DSC 8950 640x480༄༅།། དེ་རིང་རྣམ་པ་ཚོར་དམིགས་བསལ་མང་པོ་ཞུ་རྒྱུ་མེད། སྔོན་མ་གྲྭ་ཚང་གི་ལས་དོན་ཡོངས་རྫོགས་ཀྱི་འགན་ཁུར་བའི་སྐབས་གནས་ཚུལ་མང་པོའི་ཐོག་ངས་སྐད་ཆ་ཤོད་དགོས་ཀྱི་ཡོད་ནའང༌། དེང་སང་གྲྭ་ཚང་གི་འགན་ཁུར་ཡོངས་རྫོགས་ལས་ཀྱི་སྣེ་མོ་པ་རྣམས་ཀྱིས་འཐུས་ཤོར་མེད་པར་འགན་ལེན་ཐུབ་ཀྱི་ཡོད་དུས། དམིགས་བསལ་སྐད་ཆ་མང་པོ་ཤོད་དགོས་པ་མ་མཐོང༌། ཉིན་ཤས་གོང་འདི་གའི་སློབ་སྤྱིས་གྲྭ་ཚང་གི་ཕར་ཕྱིན་དབྱར་ཆོས་ཚུགས་ལ་ཉེ་བའི་སྐབས་འདི་དང་བསྟུན་ནས་རིན་པོ་ཆེས་ལམ་སྟོན་གསུང་བཤད་ཅིག་གནང་ཐུབ་ན་ཞེས་ཞུས་བྱུང་བས། ད་རེའི་གོ་སྐབས་འདི་དང་བསྟུན་ནས་ངས་ཚིག་འགའ་ཤས་ཤིག་བཤད་ན་བསམས་པ་ཡིན།

                ཕ་ཡུལ་གྱི་འབྲེལ་ཡོད་གདན་ས་ཆེ་ཁག་རྣམས་སུ་བཅའ་ཡིག་གསར་པའི་དགོངས་དོན་ལག་བསྟར་བྱས་ཏེ་ཕར་ཕྱིན་དབྱར་ཆོས་དངོས་སུ་ཚུགས་ནས་ལོ་འགའ་ཤས་མ་གཏོགས་ཕྱིན་མེད། འདི་གར་གྲྭ་ཚོགས་ཆུང་ནའང་ཕར་ཕྱིན་དབྱར་ཆོས་ཚུགས་ཨེ་ཐུབ་ཀྱིས་འབད་བརྩོན་བྱས་ཏེ་ད་ལྟའི་བར་དབྱར་ཆོས་ཐེངས་གཉིས་ཚུགས་ཐུབ་པ་བྱུང་ཡོད། ང་ཚོས་དཀའ་ངལ་མང་པོ་ལ་གདོང་ལེན་བྱས་ཏེ་ཕར་ཕྱིན་དབྱར་ཚོས་ཚུགས་དགོས་པའི་དམིགས་ཡུལ་གཙོ་བོ། ངས་སྔོན་མ་ནས་ལན་མང་པོ་བཤད་མྱོང་བ་ལྟར་མང་ཆེ་བས་གསལ་པོར་ཤེས་ཀྱི་ཡོད་ངེས་རེད། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར། །བློ་བཟང་རྒྱལ་བའི་བསྟན་པ། །ཞེས་གསུངས་པ་ལྟར་གྱི་བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་གཏིང་ཟབ་པོའི་སྒོ་ནས་ཤེས་པ་དང༌། གཞུང་ཆེན་མོའི་ཚིག་དོན་གཉིས་ཀར་གཏིང་ཕྱིན་པའི་གོ་བ་ཡང་དག་པ་ཞིག་ལེན་ཐུབ་པའི་ཆེད་དུ་རེད། དྲང་ངེས་ཀྱི་གཞུང་འདི་ལ་DSC 8930 640x480བརྩོན་འགྲུས་ཆེན་པོའི་སྒོ་ནས་སྦྱངས་པ་གནད་དུ་སྨིན་པ་ཞིག་བྱ་ཐུབ་པ་ཡིན་ན། གཞུང་ཆེན་མོར་ལྟ་བའི་སྐབས་དམིགས་བསལ་གྱི་ཕན་ཐོགས་ཐུན་མོང་མ་ཡིན་པ་ཞིག་ཡོང་གི་རེད་ཅེས་སྔོན་མ་ཡོངས་འཛིན་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྒྱུན་པར་བཀའ་གནང་གི་ཡོད། རྗེའི་ལེགས་བཤད་དྲང་ངེས་ཀྱི་གཞུང་འདི་དཔྱིས་ཕྱིན་པ་ཤེས་པ་ཡིན་ན་མཚན་ཉིད་ཀྱི་གཞུང་ཡོངས་རྫོགས་དང༌། ལྷག་པར་ཡང་དག་པའི་ལྟ་བའི་གནད་ཀུན་ལ་མིག་ཕྱེ་བ་ལྟ་བུའི་གཅིག་ཤེས་ཀུན་གྲོལ་ཞིག་ཡོང་གི་རེད་ཅེས་ཉམས་མྱོང་ཅན་གྱི་མཁས་པ་ཚོའི་གསུང་རྒྱུན་ལ་ཡོད།

                ང་ཚོའི་ཕ་ཡུལ་གྱི་གདན་ས་ཁག་གི་སྔོན་བྱོན་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམས་ཀྱིས་རྗེ་རིན་པོ་ཆེའི་དྲང་ངེས་ལེགས་བཤད་སྙིང་པོ་ནི། རྗེ་བླ་མའི་ལྕགས་གཞུ་དང་ལྕགས་མདའ་རེད་ཅེས་ཤིན་ཏུ་རྩིས་ཆེན་པོ་གནང་གི་ཡོད་ལ། གཞུང་ཆེན་མོའི་སློབ་གཉེར་པ་རྣམས་ཀྱིས་དགེ་སློང་གི་འབྲལ་སྤོང་ལྟར་གང་དུ་ཕེབས་ཀྱང་རྒྱུན་དུ་ལུས་དང་མ་བྲལ་བར་བྱས་ཏེ་དྲང་ངེས་ལེགས་བཤད་སྙིང་པོའི་ཕྱག་དཔེ་བསྣམས་ནས་སྐྱོར་སྦྱོང་ཁ་འདོན་དང་སློབ་སྦྱོང་ཆག་མེད་གནང་བའི་ཕྱག་སྲོལ་བཟང་པོ་ཞིག་ཡོད། རྣམ་པ་ཚོས་སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཁོང་རྣམ་པའི་མཛད་པ་བཟང་པོ་ལ་རྗེས་སུ་བསླབས་ཏེ། དབྱར་ཆོས་ཀྱི་གོ་སྐབས་འདི་དང་བསྟུན་ནས་དྲང་ངེས་ལེགས་བཤད་སྙིང་པོ་ལ་སློབ་སྦྱོང་ནུས་པ་ཐོན་པ་ཞིག་མཛད་དགོས། དེ་ཡང་ཚིག་ཙམ་མ་ཡིན་པར་གཏིང་ཟབ་པོའི་སྒོ་ནས་ཤེས་ཐུབ་པའི་འབད་བརྩོན་གནང་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང༌།

                བར་ལམ་ནས་བོད་ཕྱི་ནང་གཉིས་ཀར་དབྱར་ཆོས་ཚོགས་མཁན་འགའ་ཤས་ཤིག་བྱུང་ཡོད་ནའང་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་དམིགས་ཀྱིས་བཀར་ནས་ཆོས་ཐོག་ཚུགས་མཁན་ང་ཚོ་མ་གཏོགས་བྱུང་མེད། དེ་ཡིན་དུས་དྲང་ངེས་ཀྱི་ཆོས་ཐོག་འདི་ང་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྟ་བུར་གྱུར་ཡོད་པས། གཞན་ལ་ངོམ་ཆོག་ཅིང་གཟི་བརྗིད་ཅན་གྱི་རང་དོན་ངོ་མ་དེ་ངོ་ཤེས་པ་ཞིག་མཛད་རྒྱུ་གལ་ཆེ། གོང་དུ་བཤད་པ་ལྟར་ང་ཚོས་འདི་ལྟར་གོ་སྒྲིག་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། མ་འོངས་པར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མིང་དོན་མཚུངས་པ་གང་མང་ཞིག་སྐྱེད་བསྲིང་ཡོང་བའི་ཆེད་དུ་ཡིན། ང་ཚོས་དམིགས་ཡུལ་བཟུང་བ་ལྟར་ཕ་ཡུལ་གྱི་གདན་ས་ཁག་གི་སློབ་གཉེར་པ་རྣམས་ཀྱིས་སྔ་ཕྱི་མཐའ་དག་ལ་འབད་བརྩོན་ལྷོད་མེད་གནང་བྱུང་ལ། ཆོས་ཐོག་འདིས་སློབ་གཉེར་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་རྗེས་སུ་ཡི་རང་དང་བསྔགས་བརྗོད་གནང་མཁན་ཡང་མང་པོ་ཡོང་གི་འདུག ཕ་ཡུལ་གྱི་འབྲེལ་ཡོད་དགོན་སྡེ་ཁག་གི་ནང་དུ་དྲང་ངེས་བློ་འཛིན་བྱེད་མཁན་ཡང་ཤིན་ཏུ་མང་པོ་ཡོང་གི་འདུག་ལ། འདི་གའི་གྲྭ་ཚང་གི་ནང་དུ་ཡིན་ན་ཡང་དྲང་ངེས་ལེགས་བཤད་སྙིང་པོ་བློ་འཛིན་བྱེད་མཁན་འགའ་ཤས་ཡོང་གི་ཡོད་ཚོད་འདུག མ་འོངས་པར་ཡིན་ནའང་གཞུང་ཆེན་མོ་སྤྱི་ལ་འཆད་ཉན་ལྷོད་མེད་གནང་དགོས་པ་དང༌། ལྷག་པར་སྐབས་སུ་བབས་པ་དབྱར་ཆོས་ཀྱི་རིང་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་འཆད་ཉན་ལྷོད་མེད་གནང་རོགས་ཞེས་ཞུ་འདོད་བྱུང༌།

 DSC 8934 640x480               རྡོར་གླིང་སུ་ཁེ་དགོན་པ་ནས་འདིར་འབྱོར་བའི་གྲྭ་རྒྱུན་གང་འཚམས་ཤིག་ཡོད་པ་རྣམས་ཀྱིས་གཞུང་ཆེན་མོ་ལ་སློབ་སྦྱོང་བྱ་དགོས་པ་འདི་གལ་ཆེན་པོ་རེད། ང་ཚོས་དམིགས་ཡུལ་རྒྱ་ཆེན་པོ་ཞིག་བཟུང་སྟེ་རྣམ་པ་ཚོར་གཞུང་ཆེན་མོའི་སློབ་སྦྱོང་བྱེད་པའི་ཆ་རྐྱེན་དང་ཁོར་ཡུག་བསྐྲུན་གྱི་ཡོད། མ་འོངས་པར་ཀ་རྡོར་སྒང་གསུམ་གྱི་ས་ཁུལ་ལ་མཚན་ཉིད་ཀྱི་བཤད་གྲྭ་ལེགས་པོ་ཞིག་འཛུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། མ་འོངས་པར་སུ་ཁེར་མཚན་ཉིད་ཀྱི་བཤད་གྲྭ་ཞིག་འཛུགས་ཐུབ་པའི་སྐབས་ད་ལྟ་འདིར་ཡོད་པའི་སློབ་གཉེར་པ་རྣམས་ཀྱིས་རྐང་གཙོ་བོར་འཛིན་མཁན་བྱེད་དགོས་པ་དང༌། དེ་རྣམས་རིམ་པས་རྒན་པར་ཆགས་པའི་སྐབས་དཔེ་ཁྲིད་དགེ་རྒན་སོགས་ཀྱི་འགན་གཙོ་བོ་ལེན་ཐུབ་པའི་རེ་བ་ཡང་བྱེད་ཀྱི་ཡོད། དམིགས་ཡུལ་དེའི་ཆེད་དུ་ང་ཚོས་ཀ་རྡོར་སྒང་གསུམ་གྱི་ས་ཁུལ་ནས་གྲྭ་རྒྱུན་མང་པོ་ཞིག་གསོ་སྐྱོང་བྱེད་ཀྱི་ཡོད་པ་རེད་མ་གཏོགས། གྲྭ་ཕྲུག་གྲངས་ཁ་མང་པོ་དགོས་པ་དང༌། འདི་གའི་གྲྭ་ཚང་ལ་གྲྭ་ཚོགས་ཆེན་པོ་ཡོང་བའི་དོན་དུ་གྲྭ་རྒྱུན་བསྡུ་ལེན་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་གཏན་ནས་མིན། སུ་ཁེ་དགོན་པའི་གྲྭ་རྒྱུན་རྣམས་ཀྱི་གྲས་ནས་དྲང་ངེས་འཛིན་གྲྭའི་ནང་རེ་ཟུང་ཡོད་ན་གོང་དུ་བཤད་པ་ལྟར་དྲང་ངེས་ལ་སློབ་སྦྱོང་ཡག་པོ་གནང་རོགས། དེ་མ་གཏོགས་ཕར་ཕྱིན་དབྱར་ཆོས་དང་འབྲེལ་བའི་ཐོག་སྐད་ཆ་མང་པོ་ཤོད་རྒྱུ་མེད། དབྱར་ཆོས་སྐབས་མཁན་པོ་དང་དཔེ་ཁྲིད་དགེ་རྒན་རྣམ་པས་རྗེའི་ལེགས་བཤད་དྲང་ངེས་ཀྱི་གཞུང་འདིའི་ཆེ་བའི་ཡོན་ཏན་སོགས་ངོ་སྤྲོད་གནང་དགོས་པ་དེ་གལ་ཆེན་པོ་རེད།

                དེ་དང་འབྲེལ་ནས་སྐད་ཆ་གཞན་པ་ཞིག་ཤོད་འདོད་བྱུང་བ་ནི། གནངས་ཉིན་མོ་ནས་བཟུང་ཕྱི་ཟླ་བརྒྱད་པའི་ཚེས་གཅིག་ལ་འཁེལ་གྱི་ཡོད་དུས། དེ་ནས་ཉིན་ཤས་ཀྱི་རྗེས་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ངའི་སྐྱེས་ཚེས་ཡིན་སྟབས། ཉིན་དེར་བོད་ཕྱི་ནང་གི་འབྲེལ་ཡོད་དགོན་གྲོང་སྤྱི་སྒེར་མང་པོ་ཞིག་གིས་ལོ་ཤས་ཀྱི་གོང་ནས་བཟུང་དམིགས་བསལ་སྡིག་སྤོང་དགེ་སྒྲུབ་བྱེད་པའི་ལམ་སྲོལ་གསར་པ་ཞིག་དར་ཡོད་པ་ལྟར། ད་ལོ་ཡང་གཞན་ཕན་གྱི་རང་བཞིན་ལྡན་པའི་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་ཚོད་འདུག འདི་འདྲ་བའི་ལས་འགུལ་བཟང་པོ་སྤེལ་ཐུབ་པ་དེ་ང་ཚོའི་བླ་སློབ་གཉིས་ཀའི་ངོས་ནས་དགེ་མཚན་ཆེན་པོ་ཡོད་པ་རེད་བསམས། བོད་ནང་ནས་ཡིན་ནའང་ནད་པ་ཉམ་ཐག་གི་རིགས་ལ་སྨན་སྦྱིན་གཏོང་བ་དང༌། སློབ་ཕྲུག་འབྱོར་མེད་སློབ་ཡོན་སྤྲོད་རྒྱུ་མེད་མཁན་ཚོ་ལ་དཔལ་འབྱོར་གྱི་རོགས་རམ་བྱེད་པ། ནད་པ་ཉམ་ཐག་བདག་མེད་ཀྱི་རིགས་ལ་དམིགས་བསལ་རོགས་སྐྱོར་བྱ་རྒྱུས་མཚོན་པའི་ལས་འགུལ་མང་པོ་ཞིག་སྤེལ་ནས་ལོ་འགའ་ཤས་ཤིག་ཕྱིན་ཡོད། འབྲེལ་ཡོད་སྐྱ་སེར་དགོན་གྲོང་གཉིས་ཀྱི་ཐད་ནས་ངའི་སྐྱེས་སྐར་དང་བསྟུན་ནས་དད་པ་དམ་ཚིག་གཙང་མ་དང༌། ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་དགེ་བའི་རང་བཞིན་གྱི་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་འདི་ལ་ངའི་ངོས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ཁྱེད་ཚོའི་ངོས་ནས་བསྔོ་བ་དང་སྨོན་ལམ་བྱ་དགོས་པ་རེད་ལ། ངའི་ངོས་ནས་དགེ་རྩ་དེ་དག་རྫོགས་བྱང་གི་རྒྱུར་འགྲོ་བའི་བསྔོ་སྨོན་བྱེད་ངེས་ཡིན། ལས་འགུལ་དེ་དག་གིས་ང་ཚོ་བླ་སློབ་གཉིས་ཀ་ལ་དོན་དམ་པའི་ཕན་ཐོགས་ཡོང་གི་རེད་ཅེས་ཞུ་འདོད་བྱུང༌།

                ལོ་སྔོན་མར་ངས་སྐད་ཆ་བཤད་པའི་སྐབས། ལོ་ལྔའི་རྗེས་སུ་ང་ལོ་བརྒྱད་ཅུ་ལོན་དུས་བརྒྱད་ཅུའི་གྱ་སྟོན་གྱི་འབུལ་རྫས་ལྟ་བུར་འབྲེལ་ཡོད་སོ་སོའི་ངོས་ནས་དགེ་སྒྲུབ་སྡིག་སྤོང་གང་ནུས་བྱེད་རོགས་བྱོས་ཟེར་ནས་འབོད་སྐུལ་བྱས་པ་བཞིན། ལམ་སང་མང་ཚོགས་ནས་ཆང་དང་ཐ་མག་སོགས་སྤྱོད་ངན་རིགས་སྤོང་བ་དང༌། དགེ་སྒྲུབ་ཁས་ལེན་བྱེད་མཁན་གྱི་རིགས་སྔ་ཕྱི་བྱས་ཏེ་འབྲེལ་ཡོད་གྲོང་པ་ཁག་ཡོངས་རྫོགས་ཀྱི་ནང་ནས་སྒྲུབ་ཐོ་ཤིན་ཏུ་མང་པོ་སླེབས་བྱུང༌། ངས་དགེ་སྐུལ་བྱས་པ་ཡིན་དུས་ང་ལ་ཕན་ཐོགས་ཡོད་པ་རེད་ལ། ངས་དགེ་སྐུལ་བྱས་པ་ལ་བརྟེན་ནས་ཁྱེད་ཚོས་དགེ་སྒྲུབ་བྱས་པ་ཡིན་དུས་དགེ་སྒྲུབ་བྱེད་མཁན་སོ་སོའི་ངོས་ནས་བསོད་ནམས་རྒྱ་ཆེན་པོ་བསགས་ཡོད། དཔེར་ན། སྨན་པས་ནད་པར་སྨན་སྤྲད་པ་བཞིན། ནད་པས་སྨན་འཐུང་བ་ཡིན་ན་ནད་པར་ཕན་ཐོགས་ཡོང་གི་ཡོད་པ་ནང་བཞིན་རེད། ངས་སྨན་པའི་གནས་བབ་ལྟ་བུའི་ཐོག་ནས་དགེ་སྐུལ་བྱས་པ་བཞིན་ཁྱེད་ཚོས་སྨན་ལྟ་བུའི་དགེ་སྒྲུབ་བྱས་པ་ཡིན་དུས་དགེ་བ་དེས་ཁྱེད་ཚོ་རང་ཉིད་ལ་ཕན་པར་མ་ཟད། བོད་སྤྱི་བའི་བསོད་ནམས་འཕེལ་བ་ལ་ཡང་ཕན་ངེས་རེད། ད་ལྟའི་བར་ཤོག་ཀ་སོ་སོ་དང༌། གྲོང་སྡེ་སོ་སོ། ཚོགས་པ་སོ་སོ། སྒེར་པ་སོ་སོ་བཅས་ཀྱི་ངོས་ནས་སྒྲུབ་ཐོ་ཤིན་ཏུ་མང་པོ་ཞིག་སྔ་ཕྱི་བྱས་ནས་འབྱོར་བྱུང་བར་ངས་རྗེས་སུ་ཡི་རང་དང་འབྲེལ་དགའ་སྤྲོ་ཆེན་པོའི་སྒོ་ནས་རྣམ་པ་ཚོ་ཡོངས་རྫོགས་ལ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌།

                སྤྱིར་ན་ང་ཚོ་བོད་སྤྱི་བ་དང་སྒེར་པ་སོ་སོ་གང་གི་དབང་དུ་བྱས་པ་ཡིན་ན་ཡང་བསོད་ནམས་གསོག་དགོས་པ་འདི་ད་ལྟའི་ཆར་ཤིན་ཏུ་གལ་ཆེན་པོ་རེད། ང་ལ་རྒྱུན་དུ་ཐུགས་དམ་ལུང་ཞུུ་འབུལ་མཁན་མང་པོ་ཞིག་ཡོང་གི་ཡོད་དུས། མོ་ལན་སྤྲོད་པའི་སྐབས་དགེ་སྒྲུབ་བྱ་དགོས་པའི་རིགས་ཤིག་དང་ཟློག་སྒྱུར་བྱ་དགོས་པའི་རིགས་ཏེ་རིམ་པ་གཉིས་ཤོད་ཀྱི་ཡོད། དགེ་བ་སྒྲུབ་དགོས་པའི་རྒྱུ་མཚན་ནི་མི་སོ་སོའི་བསོད་ནམས་འཕེལ་བའི་ཆེད་དུ་རེད། བསོད་ནམས་ཉམས་སོང་ན་དེའི་རྐྱེན་གྱིས་མི་འདོད་པའི་ནད་ན་ཚ་མང་པོ་དང༌། གྱོང་གུད། བྱ་བ་ལམ་འགྲོ་མི་ཡོང་བ་སོགས་ཀྱི་བར་ཆད་མང་པོ་ཞིག་ཡོང་གི་ཡོད་དུས་བསོད་ནམས་འཕེལ་བའི་ཐབས་ཤེས་བྱ་དགོས། མི་འདོད་པའི་རྐྱེན་ངན་ཡོངས་རྫོགས་ཕྱིའི་གདོན་བགེགས་དང་གནོད་པ་ཞིག་ལས་བྱུང་བ་མ་ཡིན་པར། གཙོ་བོ་རང་ཉིད་ཀྱི་བསོད་ནམས་དམན་པའི་དབང་གིས་ཡོང་གི་ཡོད་སྟབས། བསོད་ནམས་འཕེལ་བའི་དོན་དུ་དམིགས་ནས་ཞབས་རིམ་ཁག་ཅིག་འཕེན་གྱི་ཡོད། བསོད་ནམས་འཕེལ་ནའང་བར་གཅོད་ཀྱི་རིགས་ཀྱང་ཡོང་སྲིད་དུས་བར་ཆད་སེལ་བའི་དོན་དུ་ཟློག་སྒྱུར་གྱི་རིགས་ཀྱང་འཕེན་གྱི་ཡོད། ཁྱེད་ཚོས་དགེ་སྒྲུབ་གང་བྱས་པ་དེ་རང་ཉིད་ཀྱི་ཚེ་འདིའི་སྐུ་རིམ་ལེགས་ཤོས་དང་ཚེ་ཕྱི་མར་ཁུར་རྒྱུའི་དགེ་རྩ་རླབས་ཆེན་པོར་གྱུར་ཡོད་དུས། ང་ཚོ་རང་གཞན་ཐུན་མོང་ནས་བསགས་པའི་དགེ་བ་དེ་དག་ལ་རྗེས་སུ་ཡི་རང་བྱ་དགོས་པ་འདི་གལ་ཆེན་པོ་རེད། ད་ཕྱིན་ཆད་ཡིན་ན་ཡང་བསོད་ནམས་རྒྱུན་དུ་གསོག་དགོས་པ་འདི་གལ་ཆེན་པོ་རེད། རྒྱུན་དུ་བསོད་ནམས་བསགས་ན་སྐྱེ་བ་འདིའི་དབང་དུ་བྱས་ནའང་ཁྱིམ་ཚང་གི་བྱ་བ་ལམ་འགྲོ་ཡོང་བ་དང༌། ནད་ན་ཚ་མི་ཡོང་བ། དཔལ་འབྱོར་ཡར་རྒྱས་འགྲོ་བ་སོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་ལ། སྐྱེ་བ་ཕྱི་མར་ངན་སོང་སོགས་སྐྱེ་གནས་ངན་པའི་གནས་སུ་མི་སྐྱེ་བ་ལ་ཡང་ཕན་ཐོགས་ཡོང་གི་རེད།

                འོན་ཀྱང་རིགས་ཤིག་གིས་སྐྱེ་བ་འདིར་འཕྲལ་དུ་བསོད་ནམས་ཕྲན་བུ་བསགས་པའི་དབང་དུ་བྱས་ཀྱང༌། བྱ་བ་ལམ་འགྲོ་དེ་ཙམ་མེད་པ་དང་ནད་ན་ཚ་སོགས་རྐྱེན་ངན་གྱི་རིགས་སྣ་ཚོགས་དང་འཕྲད་མཁན་ཡང་རེ་ཟུང་ཡོད། འདིའི་རིགས་ནི་ཚོགས་བསགས་དགེ་སྒྲུབ་བྱས་པས་ཕན་ཐོགས་མེད་པ་ཞིག་མ་ཡིན་ནའང༌། རང་གི་སྐྱེ་བ་སྔོན་མ་རྣམས་སུ་ལས་ངན་པ་བསགས་པའི་རྣམ་སྨིན་གྱི་འབྲས་བུའི་ལྷག་མ་ཡོད་པ་དུས་སུ་སྨིན་པ་ཡིན་པས་དེ་ལ་སུ་གཅིག་གིས་ཀྱང་ཟློག་ཐབས་ཡོད་པ་མ་རེད་ལ། དེ་ནི། ཉེ་བ་གང་དང་གོམས་པ་གང༌། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་སོགས་གསུངས་པ་ལྟར་རྣམ་སྨིན་གྱི་འབྲས་བུ་མྱངས་པ་རེད་མ་གཏོགས། ཚོགས་བསགས་དགེ་སྒྲུབ་བྱས་པ་ལ་ཕན་ཡོན་མེད་པ་དེ་འདྲ་མ་རེད་ལ། དུས་ནམ་ཞིག་ཏུ་ཚོགས་བསགས་དགེ་སྒྲུབ་བྱས་པའི་འབྲས་བུ་ནི་ཆུད་མི་ཟ་བར་ཡོང་རྒྱུ་ཡིན་པར་ཐེ་ཚོམ་མེད། འདི་འདྲའི་རིགས་ཀྱིས་ངས་ཚོགས་བསགས་དགེ་སྒྲུབ་ཀྱི་རིགས་ནུས་ཚོད་ཀྱིས་བསྒྲུབས་པ་ཡིན་ནའང་བྱ་བ་ལམ་འགྲོ་ཡོང་གི་མི་འདུག་ཅེས་དད་ལོག་བྱེད་པ་དང་ཁ་གཏོང་བ་ལྟ་བུ་བྱེད་མི་རུང༌། རང་གིས་ད་ལྟ་མྱོང་བཞིན་པའི་སྡུག་བསྔལ་འདི་ནི་སྐྱེ་བ་སྔོན་མ་ཞིག་གིས་བསགས་པའི་ལས་ངན་པའི་རྣམ་སྨིན་མྱངས་པ་ཡིན་དུས། འདིས་ལས་ངན་པ་དེ་དག་ཟད་འགྲོ་གི་རེད་སྙམ་པའི་བསམ་བློ་གཏོང་ཐུབ་ན་སེམས་ཀྱི་སྡུག་བསྔལ་ཆུང་དུ་འགྲོ་བར་ཕན་ཐོགས་ཡོང་གི་རེད།

                ཆང་དང་ཐ་མག་གཅོད་མཁན་གྱིས་མཚོན་པའི་སྡིག་སྤོང་དགེ་སྒྲུབ་བྱ་རྒྱུ་ཡིན་པའི་ཁས་ལེན་བྱེད་མཁན་མང་པོ་ཡོང་གི་ཡོད་པ་ནང་བཞིན་མངོན་ལྐོག་མེད་པར་ཁས་ལེན་གྱི་དམ་བཅའ་ལ་གནས་དགོས་པ་དེ་གལ་ཆེན་པོ་རེད། སྔོན་མ་ཁས་ལེན་བྱེད་མཁན་མང་པོ་བྱུང་སོང་སྟེ་ཡིན་ནའང་ཁས་ལེན་ཐོག་གནས་མཁན་དེ་ཙམ་མང་པོ་ཡོང་གི་མི་འདུག་ཟེར་བ་ལྟ་བུའི་སྐད་ཆ་གོ་རྒྱུ་འདུག ཁས་ལེན་གྱི་སྟེང་ལ་གནས་ཐུབ་ན་ཁེ་ཕན་ཆེ་ཤོས་དེ་རང་ཉིད་སོ་སོ་ལ་ཡོད་པ་དེ་ཤེས་དགོས།  དཔེར་ན། ཆང་འཐུང་མཁན་ཞིག་གིས་ཆང་བཅད་ནས་ཆང་མ་འཐུང་བ་ཡིན་ན་རང་ཉིད་ཀྱི་ལུས་ཕུང་གི་འཕྲོད་བསྟེན་དང་དཔལ་འབྱོར། མཐུན་ལམ་སོགས་ལ་ཕན་ཐོགས་ཡོང་གི་རེད། དེ་བཞིན་དུ་མི་གཞན་ལ་འཛིང་རེས་མ་བྱས་པ་ཡིན་ན་རང་ཉིད་ལ་ཕན་ཐོགས་ཆེ་བ་ཡོང་གི་རེད། འདིའི་རིགས་ནི་སྐྱེ་བ་ཕྱི་མ་ཕན་ཆོད་ཀྱི་སྐད་ཆ་ཙམ་མ་ཡིན་པར་ད་ལྟའི་རང་གི་འཚོ་བའི་ཉམས་མྱོང་གི་ཐོག་ནས་དངོས་སུ་ཤེས་ཐུབ་པ་ཞིག་རེད། དོན་ངོ་མའི་གནས་ལུགས་འདི་ལ་གོ་བརྡ་ཡག་པོ་འཕྲོད་ན། ཚོགས་བསགས་དགེ་སྒྲུབ་གང་བྱས་པ་དེ་མི་གཞན་ལ་ངོ་སོ་འཁྱེར་རྒྱུ་ལྟ་བུའི་ཆེད་དུ་མ་ཡིན་པར། རང་གི་ཚེ་འདི་ཕྱིའི་དོན་ལ་བསམ་བློ་བཏང་ནས་ཚོགས་བསགས་དགེ་སྒྲུབ་བྱ་དགོས་པ་ཤེས་ཐུབ་པ་ཡོང་གི་རེད་ཅེས་ཞུ་འདོད་བྱུང༌།

                དེ་བཞིན་འབྲེལ་ཡོད་དགོན་པ་གྲྭ་ཚང་ཁག་ཡིན་ན་ཡང་སྤྱི་ཡོངས་ཀྱི་ཆ་ནས་འཆད་ཉན་སློབ་གཉེར་དང་ཉམ་ཆུང་ཚུལ་མཐུན། ལྷག་པར་གྲྭ་པ་གྲྭ་རྐྱང་སློབ་གཉེར་པ་ཚོས་ཤིན་ཏུ་ཡག་པོ་གནང་གི་འདུག དངོས་ཡོད་གནས་ཚུལ་ལ་དགོན་པ་གཞན་དང་གཞན་དག་གིས་མིག་དཔེ་ལྟ་དགོས་པ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད། ཡིན་ན་ཡང་དགོན་པ་གྲྭ་ཚང་ཁག་གི་ངོས་ནས་ངའི་གྱ་སྟོན་གྱི་ཆེད་དུ་དམིགས་བསལ་གྱིས་འཆད་ཉན་སློབ་གཉེར་དང་འཛིན་སྐྱོར་སྦྱོང་སོགས་ཀྱི་བྱ་བ་འདི་དང་འདི་བྱེད་ཀྱི་ཡིན་ཟེར་བ་ལྟ་བུའི་ཁས་ལེན་དང་སྒྲུབ་ཐོ་འབྱོར་མ་སོང་ནའང༌། སྤྱི་སྒེར་སོ་སོའི་ངོས་ནས་གྲ་སྒྲིག་གནང་བཞིན་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།

                འོན་ཀྱང་བར་ལམ་དགོན་པའི་ཚོགས་འདུ་ཞིག་གི་སྐབས་ཕར་ཕྱིན་དབྱར་ཆོས་དང་ཚད་མའི་དགུན་ཆོས་ལོ་ལྟར་ཚོགས་རྒྱུ་མང་དྲགས་ཀྱི་འདུག ལོ་རྟག་པར་ཚོགས་དགོས་ཀྱི་མི་འདུག ཚད་མའི་དགུན་ཆོས་ཀྱི་ཉིན་གྲངས་མང་དྲགས་འདུག ཚོགས་མཁན་གྱི་མི་གྲངས་ཉུང་དུ་གཏོང་དགོས་ཀྱི་འདུག ཉིན་བཅུ་མ་གཏོགས་ཚོགས་དགོས་ཀྱི་མི་འདུག རྒྱུན་ཚོགས་ཚོགས་པས་ཕན་ཐོགས་མི་འདུག་པས་རྒྱུན་ཚོགས་དགོས་ཀྱི་མི་འདུག་ཟེར་བ་སོགས་བསམ་འཆར་གྱི་རིགས་མང་པོ་ཞིག་དྲ་ཐོག་ནས་རྒྱ་བོད་ཧོར་གསུམ་ལ་ཡོངས་གྲགས་བྱས་ཏེ་བཀྲམས་པ་ང་ཚོའི་ལག་པར་འབྱོར་བྱུང༌།

                གསལ་པོར་བཤད་དགོས་པ་ཞིག་ལ། འདིའི་རིགས་ནི་དགེ་འདུན་མང་གི་དགོངས་ཚུལ་མ་ཡིན་པར་མི་བསམ་མེད་རེ་ཟུང་ལ་དེ་སྔོན་ནས་བསམ་ཚུལ་ཡོད་པ་དེ་ཡང་བསྐྱར་བཤད་པ་ཞིག་ཡིན་པ་ང་ཚོས་གསལ་པོར་ཤེས་ཀྱི་ཡོད། ཞིབ་ཏུ་བསམ་བློ་བཏང་དུས་མི་འདིའི་རིགས་ལ་ཁག་མེད། ཁོ་ཚོ་མང་ཆེ་བ་ད་ལྟའི་བར་དུ་ཨ་མའི་དགེ་ཕྲུག་བྱས་ཏེ་སྐྱག་ལངས་ཕྱིན་ཚར་བ་དང་སྐྱག་ལང་འགྲོ་བཞིན་པ་ཤ་སྟག་རེད། དགོན་པའི་འགྲིག་ལམ་ལ་གནས་འདོད་ཀྱི་མེད་པ་དང་འཆད་ཉན་སློབ་གཉེར་དང་ཡོན་ཏན་གྱི་ཕྱོགས་ལ་དོན་གཉེར་མེད་མཁན་དེ་རིགས་ཀྱིས་ཁག་གཞན་དག་ཅིག་ལ་གཡར་ནས་ཤོད་ཀྱི་ཡོད། ཁོ་ཚོས་ཡང་ཡང་བཤད་པ་ལ་ང་ཚོ་ཡ་ང་གྱི་མི་འདུག་ལ། ཁོ་ཚོའི་རིགས་ལ་ང་ཚོས་ད་ལྟའི་བར་གནས་ལུགས་དང་རྒྱུ་མཚན་གྱི་ཐོག་ནས་གོ་བརྡ་ཅི་ཙམ་སྤྲད་ཀྱང་གོ་བརྡ་འཕྲོད་སའི་བསམ་ཤེས་ཅན་གྱི་རིགས་ཤིག་གཏན་ནས་མ་རེད། བསམ་བློ་གཏོང་མི་ཤེས་མཁན་ཡིན་དུས་གོ་བརྡ་འཕྲོད་པའི་རེ་བ་ཡང་བྱེད་ཀྱི་མེད། ཡིན་ནའང་ཁོ་ཚོས་རང་ཉིད་དགོན་པའི་འགྲིག་ལ་མི་གནས་ཤིང་སློབ་སྦྱོང་ལ་མི་དགའ་བར་མ་ཟད། དགེ་འདུན་མང་ལ་སྐུལ་སློང་ངན་པ་བྱེད་ཨེ་ཐུབ་ལྟ་བ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སྒེར་དགོན་སྡེ་སོ་སོའི་མཚན་སྙན་ལ་གནོད་ཚབས་ཆེ་བའི་བྱ་བ་ཞིག་ཡིན་པ་ལས། ངོ་སོ་ཆེན་པོས་དྲ་ཐོག་ལ་སྤེལ་དགོས་པའི་རྣམ་དཔྱོད་ཅན་གྱི་གཏམ་ཞིག་མིན་པས་ཕྱི་ནང་སུས་བལྟས་ཀྱང་ཡག་པོ་ཞིག་ཏུ་མཐོང་མ་སོང༌། སོ་སོས་གང་བྱེད་སོ་སོའི་འདོད་པ་ཡིན་ན་ཡང་འདི་རིགས་ཕྱིར་བསྒྲགས་ནང་བསྒྲགས་བྱ་དགོས་པའི་དམིགས་ཡུལ་གང་ཡིན་ང་ཚོས་གསལ་པོ་ཤེས་ཐུབ་མ་སོང༌། རང་མཚང་ཕྱི་ལ་བཏོན་ནས་སྤྱི་སྒེར་སུ་ལ་ཡང་ཕན་ཐོགས་གང་ཡང་ཡོད་པ་མ་རེད་ཅེས་ཡང་བསྐྱར་བཤད་འདོད་བྱུང༌།

                རིགས་ཤིག་གིས་ཚད་མའི་དགུན་ཆོས་ཀྱི་སྐབས་དཔེ་ཆ་ལ་སློབ་སྦྱོང་བྱེད་མ་མྱོང་མཁན་གྱི་དགོན་པ་ཁག་གི་གྲྭ་པ་མང་པོ་ཞིག་མཉམ་ཞུགས་བྱེད་ཀྱི་འདུག་པས། དེ་དག་གིས་ང་ཚོའི་སློབ་སྦྱོང་ལ་གནོད་སྐྱེལ་གྱི་འདུག་ཟེར་ནས་བསམ་འཆར་ཡང་བཤད་ཀྱི་འདུག ང་ཚོའི་དམིགས་ཡུལ་ནི་རིགས་ལམ་ལ་སློབ་སྦྱོང་བྱེད་མ་མྱོང་མཁན་གྱི་གྲྭ་པ་ཚོ་ལ་རྗེས་མ་དགོན་པ་སོ་སོའི་ནང་དུ་མཚན་ཉིད་ཀྱི་སློབ་སྦྱོང་འཛུགས་རྒྱུའི་ཆེད་དུ་མིག་དཔེ་དང་བག་ཆགས་བཟང་པོ་ཞིག་འཇོག་རྒྱུའི་དོན་དུ་དམིགས་པ་ཞིག་རེད། ཚད་མའི་གཞུང་ལ་སློབ་སྦྱོང་བྱེད་མ་མྱོང་མཁན་ཚོས་སློབ་སྦྱོང་བྱེད་རྒྱུའི་དོན་དུ་དགུན་ཆོས་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། ཤེས་མཁན་དང་མི་ཤེས་མཁན་གཉིས་ཀ་ལམ་གཅིག་གི་ནང་སོང་ནས་ཐམས་ཅད་ཀྱིས་རིགས་ལམ་ཤེས་ཐུབ་པ་དང་འཆད་ཉན་སློབ་གཉེར་ལ་དགའ་བའི་བསམ་པ་དང་གོམས་གཤིས་འཇགས་སུ་བཅུག་ནས་རིགས་ལམ་ཤེས་ཐབས་བྱ་དགོས་པ་འདི་ང་ཚོའི་དམིགས་ཡུལ་རེད། སློབ་སྦྱོང་བྱེད་ཐུབ་མཁན་ཚོས་སློབ་སྦྱོང་བྱ་དགོས་པ་མ་གཏོགས། སློབ་སྦྱོང་བྱེད་མ་མྱོང་མཁན་ཚོ་སྔ་རྒྱུན་ལྟར་སློབ་སྦྱོང་མེད་ས་རང་ལ་སྡོད་རྒྱུ་དང༌། སློབ་སྦྱོང་བྱེད་མ་མྱོང་མཁན་དང་མི་ཐུབ་མཁན་ཚོ་གྲོང་ཆོག་ལ་འགྲོ་རྒྱུ་དང་གུ་ཡངས་དོན་མེད་ཀྱིས་མི་ཚེ་བསྐྱེལ་དུ་འཇུག་དགོས་པ་ནི་ང་ཚོའི་དམིགས་ཡུལ་མ་རེད། ཚད་མའི་གཞུང་ལ་བལྟ་མ་མྱོང་མཁན་དེ་ཚོ་རིགས་ལམ་ཤེས་མཁན་རྣམས་ཀྱིས་མཉམ་གཅིག་ཏུ་ཡ་རབས་ཀྱི་ཕྱོགས་ལ་ཁ་ཁྲིད་ཐབས་གནང་རོགས་ཞེས་ཞུ་འདོད་བྱུང༌།

                གྲྭ་གཞོན་བསམ་མེད་འགའ་ཤས་ཀྱིས་རང་ཉིད་ལ་དོ་སྣང་ཡོང་བ་དང་དགའ་བོ་ཡོང་རྒྱུའི་དོན་དུ་གྲྭ་གཞོན་ཚོའི་རང་དབང་གི་ཆེད་དུ་ཡིན་མདོག་གིས་སྐད་ཆ་ཤོད་མཁན་རེ་ཟུང་ཡོང་གི་ཡོད་ཚོད་རེད། དེ་ཚོས་ནི་སློབ་གཉེར་ལ་མི་དགའ་མཁན་ཚོའི་བསམ་དོན་ལྟར་བྱ་བ་སྒྲུབ་ཀྱི་ཡོད་མདོག་མདོག་གི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད། མི་རྒན་པ་དང་ཤེས་ཡོན་ཡོད་ཟེར་མཁན་གྱི་གྲས་ནས་ཀྱང་སྤྱི་བའི་ལས་དོན་ཐོག་འགན་མི་ཁུར་བའི་ཐོག ཕན་ཐོགས་མེད་པའི་སྐད་ཆ་སྣ་ཚོགས་ཤོད་ཀྱི་ཡོད་པ་ནི་ཡག་པོ་གཏན་ནས་མ་རེད་བསམས།

                ང་འཚོ་བའི་རིང་ལ་ངས་ལྷག་བསམ་རྣམ་དག་གིས་ལམ་སྟོན་བྱས་པ་དེའི་ཐོག་ཚོད་ལྟ་བྱས་ཏེ་ཕྱིན་པ་ཡིན་ན། མ་འགྲིགས་པ་དང་མི་འཚམས་པའི་རིགས་ལ་རིམ་པས་ཉམས་མྱོང་བསགས་ཏེ་མང་གི་འདོད་པ་དང་བསྟུན་ནས་འགྱུར་བ་བཏང་བའི་དབང་ཆ་དང་གོ་སྐབས་གཉིས་ཀ་དགེ་འདུན་པ་མང་ལ་ཡོད་ཡོད་པ་ཞིག་རེད། དེ་ལ་བཀག་འགོག་བྱེད་མཁན་སུ་གཅིག་ཀྱང་མེད། ངས་བརྒྱ་ཁ་གཅིག་ཆོད་ལྟ་བུ་བྱེད་ཐུབ་ཀྱི་མ་རེད་ལ་བྱས་ན་ནུས་པ་མི་ཐོན་པའང་ངས་ཤེས་ཀྱི་ཡོད། ཉུང་ཤས་ཤིག་གིས་དཀྲོག་གཏམ་སྤེལ་བཞིན་པ་ལྟར་ངས་དགེ་འདུན་པ་མང་གི་རང་དབང་ལ་རྡོག་རྫིས་གཏན་ནས་བྱེད་ཀྱི་མེད། ངས་ཐོབ་གོ་ས་ལྟ་བུའི་སྲོལ་རྙིང་པ་འདི་སྣང་གི་ཁེ་ཕན་ཞིག་གི་དོན་དུ་དབང་ཆ་འཛིན་སྲིད་ཀྱི་མ་རེད། དབང་ཆ་འཛིན་གྱི་འདུག་སྙམ་པའི་རྣམ་རྟོག་གཏན་ནས་བྱེད་མི་དགོས།

                ང་ཚོ་དགའ་འོས་པ་ཞིག་ལ་འབྲེལ་ཡོད་དགོན་སྡེ་ཡོངས་རྫོགས་ཀྱི་དགེ་འདུན་མང་གིས་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཐད་འབད་བརྩོན་ལྷོད་མེད་གནང་གི་འདུག་པ་ནི་བླ་སློབ་གཉིས་ཀའི་རྒྱན་རེད། དེ་ལས་ལྷག་པའི་ང་ལ་ཤོད་རྒྱུ་གང་ཡང་མེད།

                ངའི་སྐྱེས་སྐར་དང་བསྟུན་ནས་དགེ་སྒྲུབ་སྡིག་སྤོང་གང་བྱས་པ་དེ་དག་དགེ་བ་རྫོགས་བྱང་གི་རྒྱུར་བསྔོ་བ་དང༌། ྋརྒྱལ་བ་ཡིད་བཞིན་ནོར་བུས་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཐམས་ཅད་སྐུ་ཚེ་བརྟན་ཞིང་མཛད་པ་འཕྲིན་ལས་རྒྱས་པའི་དགེ་རྩར་འགྱུར་བའི་བསྔོ་བ་དང་སྨོན་ལམ་གང་ཤེས་བྱེད་ཀྱི་ཡིན་ལ། དོ་བདག་སོ་སོའི་ངོས་ནས་ཡིན་ན་ཡང་ཐོག་མར་གལ་ཆེ་བ་ཀུན་སློང་བཅོས་པ་དང༌། བར་དུ་གལ་ཆེ་བ་ལས་དོན་སྒྲུབ་སྟངས། མཐའ་མར་གལ་ཆེ་བ་བསྔོ་བ་སྨོན་ལམ་ཡང་དག་པས་ཟིན་པ་བཅས་ཆ་ཚང་བའི་ཐོག་ནས་ཡག་ཐོག་ཡག་བརྩེགས་ཀྱིས་དགེ་སྒྲུབ་སྡིག་སྤོང་དང༌། གཞན་ཕན་གྱི་བྱ་བ་བྱས་པ་ཡིན་ན་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོང་གི་རེད།

                ང་ལ་མཚོན་པ་ཡིན་ན་ལོ་བདུན་ཅུ་དོན་དྲུག་ཟིན་ལ་ཉེ་བར་ཡོད་པའི་ན་མཉམ་འགའ་ཤས་དང་བསྡུར་ན་ངའི་གཟུགས་ཁམས་ཀྱི་གནས་སྟངས་ཤིན་ཏུ་ཡག་པོ་ཡོད། ཕ་ཡུལ་ཕྱོགས་ཀྱི་འབྲེལ་ཡོད་དགོན་གྲོང་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་ཞབས་རིམ་མང་པོ་བསྒྲུབས་པ་དང༌། ངའི་ལས་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པའི་ཐུགས་རྗེ་དང༌། ངའི་ངོས་ནས་ཀྱང་སྨན་བཅོས་དང་འཕྲོད་བསྟེན་གང་ཐུབ་བྱེད་ཀྱི་ཡོད་པ་བཅས་ལ་བརྟེན་ལུས་སེམས་གཉིས་ཀའི་གནས་སྟངས་ཤིན་ཏུ་ཡག་པོ་ཡོད། རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཐུགས་སེམས་བདེ་པོ་བྱོས། ཐུགས་རྗེ་བཀའ་དྲིན་ཆེ། ཕྱི་ལོ་༢༠༡༦ ཟླ་༧ ཚེས་༣༠ ཉིན།

                 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.