངས་མུན་བསལ་ཏེ་ཆོས་ཀྱི་སྣང་བའི་དགའ་སྟོན་གྱི་དཔལ་ལ་འགོད་པར་མཛད་པའི་ཚུལ་སོགས་ངོ་མཚར་ཞིང་རྨད་དུ་བྱུང་བའི་རྣམ་པར་ཐར་པ་འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །

                                      གཉིས་པ་བསིལ་ལྡན་སཱ་ལའི་སྨན་ལྗོངས་བོད་འབངས་སྤྱི་ལ་ཆོས་སྲིད་ལུགས་གཉིས་ཀྱི་བཀའ་དྲིན་ཆེ་བའི་ཚུལ་ནི། ཡོངས་རྫོགས་བསྟན་པའི་མངའ་བདག་སྐྱབས་མཆོག་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་ཞལ་ནས། འཕགས་བོད་མཁས་གྲུབ་ཞབས་བསྟེན་ཡོན་ཏན་བརྙེས། །ཁྱད་པར་ལྷ་གཅིག་དིའ་བམ་ཞབས་པད་མཆོག །བསིལ་ལྡན་རྭ་བར་འགོད་པའི་བཀའ་དྲིན་མཛད། །ལོ་ཆེན་ཚུལ་ཁྲིམས་རྒྱལ་བ། ཞེས་གསུངས་པ་ལྟར། བཀའ་གདམས་བསྟན་པའི་སྲོལ་འབྱེད་དཔལ་མར་མེ་མཛད་གངས་ཅན་བསྟན་འགྲོའི་ཕན་བདེའི་གསོས་སུ་དཀའ་བ་དུ་མས་འཕགས་ཡུལ་ནས་གདན་འདྲེན་པར་མཛད་པ་པོ་དམ་པའི་ལུང་གིས་ཟིན་ཅིང༌། སྨོན་ལམ་གྱི་མཐུ་བཙན་པ། མཁས་ཤིང་གྲུབ་པའི་ཡོན་ཏན་ལ་མངའ་བརྙེས་པ་ནག་ཚོ་ལོ་ཆེན་ཚུལ་ཁྲིམས་རྒྱལ་བ་དང༌། གསེར་འཁོར་བསྒྱུར་པའི་རྒྱལ་པོར་འགྲན་བཟོད་ཅིང་རིགས་རུས་དང་མངའ་ཐང་གི་དཔལ་མཐོ་བ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། ཁྲི་ལྡེ་གཙུག་བརྟན་རྣམ་གཉིས་ཀྱི་མདུན་ན་འདོན་སོ་སྲུངས་ལྡོང་བཙན་དང༌། གསལ་སྣང་ཁྲི་གཞིར་ཟུང་གི་སྐྱེ་བ་བཞེས་ཏེ་རླབས་ཆེན་མཛད་པ་མཆོག་གིས་གངས་ཅན་འགྲོ་རྣམས་ལུགས་གཉིས་ཕན་བདེའི་དཔལ་གྱིས་བསྐྱངས་པ་སོགས་བཀའ་དྲིན་ནམ་ཡང་གཞལ་དཀའ་བའི་རྣམ་པར་ཐར་པ་འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །

                                  གསུམ་པ་བྱེ་བྲག་གངས་ལྗོངས་མདོ་སྨད་སྐལ་ལྡན་གདུལ་བྱ་རྒྱ་མཚོའི་བསོད་ནམས་ཀྱི་བགོ་སྐལ་དང༌། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དུ་བབས་པ། ྋརྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པད་མོ་གསུམ་ལྡན་ངུར་སྨྲིག་རྡོ་རྗེ་འཛིན་པའི་རྣམ་རོལ་ཏུ་ཤར་བ་མཁས་ཤིང་གྲུབ་པའི་དབང་ཕྱུག ྋརོང་ཆེན་ཆོས་ཀྱི་རྒྱལ་པོའི་སྐུའི་ཕྲེང་བ་ཇི་ལྟར་བྱོན་པའི་ཚུལ་ནི།  དེ་ཡང་ཇི་སྐད་དུ། བསྐལ་པ་རྒྱ་མཚོ་དུ་མ་རུ། །ཐུགས་རྗེ་རླབས་ཀྱིས་རབ་བསྐུལ་ནས། །སྐྱེས་རབས་རྒྱ་མཚོའི་ཕྲེང་སྟོན་པ། །ཨེ་མ་འགྲོ་བའི་ཡོན་གནས་མཆོག ཅེས་གསུངས་པ་ལྟར། ཉམ་ཐག་འགྲོ་རྣམས་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་རྒྱལ་བའི་བསྟན་པ་སྤྱི་དང༌། བྱེ་བྲག་འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་གསལ་བར་བྱེད་པ་དང༌། ལྔ་བདོའི་གདུལ་དཀའི་འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པའི་སྙིང་སྟོབས་ཀྱི་གོ་ཆ་བཞེས་ཏེ་བསྟན་འགྲོའི་དོན་མཛད་པའི་ཚུལ་ཡང༌། ཇི་སྐད་དུ། ལྷོ་བྲག་མཁན་ཆེན་ཕྱག་ན་རྡོ་རྗེའི་ཞལ་ནས། ཐུགས་རྗེ་ཆེན་པོའི་སྤྲུལ་པའི་སྐུ། །རོང་ཆེན་ལྗགས་ནག་མཁས་དབང་ཁྱོད། །ཅེས་སོགས་ལུང་གིས་བསྔགས་ཤིང༌། ྋགོང་ས་ལྷ་མིའི་རྣམ་འདྲེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ྋསྐྱབས་མགོན་རྒྱལ་བའིདབང་པོའི་ཞལ་གྱི་བུམ་བཟང་ལས། ཁྱད་པར་འཇམ་མགོན་སྙན་བརྒྱུད་འོད་དཀར་ཅན། །འདྲེན་མཁས་དགེ་འདུན་རྒྱལ་མཚན་ལྗོངས་འདིར་མཛེས། །ཞེས་གསུང་གིས་བསྔགས་པ་དོན་ལ་གནས་པ་བསྟན་པ་ཕྱོགས་མཐར་སྤེལ་བའི་བསྟན་པའི་དར་ཆེན་བདུན་གྱི་ནང་ཚན། མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ་རྗེ་ཐམས་ཅད་མཁྱེན་པའི་དངོས་སློབ། མཁས་ཤིང་གྲུབ་པའི་དབང་ཕྱུག་རོང་ཆེན་དགེ་འདུན་རྒྱལ་མཚན་གྱིས་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་གསེར་སྦྱངས་བཙོ་མ་ལྟ་བུའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ཉིད་མཐའ་འཁོབ་མུན་པའི་ལྗོངས་སུ་སྤེལ་བའི་ཐུགས་བསྐྱེད་ཀྱི་འབྲས་བུ་དུས་སུ་སྨིན་པ་ན། ཡབ་རྗེ་རྒྱལ་བ་གཉིས་པ་འཇམ་དབྱངས་བླ་མ་ཙོང་ཁ་པ་ཆེན་པོས། བུ་ཁྱོད་འདི་ནས་ཤར་ཕྱོགས་རྒྱལ་མོ་རོང༌། །རྒྱ་བོད་ས་མཚམས་བྱིན་ཅན་འཚོལ་དུ་སོང༌། །ཞེས་སོགས་ཀྱི་བཀའ་ཡིས་བསྐུལ་བ་ལྟར། མདོ་སྨད་ཕྱོགས་སུ་དགེ་ལྡན་བསྟན་པའི་སྒྲོན་མེ་ཐོག་མར་སྦར་བ་ནས་བཟུང༌། ལྷ་དམག་བྱེ་བ་དུང་ཕྱུར་དངོས་སུ་བཀྱེས་ཏེ་ནག་ཕྱོགས་ཐལ་བར་རློག་མཛད་གྲུབ་དབང་བསྟན་པ་རིན་ཆེན། གནས་ཞལ་དུ་མ་ཕྱེ་ཞིང་སྣང་སྲིད་ཟིལ་གནོན་འགྲོ་མགོན་བསྟན་པ་རབ་རྒྱས། སྐུ་ལ་གནམ་ལྕགས་མཚོན་གྱིས་མི་ཚུགས་པ་མཐུ་སྟོབས་དབང་ཕྱུག་ཐོགས་མེད་བློ་བཟང་འཇམ་དབྱངས། ལུང་དང་རྟོགས་པའི་མཛོད་འཛིན་བློ་བཟང་བསྟན་པའི་རྒྱལ་མཚན། གནས་ལྔ་གཟིགས་པའི་མཧཱ་པཎ་ཌི་ཏ་དགེ་འདུན་ཆོས་ཀྱི་དབང་ཕྱུག སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ། ཡོངས་རྫོགས་བསྟན་པའི་མངའ་བདག་ཀུན་གཟིགས་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ། རྒྱལ་བསྟན་གསལ་བའི་སྒྲོན་མེ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ། བཤད་སྒྲུབ་བསྟན་པའི་སྣང་བྱེད་ངག་དབང་བློ་བཟང་བསྟན་པ་ཚེ་རིང་རྣམས་དང༌། ཁྱད་པར་རང་ཅག་རྣམས་ལ་དུས་གསུམ་རྣམ་འདྲེན་ཐམས་ཅད་ལས་ཀྱང་ལྷག་པའི་བཀའ་དྲིན་འཁོར་མཐའ་མ་མཆིས་པ། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་རང་གཟུགས། མཁའ་མཉམ་ལུས་ཅན་ཡོངས་ཀྱི་སྐྱབས་གཅིག མ་འདྲིས་པའི་མཛའ་བཤེས་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན། དེ་ཡང་ཐབས་མཁས་ལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་བསྟན་པའི་བདག་པོ་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་ཞལ་ནས། ལེགས་སོ་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ཅན། སངས་རྒྱས་བྱང་ཆུབ་སྨོན་ལམ་ཡང་དག་གནས། །སེམས་ཅན་ཀུན་གྱི་མགོན་དང་གནས་གྱུར་པའི། །རྒྱལ་བ་དམ་པ་བསམ་གྱིས་མི་ཁྱབ་འགྱུར། །ཞེས་རྒྱལ་བ་རང་ཉིད་ཀྱིས་ལུང་གིས་ཟིན་པར། སྐྱབས་རྗེ་ཡོངས་འཛིན་རྡོ་རྗེ་འཆང་དགའ་ལྡན་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་ཞལ་ནས། རྒྱལ་བའི་སྨྱུ་གུ་སྐྱེས་མཆོག་འདིས། །རྒྱལ་བའི་མཛད་པ་སྒྲུབ་པའི་བརྡར། །རྒྱལ་བཀའི་ཚིག་བཟང་ཚད་མ་འདི། །རྒྱལ་བ་ཉིད་ཀྱིས་བསྟན་པར་ངེས། །ཞེས་སོགས་ཀྱིས་ལེགས་པར་བསྔགས་ཤིང༌། གཞན་ཡང་སྐྱེས་ཆེན་དམ་པ་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་ཕྱོགས་ཀུན་ནས་ཡོངས་སུ་འཐོར་བར་མཛད་པའི་དཔལ་ལྡན་བླ་མ་དམ་པ་མདོ་སྔགས་བསྟན་པའི་མངའ་བདག་ྋརོང་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། དངུལ་དཀར་གྱི་རྟ་བཟང་གསེར་སྒ་ཅན། །འཚེར་སྐད་ལ་བཀྲ་ཤིས་དུང་དཀར་བཞད། །ཅེས་ཇི་ལྟར་ལུང་བསྟན་པ་བཞིན་རབ་རྒྱལ་ཆུ་རྟ་ལོར་ཤར་སྟག་མོའི་སྒང་དུ། རིགས་རུས་མངོན་པར་གཙང་ཞིང་ཡ་རབས་ལུགས་བཟང་གི་སྤྱོད་པ་ལ་གནས་པ། ཡབ་ཨ་ཚེ་དང་ཡུམ་ཨུ་རྒྱན་མཚོ་གཉིས་ཀྱི་སྲས་སུ་དགེ་མཚན་གྱི་ལྟས་སྣ་ཚོགས་དང་བཅས་སྐུ་བལྟམས། དགུང་གྲངས་ལྔ་བཞེས་པ་ན་ཀུན་མཁྱེན་འཇམ་དཔལ་བཞད་པའི་རྡོ་རྗེ་སྐུ་ཕྲེང་ལྔ་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དང༌། ལུང་དང་རིགས་པའི་མཛོད་འཛིན་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་པོ་རྣམ་གཉིས་ནས་ལུང་བརྟགས་སྔ་ཕྱི་དགོངས་པ་གཅིག་མཐུན་གྱིས་སྐུ་གོང་མའི་ཡང་སྤྲུལ་འཁྲུལ་མེད་དུ་ཐག་གཅོད་ངོས་འཛིན་མཛད་ཅིང༌། དམ་པ་དེ་རྣམ་གཉིས་ཀྱི་མཚན་ནས་དྲངས་ཏེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་ཞེས་མཚན་གྱི་སྒྲ་དབྱངས་ཡོངས་སུ་བསྒྲགས་ཤིང༌། ལུང་རྟོགས་བསྟན་པའི་འབྱུང་གནས་གདན་ས་ཆེན་པོ་སྟག་ཚང་དཔལ་གྱི་ལྷ་མོར་གྲུབ་དབང་གོང་མ་རྣམས་ཀྱི་གསེར་ཁྲི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོར་པོར་ཞབས་སེན་གྱི་པད་མོ་རྣམ་པར་བཀོད་དེ། ལྔ་རིག་སྨྲ་བའི་དབང་པོ་རྗེ་བཙུན་དཀོན་མཆོག་ཤེས་རབ་དཔལ་བཟང་པོ་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་ནས་བཟུང་ཤེས་བྱ་རིག་པའི་གནས་གང་བསླབ་ཚེགས་མེད་དུ་མཁྱེན། དགུང་ལོ་བདུན་བཞེས་པ་ན་མདོ་སྔགས་རབ་འབྱམས་སྨྲ་བ་ཡོངས་འཛིན་རྡོ་རྗེ་འཆང་རྒྱལ་ཚབ་མགོན་པོ་ཀླུ་སྒྲུབ་སྤྲུལ་པའི་སྐུ་ཐར་འདོད་འགྱུར་མེད་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཏེ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་པ་རྒྱུད་ཀྱི་སྟོན་པ་གཉིས་པ་ལྟ་བུ་ཡོངས་འཛིན་རྡོ་རྗེ་འཆང་དཔལ་བཟང་པོ་གང་གི་ཞལ་སྔ་ནས་དབང་དང་རྗེས་གནང༌། ལུང་ཁྲིད་མན་ངག་གང་བཞུགས་མཐའ་ཡས་པ་གསན་བཞེས་མཛད་དེ་ཐུགས་ཀྱི་བུམ་བཟང་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཡོངས་སུ་གཏམས་པར་མཛད། དགུང་ལོ་བཅུ་གསུམ་བཞེས་པ་ན་གདན་ས་ཆེན་པོ་སྟག་ཚང་དཔལ་གྱི་ལྷ་མོའི་ལུང་རིགས་སྨྲ་བའི་ཁྱུ་མཆོག་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་བདུན་མཚན་ཞབས་སུ་ཆེད་བསྐོས་ཀྱིས་བསྡུས་གྲྭ་རྣམ་འགྲེལ་ནས་བཟུང་གཞུང་ཆེན་རྣམས་ལ་གསན་སྦྱོང་གི་དབུ་འཛུགས་མཛད། དགུང་ལོ་བཅུ་བཞིར་སོན་པ་ན་གདན་ས་ཆེན་པོ་རྔ་ཡུལ་དགེ་ལྡན་ལེགས་བཤད་གླིང་དུ་ཆིབས་བསྒྱུར་མཛད་དེ་སྡེ་འདིར་བཞུགས་པའི་རིང༌། རྨད་བྱུང་ཐོས་བསམ་གླིང་པས་གཙོས་གྲྭ་ཚང་ཁག་དང་འཛིན་གྲྭ་སོ་སོ་ནས་གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་ཁག་དང་བདེ་གསང་འཇིགས་གསུམ་སོགས་ཀྱིས་མཚོན་པའི་རྒྱུད་གཞུང་རྣམས་ཀྱི་བློ་རྒྱུགས་དང༌། དམ་བཅའ། དེ་བཞིན་རྩོད་རྒྱུགས་སོགས་ལེགས་པར་ཕུལ་བར་གཟིགས་ཞིབ་དང༌། དཔལ་ལྡན་བླ་མ་དམ་པ་མཆོག་ཉིད་ནས་ཀྱང་ཆོས་སྡེ་འདིའི་དགེ་འདུན་པ་ཡོངས་ལ་ཚེ་དབང་དང༌། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་མཆོག་ལེགས་པར་བསྩལ་ཏེ་ཆོས་ཀྱི་དགའ་སྟོན་གྱིས་ཚིམས་པར་མཛད་པ་དང༌། གཞན་ཡང་གྲུབ་པའི་རྟགས་མཚན་ཁྱད་པར་བ་མང་དུ་བསྟན་ཏེ། དེར་འདུས་གདུལ་བྱ་ཡོངས་ཀྱི་དད་གུས་ཀྱི་སྣང་བ་ཕྱོགས་ཡོངས་སུ་ཁྱབ་པར་མཛད་པ་སོགས་གྲུབ་དབང་གོང་མ་རྣམས་ཀྱི་གསང་གསུམ་འཕྲིན་ལས་ཀྱི་ཕུང་པོ་གཅིག་ཏུ་བསྡུས་པར་མཚོན་པར་གསལ་ལོ། དགུང་ལོ་བཅུ་དྲུག་བཞེས་པ་ན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ནས་ལྷ་ལྡན་ཆོས་ཀྱི་ཞིང་སར་མྱུར་བར་འབྱོན་དགོས་པའི་བཀའ་ཡིས་ཡང་ཡང་བསྐུལ་བར་མཛད་པ་ལ་བརྟེན་ནས་ཡུལ་དབུས་སུ་ཕེབས་ཏེ་མཁས་མང་བློ་གསལ་བྱེ་བའི་གླིང་དུ་ཆོས་ཞུགས་མཛད་པ་ན་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ནས། མདོ་སྔགས་རབ་འབྱམས་སྨྲ་བའི་དབང་པོ་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་མཆོག་ཡོངས་འཛིན་དུ་ཐད་བསྐོས་གནང་བ་ནས་བཟུང༌། བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་ཏེ་མདོ་རྒྱུད་གཞུང་བརྒྱའི་གནད་ལ་རྒྱ་ཆེན་ཐོས་པས་སྒྲོ་འདོགས་བཅད་དེ་དམ་པ་གོང་མ་རྣམས་ཀྱི་རྣམ་པར་ཐར་པ་བདག་གིར་བཞེས་པའི་སྐབས་དུས་ཀྱི་འཕོ་འགྱུར་ལ་གཟིགས་ཏེ། བོད་ཆོས་ལྡན་གྱི་ཞིང་གི་བསྟན་འགྲོའི་དོན་སྤྱི་དང༌། ཡང་སྒོས་བདག་སོགས་གུས་འབངས་གདུལ་བྱ་ཡོངས་ཀྱི་ལུགས་གཉིས་ཀྱི་རྩ་བ་ཁོ་ནར་དགོངས་ཏེ་བདག་ཉིད་ཆེན་པོ་གང་ཉིད་ཀྱི་གྲུབ་པའི་རྟགས་མཚན་དང་སྐུ་རྫུ་འཕྲུལ་གྱི་ནུས་མཐུ་ཁོ་ན་ལ་བརྟེན་ནས་སྐུ་འཁོར་དང་བཅས་པ་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་མངོན་པར་བཀོད། དགུང་ལོ་ཉི་ཤུ་བཞེས་པ་ན་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་བསྙེན་པ་རྫོགས་པར་མཛད་དེ་བསྟན་པ་དང་འགྲོ་བའི་དོན་བསྒྲུབ་པར་བྱ་བའི་ཆ་རྐྱེན་དུ་རང་ཉིད་ཀུན་ཤེས་པར་བྱ་བའི་ཕྱིར། སྔོན་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་པའི་གནས་ཁྱད་པར་ཅན་ཡུལ་ཝ་རཱ་ཎ་སིར་ཤེས་བྱ་བཅུ་ཕྲག་རིག་པའི་གནས་སྤྱི་དང༌། ལྷག་པར་ནང་དོན་རིག་པ་གཞུང་ཆེན་བཀའ་པོད་ལྔ་དང༌། ལེགས་པར་སྦྱར་བ་སཾ་ཊི་ཏའི་སྐད་སོགས་ཕྱི་ནང་གི་གཞུང་ལུགས་དུ་མ་ལེགས་པར་སྦྱངས་ཏེ་མཁས་པའི་ཕ་རོལ་ཏུ་སོན་བར་ལམ་གངས་ཅན་བསྟན་འགྲོའི་ཕན་བདེའི་དཔལ་དུ་དཔལ་ལྡན་བླ་མ་དམ་པ་གང་ཉིད་བསིལ་ལྗོངས་མདོ་དབུས་ཡུལ་གྲུ་གང་དུ་གཟིགས་ཞིབ་ལ་ཕེབས་ན་ཡུལ་དེར་འཇའ་ཚོན་གྱི་གུར་ཁྱིམ་འཁྲིགས་ཤིང༌། སྦྲང་ཆར་སིལ་མ་དལ་གྱིས་འབེབས་པ་སོགས་དགེ་མཚན་གྱི་ལྟས་སྣ་ཚོགས་དང༌། གྲུབ་པའི་རྟགས་མཚན་མང་དུ་བྱུང་བ་སོགས་དགེ་བཅུ་འཕེལ་ཞིང༌། སྣོད་བཅུད་བདེ་སྐྱིད་ཀྱི་འཚོ་བ་དང༌། འབྱོར་ལྡན་བསོད་ནམས་གསོག་པའི་ཕྱིར་དངོས་འབྱོར་གང་ཕུལ་བ་ཐམས་ཅད་ནམ་ཡང་ཆུད་ཟོས་སུ་མི་གཏོང་བར་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུ་རུ་བསྔོ་བ་འདི་ཀུན་འདོད་ཡོན་ལ་ཆགས་ཞེན་རིང་ནས་སྤངས་པའི་མ་ཆགས་འཕགས་པའི་རིགས་སུ་ངེས་པའི་རྣམ་པར་ཐར་པའོ། །

                                   དེ་ལྟར་རང་ཅག་རྣམས་ཀྱི་འདྲེན་པ་མཉམ་མེད་མགོན་པོ་གང་ཉིད་མདོ་སྨད་ཕྱོགས་ནས་དབུས་སུ་ཆིབས་བསྒྱུར་བསྐྱངས་ཏེ་ལྷ་ལྡན་ཆོས་ཀྱི་ཞིང་སར་གསེར་ཞལ་འཆར་བའི་ཉིན་ནས་བཟུང་ཆར་ཆུ་དུས་སུ་བབས་པས་སད་དང་ཐན་པའི་གནོད་པ་ཞི་སྟེ་བཀྲ་ཤིས་པར་གྱུར་པས་ཀུན་ཀྱང་དད་པས་གུས་པར་གྱུར། ལྷ་མོའི་བླ་མཚོའི་ཁར་ཕེབས་ཏེ། མནོལ་བསངས་དང་རབ་གནས། རྟེན་མཁར་བསྐྱར་བཞེངས་བཅས་མཛད་པ་ན་གསང་བའི་གཟིགས་སྣང་ཡ་མཚན་པ་མང་དུ་བྱུང་བ་དང༌། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྔར་ལོ་མང་རིང་ཉམས་པའི་རབ་གནས་ཆེན་མོ་གསར་དུ་བསྐྱར་གསོ་དང༌། འགྲོ་བའི་དད་པའི་རྟེན་མཆོག་ཇོ་བོ་རིན་པོ་ཆེའི་སྐུ་བརྙན་ལ་ཞལ་གསེར་ཕུལ་བ་ན་སྐབས་དེར་ཡུལ་ཀུན་ཏུ་ཁྱབ་པའི་ནད་ཡམས་སྨན་དང་རིམ་གྲོས་བཟློག་དཀའ་བ་ཞིག་ཡོད་པ་དེ་ཉེ་བར་ཞི་བར་མཛད་ཅིང་བསྟན་པ་དང་འགྲོ་བའི་དོན་ལ་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོ་མཛད་དེ། གནས་སྐབས་འཕགས་ཡུལ་དུ་ཕྱིར་ཕེབས་ཏེ་ཐོས་དང་བསམ་པའི་འབྲས་རྟགས་སུ་རྒྱ་གར་ལྷོ་ཕྱོགས་མཁས་གྲུབ་བྱེ་བའི་འབྱུང་གནས་གདན་ས་ཆེན་པོར་གཞུང་ཆེན་བཀའ་པོད་ལྔའི་རབ་འབྱམས་གྲྭ་སྐོར་དམ་བཅའ་མཛད་པ་སོགས་མཁས་གྲུབ་གོང་མ་ལས་ཁྱད་དུ་འཕགས་པའི་རྣམ་པར་ཐར་པའོ། །

                               གཞན་ཡང་ལྔ་རིག་སྨྲ་བའི་འབྱུང་གནས་གདན་ས་འདི་གསར་དུ་བཙུགས་པ་ནས་བཟུང༌། རང་རྒྱུད་དུག་གསུམ་ཉོན་མོངས་པའི་གདོན་གྱིས་བསླུས་པའི་ཡིག་རྨོངས་པ་བདག་དང་བདག་འདྲ་ཐ་ན་འགྲོ་འདུག་ཟ་ཉལ་གྱི་བྱ་བ་ཚུལ་མཐུན་ཙམ་ཡང་མི་ཤེས་པ་དག་ལ་ཐུགས་བརྩེ་བ་ཆེན་པོས་ཉིན་མཚན་དུས་དྲུག་ཏུ་ལུགས་གཉིས་འཕྲལ་ཕུགས་ཀྱི་བྱ་བ་གང་ལ་ཡང་སྐུ་ངལ་འཛེམས་མེད་ཐོག་བླང་དོར་ལམ་སྟོན་གྱི་བཀའ་དྲིན་བརྗོད་མཐའ་བྲལ་བའི་སྒོ་ནས་སྐྱོང་བཞིན་པ་འདི་ཡང་ཐུགས་འདུན་རྒྱ་ཆེན་པོ་སྟེ། སྔོན་བྱོན་རྒྱལ་བློན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་རྗེའི་མཐུ་ལས་བྱུང་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་རྣམས་ཉམས་པ་གསོ་ཞིང༌། མི་ཉམས་ཡར་ངོའི་ཟླ་བཞིན་འཕེལ་བ་དང༌། དེ་ལ་བརྟེན་ནས་གདུལ་བྱའི་རྨོངས་མུན་བསལ་ཏེ་མདོ་དང་རྒྱུད་ཀྱིས་བསྡུས་པའི་སྡེ་སྣོད་གསུམ་གྱི་དོན་ཕྱིན་ཅི་མ་ལོག་པར་བདེ་བླག་ཏུ་རྟོགས་ནས་མཐར་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེན་པོར་དམིགས་པ་དང༌། གཞན་ཡང་མགོན་པོ་གང་ཉིད་སྔོན་བསྐལ་པ་མང་པོར་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ དྲུག་དང༌། བསྡུ་བ་རྣམ་བཞིའི་ཚོགས་གཉིས་ཀྱི་ཆུ་ཕྲན་མང་དུ་བསགས་ཏེ་བྱམས་སོགས་ཚད་མེད་ཁ་འབབ་ཆུ་བོ་རྣམ་བཞིའི་རྒྱུན་ལེགས་པར་འཁྱིལ་བའི་སྙིང་རྗེའི་རྒྱ་མཚོ་ལས་འཁྲུངས་པའི་རྒྱལ་ཀུན་སྙིང་རྗེའི་ལྷ་གཅིག་པད་དཀར་འཆང་བ་དང་གཉིས་སུ་མ་མཆིས་པ། དཔལ་ལྡན་བླ་མ་དམ་པ་གང་ཉིད་ཀྱི་ཁྲི་སྟོན་སྐབས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཐུགས་བཀོད་ལྟར་ཤ་མེད་ཀྱི་སྟོན་ཆེན་བཤམས། བར་ལམ་མགོན་པོ་གང་ཉིད་འཕགས་ཡུལ་ནས་མདོ་སྨད་ཕྱོགས་སུ་གསེར་ཞལ་འཁོད་པའི་སྐབས་སུ་ཡང་དགོན་སྡེ་རི་གྲོང་གང་དུ་ཕེབས་ཀྱང་རྣམ་གསུམ་མ་དག་པའི་ཤ་ཟས་ཀྱི་རིགས་འདྲེན་མི་རུང་ཞེས་བཀག་བསྡོམ་གནང༌། སྒྲུབ་མཆོད་འགའ་ཤས་ལའང་དཀར་སྐྱོང་མཛད་པའི་མགོ་བཟུང༌། དེ་རྗེས་རིམ་གྱིས་མགོན་པོ་གང་གི་ཞབས་པད་གུས་མཆོད་ལྷུར་ལེན་དགེ་ལྡན་བསྟན་པའི་གཞི་འཛིན་མདོ་སྨད་ཆོས་སྡེ་ཁག་ནས་དགེ་འདུན་འདུས་སྤྱི་ལ་བཞེས་ཐུག་ཤ་ཅན་འདྲེན་པའི་སྔ་སྲོལ་ཡོད་པ་དེ། སྔོན་དམ་པ་གོང་མ་རྣམས་ཀྱིས་མཐའ་འཁོབ་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་ཐོག་མར་སྦར་བའི་ཚེ་ཤ་ཟན་གདོང་དམར་གྱི་ཡུལ་འདིར་དུས་ཡུན་རིང་པོར་ཤ་ཟས་ལ་སྤྱོད་པ་རབ་ཏུ་གོམས་པའི་དབང་གིས་དང་པོ་ཉིད་ནས་ཤ་ཟས་སྤོང་བར་བསྐུལ་ན་བསྟན་ལ་འདུ་བར་གནོད་པས་གནས་སྐབས་དྲང་དོན་གྱི་ཚུལ་དུ་ལུས་པ་ལ། དམ་པ་གང་ཉིད་བསྟན་ལ་དག་ཐེར་གྱིས་ངེས་དོན་ལ་སྦྱོར་བར་ཆེད་དུ་བྱོན་པ་ནི་མཛད་པ་འཕྲིན་ལས་ཀྱིས་རྟོགས་ནུས་ཏེ། ཉེས་མེད་སེམས་ཅན་གྱི་སྲོག་ལ་འཚེ་ཞིང་ཕྱུགས་ཀྱི་མཆོད་སྦྱིན་ལྟ་བུ་ལོག་འཚོ་ཡིན་ཚུལ་དང༌། དམ་པའི་ཆོས་དང་མི་མཐུན་པའི་ཤ་ཡི་འཚོ་བ་དྲངས་པའི་སྲོལ་ངན་དེ་ངེས་པར་དུ་བསྒྱུར་དགོས་ཞེས་ལེགས་གསུངས་བཀའ་ཡིས་ནན་བསྐུལ་མཛད་པ་ལ་བརྟེན་ནས་ད་ལྟ་དགེ་འདུན་འདུས་སྤྱི་ཆེ་ཆུང་གང་གི་སྐབས་སུ་ཡང་བཞེས་ཐུག་དཀར་སྐྱོང་དུ་བསྒྱུར་པ་ འདི་ཡང་མི་འཇིགས་སྲོག་གི་སྐྱབས་སྦྱིན་དང༌། བསྟན་ལ་དག་ཐེར། དེ་བཞིན་ཆགས་སྡང་གིས་གྲུབ་མཐའ་དང༌། ཡུལ་སྡེ་རིས་སུ་གཅོད་པའི་མི་མཐུན་པའི་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱས་ཏེ་ ཀུན་ཀྱང་ཆོས་མཐུན་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་པ་འདི་ཡང་མགོན་པོ་ཁྱོད་ ཀྱི་ཟབ་རྒྱས་ཆོས་ཀྱི་གསུང་གི་མཐུ་ལས་བྱུང་བའི་ཁྱེད་ཐུགས་བརྩེ་བ་སྙིང་རྗེ་ ཆེན་པོའི་ཐུགས་དང་ལྡན་པའི་འཕགས་ཆེན་དམ་པའི་རྣམ་པར་ཐར་པའོ། །

                                     གཞན་ཡང་གངས་ལྗོངས་ལུགས་གཉིས་ཀྱི་མངའ་བདག་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་མདུན་ན་འདོན་རྣམས་ཀྱི་ཁྲོད་ན་མཁས་བཙུན་བཟང་པོའི་ཡོན་ཏན་དང་ནང་ས་ལམ་གྱི་རྟོགས་པས་ཁྱད་པར་དུ་འཕགས་པ་མགོན་པོ་ཁྱོད་ཀྱིས་ཆོས་བློན་ཆེན་པོའི་སྐུ་འགན་བཞེས་པ་ནས་བཟུང༌། གྲུབ་མཐའ་རིས་སུ་མ་ཆད་པའི་དགེ་ཚུལ་སློང་གང་ཞིག་ཕྱི་ཉན་ཐོས་ཀྱི་སྤྱོད་པ་འདུལ་བའི་བཅས་མཚམས་ལས་མི་འདའ་བར་ཚུལ་ཁྲིམས་དག་ཅིང་གཙང་བ་གཞིར་བཟུང༌། ནང་རིམ་གཉིས་ཀྱི་ཉམས་བཞེས། བཤད་སྒྲུབ་ཀྱི་འཆད་ཉན་སོགས་ལུགས་གཉིས་ཀྱི་མཛད་པ་སྒོ་ཀུན་ནས་རྒྱས་པའི་ཐབས་ཚུལ་ལ་འཕྲིན་ལས་བཟང་པོས་མངོན་པར་བསྐྱངས་པ་ནི་བོད་ཆོས་ལྡན་གྱི་ཞིང་འདིར་སྤྲུལ་པའི་ཟློས་གར་ཆུ་ཟླ་དང་མིག་འཕྲུལ་བཞིན་བསྟན་པའི་སྐུ་ཡི་ཕྲེང་བ་དང་པོ་ནག་ཚོ་ལོ་ཆེན་ཚུལ་ཁྲིམས་རྒྱལ་བ་བཞིན་སྐུ་ཚེ་འདི་ཡང་བོད་འབངས་སྤྱི་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་རྣམ་པར་ཐར་པའོ། །

                                           གཞན་ཡང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། སྐུ་གཞོན་ནུའི་དུས་སུ་རིགས་བརྒྱའི་ཁྱབ་བདག་རྒྱལ་ཚབ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོའི་དྲུང་ནས་དབང་ཁྲིད་མན་ངག་གདམས་པའི་ཆུ་བོ་ངོམ་མེད་གསན་བཞེས་མཛད་པའི་སྐབས་སུ་ཇི་ལྟར་ཞལ་གྱིས་བཞེས་པ་བཞིན། བསྐལ་བཟང་སངས་རྒྱས་སྟོང་གི་གདན་ས་གནས་མཆོག་རྡོ་རྗེ་གདན་དུ་གྲུབ་པའི་ཁྱུ་མཆོག་གཉན་ཚེམ་བུ་པའི་ལུགས་ཀྱི་འཕགས་པ་ཐུགས་རྗེ་ཆེན་པོའི་བསྙེན་ཆེན་ཟབ་མོར་ལོ་ངོ་གསུམ་གྱི་རིང་དཀའ་སྤྱད་བསམ་ལས་འདས་པས་གཅིག་ཏུ་གཞོལ་བར་མཛད་དེ། རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོའི་རོལ་པ་འབྱམས་སུ་ཀླས་པས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོར་བཞེངས་པ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་འགྲོ་བ་ལྷ་དང་བཅས་པའི་ཡིད་དང་བ་སྐྱེས་ནས། ཨེ་མ་དུས་ཀྱི་མཐའ་འདིར་ཡང་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་དགོངས་བཅུད་འཕགས་པ་ཐུགས་རྗེ་ཆེན་པོའི་གདམས་པ་ཟབ་མོ་འདི་ལྟར་ཉམས་སུ་བཞེས་ཏེ་བརྩེ་ཆེན་སྙིང་རྗེའི་གྲུ་ཆར་གྱིས་ས་གསུམ་སྐྱེ་དགུའི་ཡིད་ཀྱི་ཞིང་ས་བརླན་པར་མཛད་པ་ནི་སྙིང་རྗེའི་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས་རང་ཉིད་རྡོར་གདན་བྱང་ཆུབ་ཆེན་པོའི་དྲུང་དུ་དངོས་སུ་བྱོན་ཏེ་སྙིང་རྗེའི་ཆོས་ཆར་ཕབ་པ་དང་གཉིས་སུ་མ་མཆིས་སོ་ཞེས་བསྔགས་པའི་རོལ་མོ་སྤྲིན་སྒྲའི་ཟོལ་གྱིས་ཕྱོགས་ཀྱི་བུ་མོའི་རྣ་བར་བསྒྲགས་པ་དང༌། དེའང་ལྗགས་བསྙེན་ཆེན་མོ་དེ་ཉིད་གཙོ་བོར་སྙིགས་མའི་འགྲོ་བ་སྡུག་བསྔལ་གྱི་རྦ་རླབས་འཁྲུགས་པའི་ཀློང་ན་བྱིང་བ་རྣམས་ཀྱི་དོན་དུ་དམིགས་པ་ལྟར་བསྙེན་སྒྲུབ་ཆེན་མོའི་སྦྱོར་དངོས་རྗེས་གསུམ་གྱི་སྐབས་སོ་སོར་འཛམ་གླིང་ཤར་ནུབ་ཀྱི་གདུལ་བྱའི་ཞིང་ཁམས་ཀུན་ཏུ་དགེ་བསྐུལ་ནན་ཏན་སྔ་ཕྱིར་མཛད་དེ་གཟུངས་སྔགས་ཡི་གེ་དྲུག་མ་གྲངས་དུང་ཕྱུར་འབུམ་བཞི་དང་ཉིས་ཁྲི་བཞི་སྟོང་ལྷག་གསོག་སྒྲུབ་ཞུས་པས་མཚོན་སྤྱི་སྒེར་ཡོངས་ཀྱིས་སྡིག་སྤོང་དགེ་སྒྲུབ་རྒྱ་ཆེ་ཞུས་པའི་མཐུ་ལ་བརྟེན་ནས། སྣོད་བཅུད་ཀྱི་རྒུད་ཚོགས་མཐའ་དག་ལྷག་མེད་དུ་ཞི་ནས་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་བདེ་སྐྱིད་ཀྱི་བསྐལ་པ་བཟང་པོ་མངོན་དུ་གྱུར་དང་འགྱུར་བཞིན་པ་སོགས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་ཟབ་མོའི་བྱིན་རླབས་ཆུ་ཤེལ་ཟླ་བའི་འཛུམ་མདངས་ལ་འགྲན་པའི་དཔལ་ལས་ཕྱོགས་མཐའ་དབུས་ཀུན་ཏུ་ཞི་བསིལ་གྱི་སྣང་བ་དམ་པས་ཁྱབ་པར་གྱུར་པ་ནི། ཇི་སྐད་དུ། མདོ་སྔགས་བསྟན་པའི་ཉིན་བྱེད་རྗེ་འཇིགས་མེད་རྡོ་རྗེ་འཆང་ཆེན་པོའི་ཞལ་ནས། ཀུན་ཕན་འཕྲིན་ལས་ཟླ་ཞུན་སྣང་བའི་རིས། །ནོར་གྱི་བློ་གྲོས་གདོང་པར་ཕྱོགས་མེད་དུ། །འགོད་ལ་ལོག་པར་འཁུ་བ་མིང་ཙམ་ཡང༌། །མི་འབྱུང་ཕྱོགས་ལས་རྒྱལ་བའི་དཔལ་གྲུབ་ཤོག །ཅེས་ཐུགས་སྨོན་བདེན་ཚིག་མཛད་པའི་དོན་ཇི་ལྟ་བ་བཞིན་མངོན་དུ་གྱུར་ཏེ་འཕགས་མཆོག་སྙིང་རྗེའི་ལྷ་གཅིག་གི་བསྙེན་སྒྲུབ་ཟབ་མོའི་སྒོ་ནས་གངས་རིའི་ལྗོངས་ཀྱིས་གཙོས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕན་བདེའི་དཔལ་གྱིས་དགེ་ལེགས་སུ་མཛད་པའི་རྣམ་པར་ཐར་པའོ། །

                              གཞན་ཡང༌། ཁམས་གསུམ་འགྲོ་བའི་མགོན་པོ་གྲུབ་དབང་གོང་མ་རྣམས་ཀྱི་དུས་ནས་བོད་ཁམས་སྤྱི་ དང་བྱེ་བྲག་མདོ་རོང་གི་གདུལ་བྱ་མི་དང་མི་མ་ཡིན་པ་དམུ་རྒོད་འདུལ་དཀའ་བ་རྣམས་གང་ལ་གང་འདུལ་གྱི་མཛད་པ་བསམ་གྱིས་མི་ཁྱབ་པས་རྗེས་སུ་བསྐྱངས་པའི་ལུགས་ཟུང་འཕྲིན་ལས་ཀྱི་ཆུ་བོ་རྒྱུན་རིང་ཞིང་གཏིང་ཟབ་པའི་མཛད་རྗེས་རླབས་པོ་ཆེ་རྣམས་བསྟན་པ་དང་འགྲོ་བའི་ཕན་བདེའི་ཆེད་དུ་བསྐལ་པ་བརྒྱ་ཕྲག་དུ་མར་གནས་ཤིང་འཕེལ་བར་འགྱུར་བའི་སླད་དུ། འདས་པའི་ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་གཟི་འོད་འཕྲོ་བའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ལུགས་གཉིས་བྱེད་སྒོའི་འགྲོ་ལུགས་གནས་སྟངས་མཐའ་དག་དུས་དང་མཐུན་པའི་མང་གཙོའི་ལམ་ལུགས་སུ་བསྒྱུར་བཅོས་ཀྱིས་ཀིརྟིའི་དགེ་རྩ་ཚོགས་པ་ཞེས་པ་གསར་འཛུགས་བཀའ་དྲིན་བསྐྱངས་ པ་དང་ཆབས་ཅིག ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞི་དོན་ཚན་བརྒྱའི་བདག་ཉིད་ཅན་གྱི་བཅའ་ཁྲིམས་རིན་པོ་ཆེ་གསོལ་སྩལ་མཛད་པ་དང༌། ལྷག་པར་རིས་སུ་མ་ཆད་པའི་དད་ལྡན་སེར་སྐྱ་མང་ཚོགས་ནས་ཕུལ་དང་འབུལ་འགྱུར་གྱི་དད་རྫས་དངུལ་དངོས་ཡོངས་སུ་རྫོགས་པ་ཀིརྟིའི་དགེ་རྩ་ཚོགས་པར་གསོལ་སྩལ་གྱིས་རྗེ་རང་ཉིད་དམ་ཆོས་འདུལ་བའི་དགེ་སྦྱོང་གནས་བརྟན་གྲྭ་རྐྱང་གི་ལུགས་སུ་བཞུགས་ཤིང༌། བླ་བྲང་དང་དད་རྫས་ཐམས་ཅད་གཞན་ཕན་དགེ་རྩའི་ལས་དོན་ཁོ་ནའི་ཐོག་སྨིན་གཏོང་མཛད་པའི་ཕྱག་སྲོལ་བཟང་པོ་སྔར་མེད་གསར་དུ་བཏོད་པའི་ཐབས་མཁས་ཐུགས་རྗེའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་རིས་མེད་གདུལ་བྱ་རྣམས་རྗེས་སུ་འཛིན་པར་མཛད་པ་ནི། རྒྱལ་བ་མ་ཕམ་པས་མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་དག །གཞན་ལ་མི་སྦྱིན་པ་ནི་ཡོད་མིན་ཏེ། །ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད། །མཉམ་པར་སྦྱིན་པའི་ཡོན་ཏན་ངོམས་མི་འགྱུར། །ཞེས་གསུངས་པ་ལྟར། འགྲོ་བའི་དོན་དུ་བྱོན་པའི་སྐྱེས་མཆོག་སྤྲུལ་པའི་སྐུ་རྣམས་ཀྱིས་སྤྱན་ལྟོས་མཛད་པའི་ཡུལ་དུ་གྱུར་པའི་འགྲོ་ཕན་འཕྲིན་ལས་ཀྱི་སྒོ་འཕར་ནམ་མཁའི་མཐོངས་ལྟར་དབྱེ་བའི་མཛད་པ་ཟླ་མེད་པའི་དཔལ་དུ་གྲུབ་ཅིང༌། དེང་དུས་ཀྱི་མཁས་པ་དང་གྲུབ་པའི་དབང་པོར་རློམ་པ་དག་གིས་ཟུར་ཙམ་ཡང་བསྒྲུན་དུ་ མེད་པའི་སྔར་མེད་གསར་བཏོད་ཀྱི་མཛད་བཟང་རླབས་པོ་ཆེ་དང་འཕགས་ཆེན་དམ་པའི་སྤྱོད་པ་རྨད་དུ་བྱུང་བ་ལ་རིང་ནས་གོམས་པའི་རྣམ་པར་ཐར་པའོ།།

                                  མདོར་ན། མཉམ་མེད་ཐུབ་པའི་དབང་པོའི་སྤྱན་སྔར་དགྲ་བཅོམ་འདུལ་འཛིན་ཉེ་བར་འཁོར་ནས་བཟུང་སྐུ་གོང་མ་འཇམ་མགོན་བསྟན་པའི་སྣང་བྱེད་ངག་དབང་བློ་བཟང་བསྟན་པ་ཚེ་རིང་དཔལ་བཟང་པོ་ལ་ཐུག་གི་བར་མཁས་ཤིང་གྲུབ་པའི་སྐྱེས་རབས་ཀྱི་ཕྲེང་བ་ཟམ་མ་ཆད་པར་བྱོན་པ་མཐའ་དག་གི་གསང་གསུམ་འཕྲིན་ལས་ཀྱི་ཡོན་ཏན་གཅིག་ཏུ་རྫོགས་པའི་སྤྱི་གཟུགས་དཔལ་ལྡན་བླ་མ་དམ་པ་རྗེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། སྐུའི་ན་ཚོད་ཕྲ་མོའི་དུས་ནས་མཁས་གྲུབ་གོང་མ་རྣམས་ཀྱི་རྣམ་པར་ཐར་པ་བདག་གིར་བཞེས་ཏེ། བཅུ་ཕྲག་རིག་སྨྲའི་དབང་པོ་རྗེ་བཙུན་དཀོན་མཆོག་ཤེས་རབ་དཔལ་བཟང་པོ་མཆོག་དང་ལུང་རྟོགས་བསྟན་པའི་མཛོད་འཛིན་རྡོ་རྗེ་འཆང་མགོན་པོ་ཀླུ་སྒྲུབ་ཐར་འདོད་འགྱུར་མེད་རྒྱ་མཚོ་དཔལ་བཟང་པོ། མདོ་སྔགས་རབ་འབྱམས་སྨྲ་བའི་ཁྱུ་མཆོག་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་མཆོག་དང༌། མཁས་བཙུན་བཟང་པོའི་ཡོན་ཏན་གྱི་དཔལ་མངའ་བ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་དང༌། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ྋསྐྱབས་མགོན་རྒྱལ་བའི་དབང་པོ་སོགས་ཡོངས་འཛིན་དུ་མའི་ཞབས་པད་བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་ཏེ། ཐུན་མོང་རིག་པའི་གནས་དང་ཐུན་མོང་མ་ཡིན་པ་མདོ་ཕྱོགས་བཀའ་པོད་ལྔ་དང༌། སྔགས་ཕྱོགས་རྒྱུད་སྡེ་བཞིས་བསྡུས་པའི་གསུང་རབ་རྒྱ་མཚོ་ལྟ་བུ་གསན་བསམ་མཐར་ཕྱིན་པར་མཛད་ནས་བསྟན་འགྲོའི་ཕན་རླབས་ཇི་ལྟར་མཛད་པའི་ཚུལ་ཡང༌། ཇི་སྐད་དུ། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང༌། །མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། །ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ། ཞེས་གསུངས་པ་ལྟར། འཆད་རྩོམ་རྩོམ་གསུམ་དང་འཁོར་ལོ་གསུམ་གྱི་མཛད་འཕྲིན་བཟང་པོས་ཐུབ་པའི་བསྟན་པ་རིན་པོ་ཆེ་སྤྱི་དང༌། ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པའི་སྙིང་པོ་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་མཛད་པའི་རྣམ་པར་ཐར་པ་འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །

                                            དེ་ཡང་གཟའ་སྐར་འཕྲོད་སྦྱོར་ ཕུན་སུམ་ཚོགས་པའི་དུས་ཚེས་བཟང་པོ་འདིར། རྗེ་བཙུན་བླ་མ་དམ་པའི་དགྱེས་ཞལ་ཟླ་བའི་འཛུམ་དཀར་གྱི་དཀྱིལ་འཁོར་གསལ་ལྷང་ངེར་སྐུ་གཟི་བརྗིད་དང་ལྡན་པར་ཚོགས་དབུར་བཞུགས་ཤིང༌། སྐྱབས་འོག་བླ་གྲྭ་བསྟན་པའི་སྦྱིན་བདག་འདུས་སྤྱི་ནས་སྒོ་གསུམ་གུས་པ་དང་བཅས་གདན་འཛོམས་པའི་དགའ་སྟོན་སྨྲ་མི་ཤེས་པའི་སྐལ་བཟང་མངོན་དུ་གྱུར་པའི་སྐབས་འདིར། མགོན་པོ་གང་གི་ཞབས་རྡུལ་སྤྱི་བོས་ལེན་པའི་གུས་སློབ་ཐ་ཤལ་བས་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་ཚབ་ཨ་ལགས་ཐཱ་བླ་སྤྲུལ་མིང་པ་རོང་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་དམ་པ་མཆོག་ཉིད་དང་ཐུན་མོང་མ་ཡིན་པའི་ལས་སྨོན་དང་དམ་ཚིག་གིས་འབྲེལ་ བའི་གུས་འབངས་དགོན་གྲོང་རི་སྡེ་ལྷ་མི་སེར་སྐྱ་ཡོངས་ཀྱི་ཚབ་བྱས་ཏེ། ཐལ་སྦྱར་སོར་བཅུའི་འདབ་ཕྲེང་སྙིང་གར་ཟུམ་སྟེ་རྩེ་གཅིག་ཏུ་གསོལ་བ་འདེབས་པའི་སྙིང་པོ་ནི། ཇི་སྐད་དུ། ྋགོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་ཞལ་ནས། བློ་བཟང་གྲགས་སྙན་བསྟན་པའི་རྒྱལ་མཚན་མཆོག །འཛིན་ལ་སྙིང་སྟོབས་གོ་ཆ་མི་ལྷོད་པས། །མི་སྲུན་བརླང་སྤྱོད་འཚུབ་ཀྱང་འཇིགས་མེད་པའི། །ཡེ་ཤེས་རྒྱ་མཚོའི་གཏེར་ཁྱོད་ཞབས་བརྟན་ཤོག ཅེས་གསུང་གིས་བརྟན་པར་བཞུགས་པར་བསྐུལ་བ་ལྟར་སྐྱེ་དགུའི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་གཅིག་པུ་རྒྱལ་བའི་བསྟན་པ་སྤྱི་དང༌། ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ཉིད་ཕྱོགས་བཅུར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། ལྷག་པར་བདག་ཅག་གཞིས་བྱེས་སྐྱབས་འོག་གུས་འབངས་གདུལ་བྱ་རྣམས་ཀྱི་འདི་ཕྱི་ཚེ་རབས་གཏན་གྱི་རེ་ལྟོས་བྱེད་ཡུལ་དམ་པ་གཅིག་པུ་ནི་རྗེ་བཙུན་བླ་མ་དམ་པ་རོང་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་ཉིད་ལགས་ན། དེ་བཞིན་གུས་འབངས་རྣམས་ཀྱིས་ཀྱང་དད་དམ་གཡོ་བ་མེད་པར་སྙིང་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་བཞིན་ལགས་ན། བདག་ཅག་རྣམས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དང་འཕྲལ་ཡུན་བདེ་སྐྱིད་ཀྱི་དཔལ་ལ་འགོད་པའི་ཆེད་དུ། སྔོན་ཐུགས་བསྐྱེད་དང་དམ་བཅའ་ཇི་ལྟར་མཛད་པ་དེ་བཞིན་དུ་ཐུགས་བརྩེ་བ་ཆེན་པོས་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་པད་མི་འགྱུར་རྡོ་རྗེའི་གཤིས་སུ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་ཏེ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་བསྐོར་དུ་གསོལ་ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་དང་ལྷན་ཅིག་པར་མཁའ་དབྱིངས་ངོས་ཀུན་ཏུ་ཁྱབ་པའི་རྒྱལ་དང་རྒྱལ་སྲས་ཚངས་དང་ལྷ་དབང༌། དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་དང༌། ཁྱད་པར་དུ་རོང་ཆེན་ཆོས་ཀྱི་རྒྱལ་པོ་གང་ཉིད་ཀྱི་བཀའ་དམ་རྡོ་རྗེའི་དམ་ཚིག་ལ་ གནས་པའི་སྒོས་ཀྱི་བཀའ་སྲུང་མྱུར་མགྱོགས་འཕྲུལ་གྱི་རྒྱལ་པོ་རྒྱལ་ཆེན་ཀརྨ་བཋ་ནས་ཀྱང་དེ་དེ་བཞིན་དུ་གྱུར་ཅིག་ཅེས་བདེན་ཚིག་གི་སྒྲ་དབྱངས་བསྒྲགས་པར་གདོན་མི་ཟ་བས་ན། བདག་ཅག་ལྷ་དང་བཅས་པའི་གདུལ་བྱ་ཡོངས་ཀྱི་རེ་འབྲས་དོན་དུ་འགྱུར་བའི་ཞལ་བཞེས་ནོར་བུའི་ཅོད་པན་སྤྱི་བོའི་རྒྱན་དུ་སྩོལ་བ་མཁྱེན་མཁྱེན་ཅེས་གསོལ་བ་འདེབས་རྟེན་དུ་བདག་ཅག་རྣམས་ཀྱིས་དུས་གསུམ་དུ་བསགས་དང་གསོག་བཞིན་པའི་དགེ་བའི་རྩ་བ་སྤྱི་དང༌། ལྷག་པར་མགོན་པོ་གང་གི་ཞབས་བརྟན་གྱི་རྒྱུ་ཚོགས་ཁོ་ནར་དམིགས་ཏེ་བཀའ་བཞིན་སྒྲུབ་པའི་མཆོད་པར་རྣམ་དཀར་དགེ་ཚོགས་ཀྱི་བྱ་བ་ལ་འབད་དང་འབད་བཞིན་པར། སྐུའི་རྟེན་དུ༌༈༈། གསུང་གི་རྟེན་དུ༌༈༈། ཐུགས་ཀྱི་རྟེན་དུ་བྱང་ཆུབ་མཆོད་རྟེན། གཞན་ཡང་སྐུའི་ན་བཟའ་སོགས་བདོག་པའི་དངོས་པོ་ཕྲན་བུ་ཙམ་བཅས་འབུལ་བ་འདི་རྣམས་དགྱེས་བཞིན་བཞེས་ཏེ། ཞར་བྱུང་མགོན་པོ་གང་གི་ཞབས་རྡུལ་སྤྱི་བོས་ལེན་པའི་དགེ་འདུན་འདུས་པའི་ཚོགས་རྣམས་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། ལམ་བསླབ་པ་གསུམ་གྱི་ཉམས་ལེན་སོགས་ཆོས་སྲིད་ལེགས་ཚོགས་ཐམས་ཅད་ཡར་ངོའི་ཟླ་བཞིན་འཕེལ་བ་དང༌། ཡངས་པའི་འཇིག་རྟེན་སྤྱི་དང་ཁྱད་པར་དུ་མགོན་པོ་གང་གི་ལྷ་འབངས་གདུལ་བྱ་རྣམས་ཀྱི་བཀྲ་མི་ཤིས་པའི་ཉེར་འཚེ་མཐའ་དག་ལྷག་མེད་དུ་ཞི་སྟེ། ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་པར་འགྱུར་བའི་སྐྱབས་འཇུག་དང༌།

མདོར་ན་འདིར་ཚོགས་ཡོངས་ཀྱིས་གཙོས་མཁའ་མཉམ་ལུས་ཅན་ཐམས་ཅད་སྐྱེ་བ་ནས་ཚེ་རབས་ཕྲེང་བར། མགོན་པོ་ཁྱེད་ཀྱིས་འབྲལ་མེད་དགྱེས་བཞིན་དུ་རྗེས་སུ་འཛིན་པའི་སྐྱབས་འཇུག་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཀློང་ནས་དུས་ནམ་ཡང་འདོར་བ་མེད་པར་མཁྱཻན། མཁྱཻན། མཁྱཻན་ཅེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས།། །།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.