. . . .

                                                                                         གླེང་བརྗོད།

 

 

Book 13 Page 001༄༅།། འདས་ཟིན་པའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་བྱ་བའི་ལུགས་གཉིས་ཀྱི་བྱུང་རབས་དང་འབྲེལ་བའི་ལོ་རྒྱུས་འདི་ནི། ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་ཁོང་རིན་པོ་ཆེར་སྔ་མོའི་ཀིརྟིའི་བླ་བྲང་གི་འགྲོ་ལུགས་དང་། གནས་སྟངས་སོགས་ཀྱིས་མཚོན་པའི་ལོ་རྒྱུས་ངོ་སྤྲོད་གནང་སྐྱོང་ཡོང་བའི་༸སྙན་སེང་ཕུལ་དོན་ལྟར། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༠ ཚེས་ ༡༤ ཉིན་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་དང་པོའི་རྒྱུན་ལས་རྣམ་པ་དང་། ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་མཉམ་འཛོམས་ཐོག་ཁོང་རིན་པོ་ཆེས་ཀིརྟིའི་བླ་བྲང་གི་ལུགས་གཉིས་ཀྱི་བྱུང་རབས་ལ་ངོ་བསྟོད་སྒྲོ་བཏགས་དང་། ངན་སྨོད་འཁྱོག་བཤད་སྤངས་ཏེ་མི་རབས་གསར་པ་རྣམས་ཀྱིས་འདས་པའི་བོད་ཀྱི་ལོ་རྒྱུས་སྤྱི་དང་ལྷག་པར་ཀིརྟིའི་བླ་བྲང་གི་གནས་བབ་ཇི་བཞིན་1རྟོགས་ཐབས་སུ་དགོངས་བཞེས་ཀྱིས་ཀིརྟིའི་བླ་བྲང་གི་ངོ་བོ་དང་། སྒྲིག་འཛུགས་ཀྱི་རང་བཞིན། ལས་དོན་བྱེད་ཕྱོགས། མངའ་ཐང་གི་རྒྱ་ཁྱོན། ཁྲལ་བསྡུ་ཁྲིམས་གནོན་བྱེད་སྟངས་སོགས་གོ་རིམ་ཞིབ་ཚགས་དང་ཚིག་བརྗོད་སླ་བོས་ངོ་སྤྲོད་གནང་བ་རྣམས་འཕྲལ་མར་ཡིག་ཐོག་ཏུ་ཕབ་བཤུས་ཀྱིས་ཕུལ་བར།

 

 

ཁོང་རིན་པོ་ཆེས་གསུང་བཤད་འདི་ལ་བསྐྱར་དུ་ཐུགས་ཞིབ་ཀྱིས་ལོ་རྒྱུས་ཆ་ཚང་བ་ཡོང་ཆེད་ཁ་སྣོན་ཅི་དགོས་མཛད་པའི་མཐའ་མ་ནང་དོན་གྱི་ཆ་ནས་དོན་ཚན་ཞེ་དྲུག་གི་བདག་ཉིད་ཅན་དང་། རྩོམ་ཐབས་ཀྱི་ཆ་ནས་ལོ་རྒྱུས་ཀྱི་ཁྲོད་དངོས་སུ་བྱུང་མྱོང་བའི་གནས་ཚུལ་གང་ཡོད་སྦས་གསང་མེད་པར་གསུངས་པས། འཇིག་ལ་ཉེ་བའི་བོད་ཀྱི་ལོ་རྒྱུས་ཀྱི་སྟོང་ཆ་ཞིག་ཁ་སྐོང་བའི་དགེ་མཚན་ཙམ་མ་ཡིན་པར། བོད་གཞུང་གི་དབང་ཤུགས་ཀྱིས་ཁྱབ་མ་ཐུབ་པའི་བོད་ཀྱི་ས་ཁུལ་མང་ཆེ་བ་ཁྲིམས་འགོ་རང་མཚན་པའི་ངོ་བོར་གནས་ཡོད་པའི་ནང་ཚན་གྱི་ལོ་རྒྱུས་ཤིག་གསལ་བར་མཛད་པས་སྐབས་དེ་དང་དེའི་བོད་ཀྱི་ས་གནས་གཞན་ཁག་གི་གནས་བབ་ཀྱང་གང་འཚམས་རྟོགས་ཐུབ་པའི་དགེ་མཚན་ལྡན་ཡོད།

                འདིའི་ཟུར་བཀོད་དུ། ཀིརྟི་ཞེས་པ་མིང་ཟུར་དུ་སྦྱར་སྟངས་ལ་དཔྱད་པ་ཐུང་ངུ་ཞེས་པ་དང་། ཀིརྟི་ཚང་གི་རྒྱལ་ཚབ། ཀིརྟི་ཚང་གི་དབུ་བླ་དང་ཡོངས་འཛིན། ཀིརྟི་ཚང་གི་མཚན་ཞབས། ཀིརྟིའི་དྲུང་ཡིག ཀིརྟིའི་དབོན་པོ། ཀིརྟིའི་ནང་བའི་གཉེར་པ། ཀིརྟིའི་མགྲོན་གཉེར། ཀིརྟིའི་ནང་བའི་ཕྱག་མཛོད་སོགས་ཀིརྟི་ཚང་གི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེ་བ་ཁག་ཅིག་གི་མཚན་ཐོ་གང་ངེས་ཤིག་ཕྱོགས་བསྒྲིགས་གནང་བ་འདི་དུས་རབས་གསར་པའི་ལོ་རྒྱུས་དཔྱད་ཞིབ་པ་ཚོར་ལོ་རྒྱུས་ཉམས་ཞིབ་ཀྱི་རྒྱུ་ཆར་ཕན་ཐོགས་ངེས་ཅན་མཛད་ཡོད།

                ཁོང་རིན་པོ་ཆེ་དགུང་ལོ་བརྒྱད་དགུའི་སྐབས་ཀྱི་གཟིགས་སྣང་གི་དྲན་ཚུལ་ལྟར་ཕྱག་བྲིས་མཛད་པའི་ཀིརྟིའི་བླ་བྲང་གསར་རྙིང་དང་། རི་ཁྲོད་གཟིམ་ཆུང་བཅས་ཀྱི་པར་རིས་ཀྱིས་འདས་པའི་ཀིརྟིའི་བླ་བྲང་གི་ཁང་བཀོད་དང་རྒྱ་ཁྱོན་ཇི་བཞིན་རྒྱུས་མངའ་མེད་མཁན་ཚོར་ཀིརྟིའི་བླ་བྲང་གི་སྤྱིའི་མཐོང་སྣང་ཞིག་བསྐྲུན་ཐུབ་པའི་དགེ་མཚན་ཆེ་སྟབས་འདིར་ལྷན་བཀོད་ཞུས་ཡོད་པ་བཅས་ཁོང་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པས། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༡ ཚེས་ ༡༥ ཉིན་བྲིས།

ཕབ་ལེན་བྱེད་ས།

 

1 ལྕགས་རྟ། ཕྱི་ལོ་ ༡༨༧༠ ལོར་ཀིརྟི་སྐུ་ཕྲེང་བརྒྱད་པ་སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་གིས་མཛད་པ། ཀིརྟི་སྐུ་ཕྲེང་བདུན་པ་ཐུབ་བསྟན་ཉི་མའི་རྣམ་ཐར་བློ་གསལ་སྐལ་བཟང་མགུལ་རྒྱན་དེབ་གཟུགས་མའི་ཤོག་གྲངས་ ༢༠༠ པར། བླ་བྲང་ཁམས་གསུམ་ཟིལ་གནོནདུ་གྲུབ་དབང་གོང་མའི་གཟིམ་ཆུང་ཉི་འོད་འཁྱིལ་བར་ཞབས་ཀྱི་པདྨོ་བཀོད། ཅེས་དང་། ཡང། ཤིང་སྟག ཕྱི་ལོ་ ༡༩༡༤ ལོར་ཞྭ་དམར་པཎྜིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་ལྕང་ལུང་ཁྲི་རྒན་འཇམདབྱངས་ཐུབ་བསྟན་རྒྱ་མཚོ་གཉིས་ཀྱིས་མཛད་པ། སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་གི་རྣམ་ཐར་ཆེན་མོ་ཐུབ་བསྟན་མཛེས་རྒྱན་དེབ་གཟུགས་མའི་ཤོག་གྲངས་ ༦༢ པར། བླ་བྲང་ཁམས་གསུམ་ཟིལགནོན་ཞེས་ལུགས་གཉིས་ཀྱི་འདུན་ས་ཆེན་པོ། ཞེས་དང་། ཡང་། ཤིང་བྱ། ཕྱི་ལོ་ ༡༩༤༥ ལོར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་པོས་མཛད་པ། ཀིརྟི་སྐུ་ཕྲེང་དགུ་པ་སྐྱབས་མཆོག་སྐལ་བཟང་བློ་གྲོས་ཚང་གི་རྣམ་ཐར་གསེར་གྱི་གར་བུའི་ཤོག་གྲངས་ ༣༢ པར། བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན། ཞེས་སོགས་གསལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.