གླེང་བརྗོད།

16 book cover༄༅།། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ྋརོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་དཔལ་བཟང་པོ་ནས་བཟུང་ཀིརྟི་སྐུ་ཕྲེང་གོང་མ་རྣམས་ཀྱིས་མདོ་རོང་གི་ཡུལ་གྱི་མི་དང་མི་མ་ཡིན་རྣམས་དཀར་ཕྱོགས་དགེ་བའི་ལམ་དུ་བཙུད་ཅིང་། ཞྭ་སེར་ཅོད་པཎ་འཆང་བའི་རིང་ལུགས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་ཀྱིས་མཚོན་རིས་སུ་མ་ཆད་པའི་ྋརྒྱལ་བའི་བསྟན་པ་རིནཔོ་ཆེ་དར་སྤེལ་མཛད་པས་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ།
      ལྷག་པར་ཀིརྟི་ཚང་གི་གདན་ས་རྣམས་ལ་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་ཡུལ་དབུས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་སྲོལ་ལྟར་གསར་འཛུགས་ཀྱིས་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟནཔ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་ནས། ལོ་ཡུན་རིམ་སོང་གིས་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་ཀྱི་ཆ་ལ་ཡུལ་ལུང་སོ་སོའི་གོམས་གཤིས་ལེགས་ཉེས་འགའ་ཤས་འདྲེས་ནའང་། སྔ་མོའི་དུས་སུ་མདོ་དབུས་དབར་ལམ་ཐག་རིང་བ་སོགས་ཀྱི་དཀའ་ངལ་གྱིས་དང་པོའི་འབྱུང་ཁུངས་ལ་གཏུགས་པའི་དག་ཐེར་གནང་ཐུབ་མེད།

 

 


        ཕྱི་ལོ་ ༡༩༥༨ ལོ་ནས་བཟུང་ྋརྒྱལ་བའི་བསྟན་པ་རིན་པོ་ཆེ་གངས་རིའི་ལྗོངས་འདིར་ཉམས་ཉེས་བློ་ཡུལ་ལས་འདས་པ་ཞིག་བྱུང་ནའང་སྐྱེ་འགྲོའི་བསོད་ནམས་ཟད་མཐར་མ་གཏུགས་པས་བསྟན་པའི་མེ་རོ་ལན་གཉིསཔ་སླར་གསོའི་སྐབས། དེ་སྔའི་ཕྱག་སྲོལ་རྙིང་པ་དེའང་ཆ་ཚང་སླར་གསོ་གནང་མ་ཐུབ་ཁར་དེང་དུས་ཀྱི་ལུགས་གསར་ཅན་དུ་བསྒྱུར་པའང་ཆ་ཚངབ་ཞིག་ཕྱག་ལེན་བསྟར་ཐུབ་མེད།
       ངོས་ནས་ྋསྙན་སྒྲོན་བཅུ་གསུམ་སྔ་ཕྱི་གཉིས་ཕུལ་བ་ནས་བཟུང་སྲོལ་རྒྱུན་རྙིང་པ་ཁག་ཅིག་ལ་ལེགས་པའི་ཕྱོགས་སུ་འགྱུར་བ་བྱུང་མོད། འོན་ཀྱང་མ་འོངས་པར་ད་ལྟའི་སློབ་གཉེར་བྱེད་སྟངས་འདིར་འཆར་གཞི་ལྡན་པའི་སྒོ་ནས་འགྱུར་བ་ཞིག་མ་བཏང་བར་འདི་མུར་ལུས་ཚེ། དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་གཤིབ་དཀའ་བར་མ་ཟད་དུས་འགྱུར་གྱི་ཤུགས་རྐྱེན་འོག་གང་བྱུང་དུ་འགྱུར་སྲིད་པར་བརྟེན། མི་རབས་གསར་རྙིང་བརྗེ་བའི་དཀྱོག་མཚམས་འདི་ནས་བཟུང་བསྟན་པ་རིན་པོ་ཆེ་ནམ་གནས་བར་དུས་ཀྱི་འགྱུར་འགྲོས་དང་མཐུན་པར་འཛིན་སྐྱོང་སྤེལ་གསུམ་མུ་མཐུད་གནང་ཐུབ་པའི་འགྲོ་ལམ་གསར་པ་ཡིན་པ་གང་ཞིག་ལ། སྔ་མོའི་ཕྱག་ལེན་ཡང་མ་ཉམས་པར་གནས་ཐུབ་པར་སློབ་བརྒྱུད་གཅིག་པའི་དགོན་མ་ལག་གི་འཆད་ཉན་སློབ་གཉེར་མཛད་སྟངས་གཅིག་གྱུར་དགོས་པ་འདི་གལ་ཆེ་བར་བརྟེན། སྔ་མོའི་ཕྱག་སྲོལ་འགའ་ཤས་ལ་བསྒྱུར་བཅོས་དང་ལམ་སྲོལ་གསར་པ་ཁག་ཅིག་ཕྱག་བསྟར་མ་བྱས་ཐབས་མེད་ཡིན།
         ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་འཆད་ཉན་ཉམས་ཞིབ་ཚོགས་ཆུང་གི་ྋསྙན་ཐོ། འཛམ་གླིང་སྤྱི་སྲོལ་བཅས་ལ་ཞིབ་འཇུག་གིས་ངོས་ཀྱི་སྐུ་ཕྲེང་གོང་མ་ཚོས་རང་རེའི་གདན་ས་གོང་འོག་ལ་གནང་བའི་བཅའ་ཡིག་རིན་པོ་ཆེ་སྔ་ཕྱིའི་དགོངས་དོན་གྱི་ཚངས་ཐིག་གི་རྒྱ་ལས་མ་བརྒལ་ཞིང་། དེང་དུས་ཀྱི་ལུགས་དང་མཐུན་པར་འགྱུར་བཞིན་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གྱི་གྲྭ་ཚང་ཆེ་ཁག་དྲུག་གིས་མཚོན། ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་གི་སློབ་སྦྱོང་གི་ལམ་ལུགས་དང་བསྟུན་གང་ཐུབ་ཀྱིས། ྋརོང་ཆེན་བསྟན་པའི་སྒྲོན་མེའི་གདན་ས་ཆེ་ཁག་གི་འཆད་ཉན་སློབ་གཉེར་གྱི་ལམ་སྲོལ་གཅིག་གྱུར་ཡོང་ཐབས་ཀྱི་རྩ་འཛིན་ཡིག་ཆ་བཅའ་ཡིག་བློ་གསལ་འཇུག་ངོགས་དང་། བཅའ་ཡིག་ཟུར་རྒྱན་བཅས་གནས་སྐབས་ཕྱག་ལེན་བྱེད་བདེ་བའི་ཆེད་ཟིན་བྲིས་སུ་བཀོད་པ་ཡིན། ཉམས་མྱོང་ལ་བརྟེན་པའི་སེམས་ཀྱི་འཆར་སྒོ་རྣམས་གོ་རིམ་མ་འཆོལ་བར་ཕྱོགསབསྡུས་བྱས་ཏེ། རྩོམ་ལུགས་དང་ཚིག་སྦྱོར་སྔ་མོའི་བཅའ་ཡིག་གི་འགྲོས་དང་མཐུན་པར་བསམ་ཚུལ་ཙམ་བཀོད་པ་མ་གཏོགས་བཀོད་ཁྱབ་བཏངབ་ཞིག་མིན་པ་མཁྱེན་དགོས། མ་འོངས་པའི་མདུན་ལམ་ནི་མི་མང་གི་ལག་ཏུ་ཡོད་དགོས་པས་མང་མོས་ཀྱིས་ལམ་མ་ནོར་བ་འདེམས་རྒྱུ་གལ་ཆེ།
         དེང་སྐབས་རིས་སུ་མ་ཆད་པའི་འདུས་སྡེ་རྣམས་ཀྱིས་འཆད་ཉན་སློབ་གཉེར་མཛད་སྟངས་ཀྱི་ལམ་སྲོལ་འགའ་ཤས་ལ་དུས་ཀྱི་འགྱུར་འགྲོས་དང་མཐུན་པར་ལེགས་བཅོས་གནང་དགོས་པའི་དགོངས་འཆར་ཕྱོགས་གང་ས་ནས་ཡོང་དང་ཡོང་བཞིན་པའི་སྐབས་འདིར་དགོངས་པའི་དཔྱད་གཞིར་ཕན་ཐོགས་ཕྲན་བུ་རེ་ཡོང་བའི་རེ་བའང་བྱས་ཡོད།
         མདོར་བསྡུ་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། ངས་ནི་ཁྱེད་ལ་ཐར་པའི་ལམ་བསྟན་གྱི། ། ཐར་པ་རང་ལ་རག་ལས་ཤེས་པར་གྱིས། ཞེས་གསུངས་པ་ལྟར་ངས་ལམ་ཕྱོགས་ཙམ་བསྟན་པ་མ་གཏོགས་གཙོ་བོར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱིས་མ་འོངས་པའི་ལམ་མ་ནོར་བ་ཞིག་བཙལ་བའི་སྒོ་ནས་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་ཚུལ་ལ་སྒོ་ཀུན་ནས་འབད་པའི་རེ་འདུན་དང་བཅས། རོང་ཆེན་བསྟན་པའི་སྒྲོན་མེ་ཀིརྟི་སྐྱེ་ཕྲེང་བཅུ་གཅིག་པར་འབོད་པ། བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོས། རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་བོད་ཟླ་ ༡༠ ཚེས་ ༢༥ དང་། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༨ ལ།

ཕབ་ལེན་བྱེད་ན་འདི་ནས་བྱོས།

 

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.