Kiti Rinpoche 7༄༅།། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང༌། མདོ་སྨད་ཆོལ་ཁོངས་ནས་ཕེབས་པའི་སྤྱི་འཐུས་རྣམ་པ། མདོ་སྨད་དབུས་རྒྱུན་ལས་ཀྱི་ཚོགས་གཙོ་མཆོག་གིས་དབུས་ལས་བྱེད་རྣམ་པ་བཅས་ལྷན་དུ་འཛོམས་པའི་ཚོགས་འདུ་འདིའི་ཐོག་ང་ལ་སྐད་ཆ་ཚིག་འགའ་ཤས་བཤད་རོགས་བྱོས་གསུངས་བྱུང་བས་དེ་རིང་ཆེད་དུ་འདིར་བཅར་བ་ཡིན། སྐུ་ངོ་ཚོགས་གཙོ་མཆོག་ལོ་ངོ་ཉི་ཤུ་ལྷག་གི་རིང་རྡ་རམ་ས་ལར་བཞུགས་ཏེ་གཞུང་གི་ཞབས་ཕྱི་ཞུས་པ་ཡིན་དུས་ངོ་ལོ་འདིའི་རིང་ང་ཚོ་མཉམ་འགྲོ་མཉམ་གཤིབ་བྱས་ནས་སྡོད་རྒྱུའི་གོ་སྐབས་བྱུང་བ་རེད། མི་རིང་བར་སྐུ་ངོ་ཚོགས་གཙོ་མཆོག་གི་ཚོགས་གཙོའི་ལོ་ཡུན་ཟིན་པ་དང་རིམ་པས་ཕྱི་ལོགས་ལ་ཕེབས་ནས་ྋརྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ཞབས་ཕྱི་ཞུ་བའི་གོ་སྐབས་ཤིག་བྱུང་ཡོད་པ་རེད། སྤྱིར་ལོ་ངོ་ཉི་ཤུ་ཐམ་པ་ཟེར་བའི་སྐབས་ལོ་རིང་པོ་ལྟ་བུ་ཡིན་སྲིད་ཀྱང་སྐུ་ངོ་ཁྱེད་རང་གི་དགུང་ནའི་དབང་དུ་བྱས་ན་ལོ་ཉི་ཤུའི་དུས་ཡུན་འདི་དེ་ཙམ་རིང་པོ་མ་རེད། མ་འོངས་པར་ད་དུང་ཞབས་ཕྱི་ཞུ་དགོས་པའི་གོ་སྐབས་དང་དུས་ཚོད་མང་པོ་ཞིག་ཡོད། སྐུ་ངོ་ལ་ཞབས་ཕྱི་ཞུ་ཐུབ་པའི་ནུས་པ་དང་ལྷག་བསམ་ཡོད་པ་བཞིན་མུ་མཐུད་བོད་སྤྱི་བའི་ལས་དོན་གནང་དགོས་པ་འདི་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང༌།

འོས་ཤོག་གི་ཐོབ་ཤོར་ནི་དེ་ཙམ་གྱི་གནད་འགག་ཆེན་པོ་མིན། འོས་ཤོག་ཁྱབ་བསྒྲགས་ཆེད་ཕྱོགས་མཐའ་ཁག་ལ་ཕེབས་ནས་གསུང་བཤད་གནང་བ་དང༌། སྐབས་དེ་དག་ཏུ་བོད་རྒྱ་ཆེའི་མང་ཚོགས་ཀྱི་མདུན་ལ་ཁས་ལེན་གནང་བ་དེ་དག་གལ་ཆེན་པོ་རེད། མང་ཚོགས་ལ་ཁས་བླངས་པའི་དམ་བཅའ་དེ་དག་རང་གི་མི་ཚེའི་རིང་རྒྱུན་འཁྱོང་གནང་གི་རེད་ལ་གནང་དགོས་པ་ཞིག་ཀྱང་རེད། སྐུ་ངོ་ཚོགས་གཙོ་མཆོག་ལ་ྋརྒྱལ་བ་རིན་པོ་ཆེའི་ངོས་ནས་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད་ལ། ང་ཚོ་མདོ་སྨད་མང་ཚོགས་རྒན་གཞོན་ཡོངས་རྫོགས་ཀྱིས་རེ་བ་བྱེད་ས་ཞིག་ཏུ་གྱུར་ཡོད། སྐུ་ངོ་མཆོག་གིས་ལོ་མང་རིང་ཞབས་ཕྱི་ཞུས་པའི་ལས་ཀའི་བརྒྱུད་རིམ་གྱི་ནང་དང་ལྷག་པར་འདི་ལོའི་འོས་བསྡུ་ཆེན་མོའི་སྐབས་སྐུ་ངལ་མང་པོ་ཞིག་དང་འཕྲད་པ་དེར་ཕྱོགས་གཅིག་ནས་བལྟས་ན། མའོ་ཙེ་ཏུང་གིས། སྣ་ཁུང་གཅིག་བརྡབས་ན་ཤེས་རབ་གཅིག་འཕེལ། ཞེས་བཤད་པ་ལྟར་དཀའ་ངལ་སྔ་ཕྱི་རིམ་པ་མང་པོ་འཕྲད་པ་འདི་དག་གི་ཐོག་ནས་ཉམས་མྱོང་དང་སློབ་གསོ་ཡག་ཤོས་ཤིག་ཐོབ་པ་རེད། མ་འོངས་པར་ཕྱག་ལས་གནང་བའི་སྐབས་དགོངས་པ་བཞེས་སྟངས་དང་ཕྱག་ལས་གནང་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམས།

ད་ཐེངས་ྋརྒྱལ་བ་རིན་པོ་ཆེས་ཁྱེད་ཨ་རི་ལ་ཕྱག་ལས་གནང་བར་ཕེབས་ཐུབ་ན་གསུངས་པ་འདིའི་ཐོག་ནས་སྐུ་ངོ་མཆོག་ལ་ྋརྒྱལ་བ་རིན་པོ་ཆེས་ཐུགས་རེ་ག་ཚད་གནང་གི་ཡོད་མེད་དེ་གསལ་པོ་རེད། སྐུ་ངོ་ཁྱེད་རང་གི་ངོས་ནས་ཡིན་ན་ཡང་ྋརྒྱལ་བ་རིན་པོ་ཆེས་ཐུགས་རེ་གནང་བ་བཞིན་སྐབས་བབ་ཀྱི་ཕྱག་ལས་ཐོག་འབད་བརྩོན་གནང་གི་རེད་ལ་གནང་དགོས་པ་ཡང་གལ་ཆེན་པོ་རེད། སྲིད་སྐྱོང་གསར་པའི་འོག་ལ་ཕྱག་ལས་གནང་རྒྱུར་མོས་མཐུན་གནང་བ་འདི་ཤིན་ཏུ་ཡག་པོ་རེད། དེ་སྔ་རྣམ་པ་གཉིས་ཀྱིས་འོས་ཤོག་ཐོག་འགྲན་བསྡུར་གནང་བ་རེད། ཡིན་ན་ཡང་འོས་ཤོག་གི་གནད་དོན་མཇུག་བསྒྲིལ་བའི་རྗེས་སླར་ཡང་གཞུང་གི་འོག་ནས་ཕྱག་ལས་གནང་རྒྱུ་ཡིན་པའི་གནས་ཚུལ་ཤེས་པའི་སྐབས། ང་རང་ཤིན་ཏུ་དགའ་པོ་བྱུང་ལ་བོད་སྤྱི་བའི་ལས་དོན་ཐོག་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་བྱ་རྒྱུ་ཡིན་པ་ལག་ལེན་ངོ་མའི་ཐོག་ནས་གསལ་པོར་མཛད་པ་འདི་ཕྱི་ནང་སུ་ཞིག་གིས་བལྟས་པ་ཡིན་ན་ཡང་ཤིན་ཏུ་ཡག་པོ་རེད། སྐུ་ངོ་མཆོག་ཤེས་འཇོན་དང་ལྷག་བསམ་ཉམས་མྱོང་གང་གི་ཐོག་ནས་བྱས་པ་ཡིན་ན་ཡང་སྔར་ལས་ལྷག་པའི་ལས་དོན་རྒྱ་ཆེན་པོ་གནང་ཐུབ་ངེས་ཤིག་ཡིན་དུས་མ་འོངས་པར་མུ་མཐུད་འབད་བརྩོན་གནང་རོགས་བྱོས་ཞེས་གཞེན་སྐུལ་ཞུ་འདོད་བྱུང༌།

ང་སྒེར་ལ་མཚོན་ནའང་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་གནས་ཚུལ་བྱུང་བའི་སྐབས་ས་གནས་འབྲེལ་ཡོད་ཀྱི་ཆ་ནས་ང་ལ་འཁེལ་བ་རེད། ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་ཐོག་ནས་ལས་འགུལ་མང་པོ་ཞིག་གི་ནང་ང་དང་རང་བཞིན་གྱིས་འབྲེལ་བ་བྱུང་བའི་སྐབས་སྐུ་ངོ་ཚོགས་གཙོ་མཆོག་གིས་མཐུན་འགྱུར་དང་རྒྱབ་སྐྱོར་ཤིན་ཏུ་ཡག་པོ་གནང་བྱུང༌། རྩ་བའི་ལས་འགུལ་འདི་དག་ང་སྒེར་པའི་དོན་དུ་མིན་པར་བོད་སྤྱི་བའི་རྩ་དོན་གྱི་ཆེད་དུ་ཡིན་པ་བཞིན། སྐུ་ངོ་མཆོག་གིས་ཀྱང་བོད་སྤྱི་བའི་ལས་དོན་ཐོག་དགོངས་པ་བཞེས་ནས་རྒྱབ་སྐྱོར་གནང་བ་ཞིག་མ་གཏོགས་ལུང་ཚན་ཕྱོགས་བསྒྲིག་ལྟ་བུའི་གནད་དོན་དེ་འདྲ་གང་ཡང་མིན། དེ་བཞིན་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐུ་ངོ་དང་ངེད་གཉིས་ཐེངས་འགའ་ཤས་ལ་མཉམ་དུ་འཁེལ་བ་རེད། སྔ་ཕྱི་ཀུན་ཏུ་སྐུ་ངོ་མཆོག་གིས་ང་ལ་རྒྱབ་སྐྱོར་གནང་བར་མ་ཟད་དུས་ཚོད་དང་གོ་སྐབས་གཉིས་ཀ་ང་ལ་གང་ཐུབ་གནང་རྒྱུའི་ཐབས་ཤེས་རིམ་པར་གནང་བྱུང༌། རྩ་བའི་བོད་སྤྱི་བའི་ལས་དོན་གྱི་ཐོག་ཕན་ཐོགས་བྱུང་ན་དགོངས་ནས་གནང་བ་ཡིན་ན་ཡང༌། སྐུ་ངོ་རང་གི་སྒེར་གྱི་དགོངས་པ་བཞེས་སྟངས་ལ་ཡང་རང་བཞིན་གྱིས་འབྲེལ་བ་ཆགས་ཡོད་སྟབས་དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌།

ད་ཐེངས་སྐུ་མདུན་ལ་ཐུགས་ཕམ་བྱུང་བའི་གནས་ཚུལ་ཞིག་ཆགས་ཡོད། གནས་ཚུལ་འདི་ཐོག་མར་ཐོས་པའི་སྐབས་ནས་བློ་མ་བདེ་བ་ཤུགས་ཆེན་པོ་བྱུང༌། ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ས་ཡོམ་ཆེན་པོ་ལྟ་བུ་ཞིག་བརྒྱབས་པ་རེད། ས་ཡོམ་འདི་ལ་བརྟེན་ནས་ཁང་པ་ལོག་མི་ཡོང་ངམ་སྙམ་པའི་ཞེད་སྣང་བྱུང་སོང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་དང་ཆོལ་གསུམ་གོང་བུ་ཆིག་སྒྲིལ་གྱི་གནས་སྟངས་འདི་བཤིག་མི་ཡོང་ངམ། འཐོར་མི་ཡོང་ངམ་བསམ་པའི་ཞེད་སྣང་ཆེན་པོ་ཞིག་ཀྱང་རང་བཞིན་གྱིས་བྱུང་སོང༌།

སྐབས་དེར་དུས་ཚོད་ཀྱི་ཆ་ནས་བསམ་བློའི་ནང་མ་བདེ་བ་ཆེ་ཤོས་བྱུང་བ་ནི། ྋརྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱད་བཅུ་གྱ་གཉིས་ལ་ཕེབས་པའི་ཐོག་སྙུང་གཞི་བཞེས་ནས་སྨན་ཁང་ནང་དུ་སྨན་བཅོས་གནང་སྟེ་བཞུགས་ཡོད་ནའང་ཕྱི་ལོགས་ལ་ཤོག་ཁག་གཉིས་ལྟ་བུའི་འགྲན་རྩོད་ཀྱི་གནས་སྟངས་ཀྱི་ཐོག་ནས་ཐོབ་ཤོར་རྩོད་པ་བྱེད་ཀྱི་ཡོད། ཁྱིམ་ཚང་ཕལ་པ་ཞིག་ལ་ཆ་བཞག་ན། ཕ་མ་རྒན་རྒོན་གང་རུང་ཞིག་ན་ནས་སྨན་ཁང་དུ་ལྷུང་ནས་ཡོད་པའི་སྐབས། ཁྱིམ་ཚང་གི་བུ་ཕྲུག་གཉིས་ཀྱིས་སྒོ་འགྲམ་དེར་འཛིང་རེས་བྱས་ཏེ་བསྡད་ན་ཕྱི་ནང་གི་མི་ལ་མཐོང་ཚུལ་གང་འདྲ་ཞིག་ཡོང་རྒྱུ་རེད། སྨན་ཁང་དུ་ཡོད་པའི་ཕ་མ་རྒན་རྒོན་དེ་ཚོར་བློ་ཕམ་གང་འདྲ་ཞིག་ཡོང་གི་རེད། འདི་ལྟར་བསམ་བློ་བཏང་བའི་སྐབས་དངོས་གནས་སེམས་ནང་ལ་མ་བདེ་བ་ཆེན་པོ་བྱུང༌། རྗེས་སུ་སྐུ་མདུན་ཚུར་རྡ་རམ་ས་ལ་ཕེབས་པའི་སྐབས་གནམ་ཐང་དུ་སྲིད་སྐྱོང་བློ་བཟང་སེངྒེ་དང་ཁྱེད་རང་གཉིས་ལ། ཁྱེད་གཉིས་ཀྱི་བྷོག་སོན་(ཁུར་ཚུར་འཛིང་རེས།) གང་འདྲ་བྱུང་སོང༌། མ་འོངས་པར་བོད་ཆོལ་ཁ་གསུམ་ཡོངས་རྫོགས་འཆམ་མཐུན་ཡོང་བར་ཁྱེད་རང་གཉིས་ལ་འགན་ཡོད་པ་རེད་གསུངས་དུས། ྋརྒྱལ་བ་རིན་པོ་ཆེ་ལའང་དགོངས་པ་དེ་འདྲ་ཞིག་འཁོར་འདུག་བསམ་བྱུང༌།

ྋརྒྱལ་བ་རིན་པོ་ཆེས་ཁྱེད་གཉིས་ལ་འགན་ཡོད་པ་རེད་ཅེས་གསུངས་པ་བཞིན་རྣམ་པ་གཉིས་ཀས་འགན་ཇི་བཞིན་ཁུར་གྱི་འདུག་མི་འདུག་བོད་མི་ཡོངས་རྫོགས་ཀྱིས་བལྟས་བསྡད་ཀྱི་རེད། སྐུ་ངོ་རྣམ་པ་གཉིས་ཀྱི་ཀུན་སློང་མ་དག་པ་དང་བྱེད་སྟངས་ངན་པའི་དབང་གིས་ྋརྒྱལ་བ་རིན་པོ་ཆེ་ཐུགས་ཕམ་དགོས་པའི་གནས་ཚུལ་ཐབས་རྡུགས་འདི་བྱུང་བ་ཡིན་མི་སྲིད་ཀྱང༌། རྣམ་པ་གཉིས་ཀར་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་ནས་མི་རེ་ཟུང་གིས་བྱ་བ་ནོར་འཁྲུལ་ཅན་གང་འཚམས་བྱས་ཡོད་པ་རེད་བསམས། དེ་བཞིན་དུ་རྒྱབ་སྐྱོར་པའི་རྣམ་པའི་ཐོག་ནས་གོ་སྐབས་ལེན་མཁན་ཡང་འགའ་ཤས་བྱུང་ཡོད་ས་རེད། གང་ལྟར་བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པ་འདི་བོད་ཀྱི་རྩ་དོན་གྱི་རྨང་གཞི་རེད། ཆོས་སྲིད་གང་གི་ཐད་ནས་བཤད་ཀྱང་གལ་ཆེ་ཤོས་རེད། སྐུ་ངོ་རྣམ་པ་གཉིས་ལ་ྋརྒྱལ་བ་རིན་པོ་ཆེས་འགན་ཡོད་པ་རེད་ཅེས་གསུངས་པ་བཞིན་སོ་སོའི་ངོས་ནས་འགན་བཞེས་རོགས་ཞེས་ཞུ་འདོད་བྱུང༌།

ཉེ་ལམ་སྲིད་སྐྱོང་གི་དམ་འབུལ་མཛད་སྒོའི་སྐབས་ྋརྒྱལ་བ་རིན་པོ་ཆེས། ང་ལ་གྲོགས་པོའི་འདུ་ཤེས་ཕྲན་བུ་ཞིག་ཡོད་ན་ཁྱེད་ཚོས་ངའི་ཁ་ལ་ཉན་རོགས་བྱོས་གསུངས་པ་རེད། ཁྱིམ་ཚང་གི་ཨ་ཕས་རང་གི་བུ་ཕྲུག་ཚོ་ལ་བཤད་པ་ཡིན་ན་ཡང་དེ་ལས་ལྷག་པའི་ཨུ་ཐུག་པའི་སྐད་ཆ་བཤད་རྒྱུ་ཨེ་ཡོད། འདིའི་ཐོག་ང་ཚོ་ཡོངས་རྫོགས་ཀྱིས་འགན་བླངས་ནས་བསམ་བློ་གཏོང་དགོས་ཀྱི་འདུག ང་ཚོས་ཕྱྭ་གྲུ་མཉམ་འདེགས་ཀྱི་ཐོག་ནས་ཞབས་ཕྱི་ཞུ་དགོས་པ་གང་དང་གང་འདུག ལྷག་པར་ད་ལོའི་སྤྱི་འཐུས་གསར་པ་ཕེབས་མཁན་ཚོ་ལ་འགན་འཁྲི་དམིགས་བསལ་ཅན་ཞིག་ཡོད། ྋརྒྱལ་བ་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་བརྒལ་བའི་སྐབས་འདི་འདྲ་ཞིག་ལ་ང་ཚོའི་ཐོག་དཀའ་ངལ་དམིགས་བསལ་ཅན་འདི་འདྲ་ཞིག་ཡོང་ཡོད་དུས། སྤྱི་འཐུས་གསར་པ་རྣམས་ཀྱིས་ལས་དོན་གྱི་དང་པོ་ལ་དཀའ་ངལ་འདི་སེལ་ཐབས་གནང་དགོས་པ་འདི་ལས་དོན་གྱི་གཙོ་བོ་རེད། ལས་དོན་འདི་གནང་མ་ཐུབ་ན་ང་ཚོས་རྣམ་པ་ཚོ་བོད་མི་མང་སྤྱི་འཐུས་ལ་བདམས་པར་གྲུབ་འབྲས་མ་ཐོན་པ་རེད། མདོ་སྨད་མི་མང་གིས་རྣམ་པ་ཚོར་རེ་བ་བརྒྱབས་ཏེ་ྋརྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ཇི་ལྟ་བ་བཞིན་བོད་སྤྱི་བའི་ལས་དོན་སྒྲུབ་མཁན་ལ་འདེམས་པ་རེད་མ་གཏོགས་ཆོལ་ཁའི་ཞེན་ཁོག་བྱེད་མཁན་དང་ཆོལ་ཁའི་ལས་དོན་སྒྲུབ་མཁན་གྱི་དོན་དུ་བདམས་པ་མ་རེད། ཆོལ་ཁ་སོ་སོའི་ལས་དོན་སྒྲུབ་མཁན་ཟུར་དུ་ཆོལ་ཁ་སོ་སོའི་རྒྱུན་ལས་འོས་འདེམས་བྱས་ནས་བསྐོས་ཡོད་པ་ཁོང་ཚོས་གནང་གི་རེད། རྣམ་པ་ཚོ་མདོ་སྨད་ཆོལ་ཁས་བོད་སྤྱི་བའི་ལས་དོན་བྱེད་མཁན་ལ་བདམས་པ་རེད། ཁྱེད་ཚོས་བོད་སྤྱི་བའི་འགན་ཁུར་ནས་ལས་དོན་སྒྲུབ་ཀྱི་རེད་བསམས་པའི་ཡིད་ཆེས་ཀྱི་ཐོག་ནས་བདམས་པ་རེད། རྣམ་པ་ཚོས་རང་ལ་འོས་འཕེན་མཁན་རྣམས་ཀྱིས་རེ་བ་དང་ཡིད་ཆེས་བྱས་པ་ནང་བཞིན་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་རེད། ཆོལ་ཁ་དང་ཆོས་བརྒྱུད་མ་འདྲ་བ་སོ་སོ་ནས་ཕེབས་པའི་སྤྱི་འཐུས་རྣམས་ཀྱིས་བོད་སྤྱི་བའི་འགན་མི་ཁུར་བར་རང་ཉིད་ཡོང་སའི་ཆོལ་ཁ་སོ་སོ་དང་ཆོས་བརྒྱུད་སོ་སོའི་ཕྱོགས་ཞེན་གྱི་དབང་དུ་ཕྱིན་པ་ཡིན་ན། བོད་སྤྱི་བའི་ལས་དོན་སུ་ཞིག་གིས་སྒྲུབ་ཀྱི་རེད། ཉེ་ཆར་རྒྱལ་བ་ཀརྨ་པས། སྤྱི་སེམས་རེད་དམ་ཞེན་ཁོག་རེད། མགོ་ཚོས་ཀྱི་མི་འདུག ཅེས་གསུངས་འདུག་པ་འདི་དངོས་ཡོད་གནས་ཚུལ་རེད། དེང་སང་གནས་སྟངས་མང་པོའི་ཐོག་ནས་བལྟ་བ་ཡིན་ན་སྐད་ཆ་འདི་ཤིན་ཏུ་བདེན་པ་རེད། སྤྱི་སེམས་དང་ཞེན་ཁོག་གཉིས་མ་འདྲེས་པར་དབྱེ་བ་འབྱེད་ཐུབ་དགོས་པ་འདི་གལ་ཆེན་པོ་རེད། སང་ཉིན་ནས་བཟུང་རྣམ་པ་ཚོས་ཕྱག་ལས་གནང་བའི་སྐབས་སྤྱི་བའི་ལས་དོན་ཐོག་འགན་བླངས་ནས་ཕེབས་ཀྱི་འདུག་གམ། ཡང་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་དང་ཕྱོགས་འཐེན་གྱི་དབང་དུ་འགྲོ་གི་འདུག་གམ་མི་འདུག་ཕྱི་ལོགས་ལ་སྡོད་མཁན་ཚོས་ལྟད་མོ་ལྟ་རན་པ་རེད།

གནའ་སྔ་མོ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་ནང་དུ་མདོ་སྨད་པར་ངན་དམོད་བྱུང་མེད་པ་ལྟ་བུ་རེད། ཡིན་ན་ཡང་བར་ལམ་ནས་མདོ་སྨད་པའི་མི་རེ་ཟུང་གི་ལས་ཀ་བྱེད་སྟངས་ཀྱི་དབང་གིས་ཨ་མདོ་པས་ཅིག་ཅིག་བྱེད་ཀྱི་འདུག་ཟེར་བའི་སྐད་ཆ་འགའ་ཤས་གོ་ཡོང་གི་འདུག མདོ་སྨད་པ་སྤྱི་བའི་ཐོག་ནས་བྱ་བ་ངན་པ་བྱས་པ་ཞིག་བྱུང་མེད་ནའང་མི་འགའ་ཤས་ཀྱི་བྱེད་སྟངས་ཀྱི་དབང་གིས་མདོ་སྨད་པ་སྤྱི་པའི་མཚན་སྙན་ལ་གནོད་པ་དེ་འདྲ་ཡོང་གི་ཡོད་ཚོད་འདུག སྔོན་མ་ཨ་ལགས་འཇིགས་མེད་ཞལ་བཞུགས་པའི་སྐབས་སུ་འདི་འདྲའི་རིགས་ཀྱི་གནས་ཚུལ་ཕྲན་བུ་རེ་བྱུང་བའི་སྐབས་ཐུགས་མ་བདེ་བ་གནང་ནས་ང་ཚོ་ལྷན་དུ་བཀའ་བསྡུར་གནང་ནས་གནས་ཚུལ་ཆུང་ཚགས་དེ་རིགས་སེལ་ཐབས་གནང་གི་ཡོད། ང་ལྟ་བུ་ཡིན་ནའང་སེམས་ལ་མ་བདེ་བ་ཡོད་པ་ཙམ་མ་གཏོགས་ལག་ལེན་གྱི་ཐོག་ལས་ཀ་བྱེད་པའི་ནུས་པ་དང་ཤེས་ཡོན་གཉིས་ཀས་འདང་གི་མི་འདུག གང་ལྟར་ང་ཚོ་མདོ་སྨད་པ་མི་ཐོག་རྒན་པ་རྣམས་ཀྱིས་ལམ་སྲོལ་བཟང་པོ་ཞིག་གཏོད་ཡོད་པ་ལྟར་མདོ་སྨད་པ་རྣམས་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་ཐུགས་ཟིན་པའི་ཞབས་ཕྱི་ཞུ་དགོས་པ་མ་གཏོགས། ཐུགས་ཕམ་འགྲོ་གཞིའི་ཞབས་འདྲེན་མ་ཞུ་རོགས་ཞེས་ཞུ་འདོད་བྱུང༌།

སྔོན་མ་ཐེངས་ཤིག་ཨ་མདོ་པ་ཚོ་ྋརྒྱལ་བ་རིན་པོ་ཆེའི་མཇལ་ཁར་བཅར་བའི་སྐབས། མདོ་སྨད་པ་རྣམས་ཀྱིས་ང་ངོ་ཚ་བོ་བཟོ་མ་ཡོང་ཨཱ། ཞེས་བཀའ་སློབ་གནང་མྱོང་ཡོད། ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་འདི་ང་ཚོའི་སེམས་ལ་རྒྱུན་དུ་འཛིན་དགོས་པ་གལ་ཆེན་པོ་རེད། མདོ་སྨད་པའི་མི་ཐོག་རྒན་པའི་གྲས་ནས་ལྷག་ཡོད་པ་ང་ལྟ་བུ་ཉུང་ཤས་ཤིག་ལས་མེད། ང་ལ་ཤེས་ཡོན་དང་འཇོན་ཐང་གང་ཡང་མེད། ཡིན་ན་ཡང་བོད་སྤྱི་བའི་དོན་དུ་ལས་ཀ་བྱེད་དགོས་པ་དང་སྐད་ཆ་བཤད་དགོས་པ་བྱུང་བའི་སྐབས་འཛེམས་ཟོན་མེད་པར་མདུན་ལ་མཆོངས་ནས་བྱེད་མཁན་གྱི་གྲས་ཤིག་ཡིན།

ཁྱེད་ཚོའི་ནང་ནས་མང་པོ་ཞིག་ལོ་ཆུང་ཆུང་དང་བོད་ནས་ཕེབས་པ་ཤ་སྟག་ཡིན་དུས་བོད་ནང་གི་གནས་ཚུལ་དང་རྒྱ་གར་ནང་གི་གནས་ཚུལ་གཉིས་ཀ་མཁྱེན་གྱི་ཡོད། མི་ཐོག་རྒན་པ་ཚོ་ལས་ཁྱེད་ཚོ་ཤེས་ཡོན་དང༌། འཇོན་ཐང༌། ཉམས་མྱོང་གང་ཅིའི་ཐད་ནས་ཆ་རྐྱེན་འཛོམས་པོ་ཤ་སྟག་ཡིན་དུས་བོད་སྤྱི་བའི་ལས་དོན་སྒྲུབ་པའི་སྐབས་ཕྱག་ལས་གནང་སྟངས་ཀྱི་ཐད་ནས་མདོ་སྨད་པ་གཞན་གྱི་རྗེས་སུ་མ་ལྷག་པ་ཞིག་བྱེད་དགོས།

ངས་ཐེངས་འགའ་ཤས་ལ་འདི་འདྲ་བཤད་མྱོང༌། དཀྲུག་ཤིང་ལ་འགྲོ་གཞིའི་སྐད་ཆ་སྣ་ཚོགས་ཤོད་པ་དང་རྩོམ་ཡིག་འབྲི་བས་མཚོན་མདོ་སྨད་པའི་ནང་ལས་ཀ་འདྲ་མིན་བྱེད་མཁན་འགའ་ཤས་རེ་ཡོང་གི་ཡོད་ཚོད་འདུག ྋརྒྱལ་བ་རིན་པོ་ཆེས། ང་ལ་གྲོགས་པོའི་འདུ་ཤེས་ཕྲན་བུ་ཞིག་ཡོད་ན། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་བར་ལ་དཀྲུག་ཤིང་དུ་འགྲོ་བའི་བྱ་བ་མ་བྱེད་རོགས་ཞེས་གསུངས་ཚར་བའི་རྗེས་སུ་ད་དུང་ཡང་ལས་ཀ་དེ་རིགས་བྱེད་མཁན་ཡོད་ཚེ། ཁོའི་བསམ་བློ་གཏོང་སྟངས་མ་འདྲ་བ་ཞིག་དང་དམིགས་ཡུལ་འཛིན་སྟངས་མ་འདྲ་བ་ཞིག་ཡིན་པར་ངོས་འཛིན་གསལ་པོ་བྱེད་དགོས། མདོ་སྨད་པའི་ངོས་ནས་ད་ལྟའི་བར་ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་དང་འགལ་བ་དང་བོད་ཀྱི་རྩ་དོན་ལ་གནོད་གཞིའི་རིགས་ཀྱི་ལས་ཀ་བྱེད་མཁན་རིགས་ཕྱི་ནང་གང་དུ་བྱུང་བ་ཡིན་ན་ཡང་ནུས་པ་གང་ཡོད་ཀྱིས་ཁ་གཏད་བཅག་ཡོད། མདོ་སྨད་པའི་ནང་ཁུལ་ལ་འདི་རིགས་ཀྱི་གནས་ཚུལ་བྱུང་བ་ཡིན་ན་ཡང་དེ་ལ་མདོ་སྨད་པ་སྤྱི་པའི་ཐོག་ནས་ཐེ་ཚོམ་མེད་པར་གདོང་ལེན་བྱས་ཡོད།

སྐུ་ངོ་རྣམ་པ་(སྲིད་སྐྱོང་དང་ཚོགས་གཙོ། ཁྲིམས་ཞིབ་པ་རྣམ་པ།)ཚོ་སྐུ་མདུན་དུ་བཅར་བའི་སྐབས་ྋརྒྱལ་བ་རིན་པོ་ཆེས་གསུང་ཡོད་རྒྱུ་རེད། ང་ཚོ་བཀའ་ཟུར་ཚོ་སྐུ་མདུན་དུ་བཅར་བའི་སྐབས། ང་ལ་བློ་ཕམ་བྱུང༌། ང་བསྡད་མ་བསྡད་མི་འདུག་སྙམ་པ་བྱུང་སོང༌། ཞེས་གསུང་གི་འདུག གསུང་འདི་ད་དུང་ཡང་ཕྱི་ལོགས་ལ་ཡོང་གི་མི་འདུག ྋརྒྱལ་བ་རིན་པོ་ཆེ་ཅི་ཙམ་ཐུགས་ཕམ་བྱུང་འདུག གསུང་འདི་ཞེ་ས་མ་ཞུས་པར་ཐད་ཀར་ཁ་གསལ་པོ་བྱས་ནས་བཤད་ན་ྋརྒྱལ་བ་རིན་པོ་ཆེས་ང་གསོན་པོར་བསྡད་མ་བསྡད་མི་འདུག་དགོངས་བྱུང༌། ཞེས་གསུངས་པ་རེད། ད་ང་ཚོ་རྒྱུན་ལྡན་ལྟར་འཆར་ཅན་གྱི་ལས་ཀ་བྱས་ནས་འདུག་པ་དང་ལས་ཀ་འདྲ་མིན་ལ་མགོ་འཁོར་ནས་སྡོད་པའི་དུས་ཤིག་རེད་དམ་མ་རེད་བསམ་བློ་ཐོངས། བོད་མི་ཡོངས་རྫོགས་ལ་འདིའི་འགན་ཡོད། ལྷག་པར་སྤྱི་འཐུས་རྣམ་པས་གཙོས་གཞུང་གི་ལས་ཀ་བྱེད་མཁན་ཚོས་ྋརྒྱལ་བ་རིན་པོ་ཆེའི་གསུང་འདིའི་ཐོག་འགན་ཁུར་ནས་ལས་ཀ་ག་རེ་བྱེད་ཐུབ་ཀྱི་འདུག་བསམས་ནས་དགོངས་པ་བཞེས་དགོས། ང་ཚོ་མི་རེ་རེའི་ངོས་ནས་ྋརྒྱལ་བ་རིན་པོ་ཆེའི་ཐུགས་ཕམ་དྭངས་པའི་ཆེད་བྱེད་ཐུབ་པ་ག་རེ་ཡོད། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་དུས་སོ་སོའི་ངོས་ནས་སྔར་འགྱོད་ཕྱི་བསྡོམ་བྱེད་ཐུབ་པ་ག་རེ་ཡོད་པ་དེ་ལག་ལེན་དུ་འཁྱོངས་པར་བྱ་དགོས་པ་འདི་གལ་ཆེན་པོ་རེད།

སྤྱི་འཐུས་རྣམ་པར་ཚོར་མཚོན་ན། ཐོག་མར་དབུས་འོས་བསྡུ་ལས་ཁུངས་ནས་མང་ཚོགས་ཀྱིས་ཁྱེད་ཚོ་ལ་རེ་བ་བྱེད་ཀྱི་འདུག ཁྱེད་ཚོ་སྤྱི་འཐུས་ལ་བཞེངས་ཀྱི་ཡིན་ནམ་མིན་ཞེས་ཡིག་ཐོག་ནས་དྲིས་པའི་སྐབས་སྤྱི་འཐུས་ལ་བཞེངས་ཀྱི་ཡིན་ཞེས་ས་ཡིག་བརྒྱབས་ཏེ་ཁས་ལེན་གནང་ནས་ཕེབས་པ་ཤ་སྟག་རེད། ད་སང་ཉིན་ནས་དངོས་སུ་ཕྱག་ལས་གནང་རན་པ་ཡིན་དུས། འགན་ག་ཚད་འཁྱོག་ས་རེད། ལས་ཀ་ག་ཚད་བྱེད་ཐུབ་ས་རེད་ཅེས་དགོངས་པ་བཞེས་དགོས།

མདོ་སྨད་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས་ཚོས་སྐུ་མདུན་ཐུགས་ཕམ་གྱི་གནས་ཚུལ་ཐབས་རྡུགས་འདི་བྱུང་བའི་སྐབས་ཛ་དྲག་གི་ངང་ནས་ཚོགས་འདུ་ཚོགས་ཏེ་གྲོས་བསྡུར་གནང་ཨེ་ཡོད། གྲོས་བསྡུར་གནང་ཡོད་རྒྱུ་རེད་བསམས། གནས་ཚུལ་ངན་པ་དང་ཚབས་ཆེན་པོ་འདི་འདྲ་བྱུང་བའི་སྐབས་ཆོལ་ཁ་སོ་སོའི་ངོས་ནས་འགན་ལེན་དགོས་པ་རེད། གཞན་པ་ཞིག་གིས་བྱེད་ཀྱི་མི་འདུག་ང་ཚོས་ཀྱང་བྱེད་ཀྱི་མིན་ཟེར་ནས་དཔེ་ལྟོས་ངན་པ་ལ་བྱས་ན་ནོར་བ་རེད། གཞན་པས་ག་རེ་བྱེད་ཀྱི་ཡོད་མེད་གང་ལྟར་ཡང་ང་ཚོ་ལ་ཡག་པོ་ཞིག་བྱེད་དགོས་པའི་འགན་ཡོད་པ་ནང་བཞིན་རང་ཉིད་ཀྱིས་འགན་འཁྱེར་དགོས། གཞན་པས་ྋརྒྱལ་བ་རིན་པོ་ཆེས་བཀའ་མ་བརྩིས་པ་བྱེད་ཀྱི་འདུག་ངས་ཀྱང་དེ་ལྟར་བྱེད་ཀྱི་ཡིན་ཟེར་ན་དཔེ་ལྟོས་བྱེད་ས་གོ་ལོག་ཐེབས་པ་རེད། ང་ཚོའི་ལས་འགན་ང་ཚོའི་ངོས་ནས་སྒྲུབ་དགོས་པ་རེད། ང་ཚོའི་ངོས་ནས་ཆིག་སྒྲིལ་ཡོང་བའི་ཆེད་དུ་བྱ་བ་ག་རེ་བྱེད་ཐུབ་ཀྱི་འདུག ང་ཚོའི་ངོས་ནས་ྋརྒྱལ་བ་རིན་པོ་ཆེའི་ཐུགས་ཕམ་དྭངས་པའི་ཞབས་ཕྱི་ག་རེ་ཞུ་ཐུབ་ཀྱི་འདུག འདི་དག་གི་ཐོག་ལ་འགན་བླངས་ནས་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། ང་མི་རབས་རྒན་པ་ཞིག་ཡིན་པའི་ཆ་ནས་བཤད་ཀྱི་ཡོད་པ་ཡིན་དུས་ཚིག་ཅུང་རྩུབ་པོ་འདྲ་བོར་ཆགས་སོང་བས་དགོངས་དག་ཞུ་རྒྱུ་ཡིན།

ཐུགས་ཕམ་གྱི་གནས་ཚུལ་ཐོག་མར་བྱུང་བའི་སྐབས་རྣམ་པ་ཚོས་ཚིག་བེད་སྤྱོད་གཏོང་སྟངས་ལ་ཡང་ནོར་འཁྲུལ་འབྱུང་སོང་བསམ་པའི་མཐོང་ཚུལ་བྱུང༌། མང་པོ་ཞིག་གིས་སྐུ་མདུན་དགོངས་པ་ཚོམ་པ་རེད། སྐུ་མདུན་ལ་དགོངས་དག་ཞུ་དགོས་པ་རེད་ཅེས་པ་ལྟ་བུ་བཤད་བྱུང༌། ངས་གོ་བ་ལེན་སྟངས་བྱས་ན་སྐུ་མདུན་དགོངས་པ་ཚོམ་པ་མ་རེད་བསམས། དགོངས་པ་ཚོམ་ཞེས་པ་ཞེ་ས་མ་བྱས་པར་ཐད་ཀར་བཤད་ན་ཁོང་ཁྲོ་ལངས་པ་ཟེར་བ་རེད། ྋརྒྱལ་བ་རིན་པོ་ཆེའི་ཐུགས་ཕམ་བྱུང་བར་ང་ཚོས་ནོར་འཁྲུལ་བྱས་པ་ལ་སྔར་འགྱོད་ཕྱི་བསྡོམས་ཀྱི་ཐོག་ནས་བཤགས་པ་ཕུལ་ཏེ་སྐུ་མདུན་གྱི་ཐུགས་ཕམ་དྭངས་པའི་བྱ་བ་ཞིག་ཞུ་གི་ཡིན་ཟེར་ན་བཤད་སྟངས་ཤིག་རེད། དབྱིན་ཇིའི་སྐད་ཡིག་ཐོག་ནས་ཚིག་འདི་ཚོ་ལ་ཁྱད་པར་མེད་པ་ཡིན་སྲིད། བོད་སྐད་དང་ལྷག་པར་དུ་མི་རྒན་པ་ཚོའི་བོད་སྐད་བཤད་སྟངས་ཀྱི་དབང་དུ་བྱས་ན་ཚིག་འདི་ཚོ་གོ་སྟངས་ལ་ཁྱད་པར་ཆེན་པོ་ཡོད། ཕྱིས་སུ་ཚིག་འདི་རིགས་བེད་སྤྱོད་གཏོང་སྟངས་ལ་ཡང་ཁྱད་པར་འབྱེད་ཤེས་དགོས་ཀྱི་འདུག སྐུ་མདུན་ལ་ཐུགས་ཕམ་བྱུང་བ་མ་གཏོགས་དགོངས་པ་ཚོམ་པ་མ་རེད། ྋརྒྱལ་བ་རིན་པོ་ཆེས་བོད་སྤྱིའི་བསྟན་སྲིད་སྤྱིའི་ཐུགས་འགན་གཙོ་བོར་བཞེས་ཀྱི་ཡོད་དུས་མི་རེ་ཟུང་གི་བྱེད་སྟངས་ལ་བརྟེན་ནས་ཐུགས་ཕམ་བྱུང་བ་རེད།

ཡང་རེ་ཟུང་གིས་ྋརྒྱལ་བ་རིན་པོ་ཆེས་སྲིད་སྐྱོང་ལ་བཀའ་བཀྱོན་ཕེབས་འདུག་ཅེས་དེ་མ་འོས་པ་རེད་མདོག་མདོག་གི་བསམ་ཚུལ་དང་རྣམ་འགྱུར་སྟོན་མཁན་ཡང་ཡོང་གི་འདུག ངས་ཉེ་ཆར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐོག་ལ་ཡང་བཤད་ཡོད། ང་ཚོའི་སྲིད་སྐྱོང་ཟེར་བ་ནི་བོད་མི་ཁྲི་འགའ་ཤས་ཀྱི་འོས་ཤོག་གི་ཐོག་ནས་ཕེབས་པ་རེད། ྋརྒྱལ་བ་རིན་པོ་ཆེ་བོད་མི་མང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་དང་འདི་ཕྱི་གཉིས་ཀའི་སྐྱབས་གནས་གཅིག་པུ་རེད། ྋརྒྱལ་བ་རིན་པོ་ཆེར་སྲིད་སྐྱོང་གིས་མཚོན་པའི་བོད་མི་ཡོངས་རྫོགས་ལ་བཀའ་བཀྱོན་གནང་རྒྱུས་མཚོན་ཚར་གཅོད་རྗེས་འཛིན་གནང་དགོས་པའི་སྐུ་དབང་བོད་མི་འབུམ་ཕྲག་མང་པོས་སེམས་གཏིང་ནས་ཕུལ་ཡོད། སྐུ་དབང་ཕུལ་བ་ནང་བཞིན་ྋརྒྱལ་བ་རིན་པོ་ཆེས་སྐབས་དང་དུས་གང་འདྲ་ཞིག་ལ་ཡིན་ཀྱང་རུང་དགོས་མཁོ་ནམ་བྱུང་ལ་ཐུགས་བརྩེ་བ་ཆེན་པོས་བོད་མི་སུ་འདྲ་ཞིག་ལ་ཡིན་ན་ཡང་ཚར་གཅོད་རྗེས་འཛིན་གྱི་བཀའ་སློབ་གནང་དགོས་པའི་འགན་ཡོད་པ་རེད། ྋརྒྱལ་བ་རིན་པོ་ཆེས་ང་ཚོ་ལ་བཀའ་སློབ་མ་གནང་ན་ང་ཚོས་རང་མགོ་ཐོན་ས་རེད་དམ་མ་རེད། བསམ་བློ་ཞིབ་ཏུ་བཏང་ན་བཀའ་བཀྱོན་གནང་འོས་དང་མི་འོས་དང༌། མང་གཙོ་ཡིན་མིན་ཟེར་བ་ནི་དཀྲུག་ཤིང་གི་སྐད་ཆ་དངོས་ཡོད་གནས་མི་མཐུན་ཞིག་རེད། འདི་འདྲ་བའི་སྐད་ཆ་འདྲ་མི་འདྲ་བཤད་ནས་དཀྲུག་ཤིང་རྒྱག་མཁན་རེ་ཟུང་ཞིག་ཡོང་གི་ཡོད་ས་རེད། འདིའི་རིགས་ལ་ང་ཚོ་སྤྱི་སྒེར་ཀུན་གྱིས་དོགས་ཟོན་གནང་དགོས་ཀྱི་འདུག

སང་ཉིན་ནས་བཟུང་ཁྱེད་རྣམ་པའི་ཕྱག་ལས་དབུ་འཛུགས་གནང་བའི་སྐབས། ཐོག་དང་པོར་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཚ་བོ་དེ་དྲོད་མ་ཡལ་བའི་ཐོག་ནས་གྲུབ་འབྲས་ཐོན་པའི་ལས་ཀ་ལག་བསྟར་བྱ་དགོས་པ་དེ་རེད། ྋརྒྱལ་བ་རིན་པོ་ཆེར་ཐུགས་ཕམ་གཅིག་བྱུང་གཉིས་བྱུང་ན་གྲུབ་འབྲས་ཡག་པོ་ཞིག་གཏན་ནས་ཡོང་གི་མ་རེད། ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ཆུ་སྤྲེལ་ལོར་ཞལ་གདམས་གནང་བ་རེད། འོན་ཀྱང་ཁོང་གི་ཞལ་གདམས་ལ་བདག་པོ་བྱེད་མཁན་མ་བྱུང་བའི་དབང་གིས་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་གློ་བུར་དུ་དགོངས་པ་རྫོགས་པ་རེད། དེའི་རྐྱེན་པས་བོད་ཁ་པ་ཅན་ལ་དཀའ་ངལ་ག་ཚད་ཅིག་བྱུང་འདུག བོད་མི་མང་གིས་ད་ལྟའི་བར་མྱངས་དང་མྱོང་བཞིན་པའི་སྡུག་བསྔལ་འདི་བྱུང་བ་རེད། ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཞལ་གདམས་ལ་བདག་པོ་རྒྱག་མཁན་མ་བྱུང་བ་མ་གཏོགས་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བོད་མི་ཡོངས་རྫོགས་ལ་སྔོན་བརྡ་གནང་ཡོད།

དེང་སང་ཡིན་ནའང་ྋརྒྱལ་བ་རིན་པོ་ཆེས་སྔོན་བརྡ་རིམ་པ་བྱས་ནས་གནང་གི་ཡོད་དུས། སྤྱི་འཐུས་དང་བཀའ་ཤག་གིས་མཚོན་པའི་ལས་ཀྱི་སྣེ་མོ་པ་ཚོ་ལ་ལས་འགན་དམིགས་བསལ་བ་ཞིག་ཡོད། ལས་འགན་དམིགས་བསལ་ཅན་འདི་ཉིན་འགྱངས་ཞག་འགྱངས་བྱས་ནས་བཞག་ན་མི་འགྲིགས། ཛ་དྲག་གི་རང་བཞིན་གྱི་ཐོག་ནས་ཕྱག་ལས་གནང་དགོས་པ་ཞིག་རེད། ཛ་དྲག་གི་རང་བཞིན་ཅན་གྱི་ལས་འགན་འདི་ཉིན་འགྱངས་ཞག་འགྱངས་བྱས་ཏེ་བཞག་པ་ཡིན་ན། བོད་མི་རྩམ་གཟན་ཡོངས་རྫོགས་ཀྱིས་བློ་ཡུལ་དུ་མི་ཤོང་བའི་འགྱོད་པ་བྱ་དགོས་པ་ཤར་ཚེ་འཕྱིས་དྲག་པ་རེད། དེ་ཡིན་དུས་རྣམ་པ་ཚོས་དམིགས་བསལ་གྱིས་འགན་བླངས་ནས་ཛ་དྲག་གི་ཕྱག་ལས་གནང་རོགས་བྱོས་ཞེས་འབོད་སྐུལ་ཞུ་འདོད་བྱུང༌། ཐུགས་རྗེ་ཆེ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.