ཕྱི་ལོ་༡༩༩༩ ཟླ་༡༠ ཚེས་༡༡ ཉིན།

545༄༅།།དེ་རིང་ང་ཚོ་ལྷན་དུ་འཛོམས་པ་འདི། ངས་བཀའ་ཤག་ནས་དགོངས་པ་ཞུས་རྗེས་ཀྱི་ཚོགས་ཐེངས་བཞི་པ་དེ་རེད། ཟླ་བ་ལྔ་དྲུག་འདིའི་རིང་ཚོགས་འདུ་ཐེངས་འགའ་ཤས་འཚོགས་པ་དེ་དོན་མེད་དུ་སོང་མི་འདུག་སྙམ་པ་ཞིག་བྱུང༌། ངས་གང་བཤད་པ་དེ་རྣམ་པ་ཚོས་ཉན་པ་ཙམ་དུ་མ་བཞག་པར་ལག་ལེན་དུ་བཀལ་ཏེ་སློབ་སྦྱོང་དང་རྒྱུན་གྱི་སྤྱོད་ལམ་གང་ཅིའི་ཐད་ཉིན་རེར་ཡར་རྒྱས་ཆེན་པོ་ཞིག་ཡོང་གི་འདུག་པས། ངའི་ངོས་ནས་ལྷག་བསམ་དང་ཕན་སེམས་ཁོ་ནས་ལམ་སྟོན་བྱས་པ་ལ་ཕན་འབྲས་བྱུང་འདུག་སྙམ་ནས་དགའ་བོ་བྱུང༌། ངས་སྔ་རྗེས་བར་གསུམ་ལ་བསམ་བློ་གཏིང་ཟབ་པོ་ཞིག་བཏང་སྟེ་མི་ཚེའི་ཁ་ཕྱོགས་ལ་གང་ཕན་ཕན་གྱིས་སློབ་སྟོན་བྱས་པའི་དམིགས་ཡུལ་ནི། རྣམ་པ་ཚོའི་སློབ་སྦྱོང་གང་ཅིའི་ཐད་ནས་ཧ་ལས་པའི་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་བྱུང་འདུག ཡིན་ནའང་མི་མང་པོའི་དཀྱིལ་དུ་འགྲིག་ལམ་ལ་བརྩི་སྲུང་མེད་པ་དང་སློབ་སྦྱོང་མི་བྱེད་མཁན་རེ་ཟུང་ཞིག་གང་དུ་ཡིན་ནའང་ཡོང་གི་ཡོད་པ་བཞིན་ང་ཚོའི་འདིར་ཡང་རེ་ཟུང་ཡོང་གི་ཡོད།

དེ་ཚོ་དུས་རྟག་ཏུ་ཕྱི་ལོགས་ལ་འགྲོ་བ་དང་སྐྱིད་པོ་བྱས་ནས་སྡོད་རྒྱུ་ལས་སློབ་སྦྱོང་གི་བསམ་བློ་མེད་སྟབས་སྐད་ཆ་བཤད་ནས་བཟོ་བཅོས་བྱེད་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་གོང་དུ་བཤད་པ་ལྟར་སྤྱི་ཡོངས་ཀྱི་ཆ་ནས་ཧ་ལས་པའི་ཡག་པོ་འདུག དུས་ཡུན་ཐུང་ངུ་ཞིག་གི་ནང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་ཐུབ་པའི་རྩ་བ་ནི་ང་ཚོའི་བར་ལ་བླ་སློབ་ཀྱི་དམ་ཚིག་གཙང་མའི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེའི་དབང་གིས་རེད། ང་ཚོའི་བར་གྱི་འབྲེལ་བ་འདི་མི་ཐོག་གཅིག་གི་ནང་གློ་བུར་དུ་བྱུང་བ་ཞིག་མིན་པར། ཀིརྟི་ཚང་གི་བླ་རབས་མང་པོ་དང་ཁྱེད་ཚོའི་ཕ་རབས་ཞང་བརྒྱུད་ནས་བཟུང་མི་རབས་མང་པོའི་རིང་བག་ཆགས་གཏིང་ཟབ་པོ་བཞག་པ་ལས་བྱུང་བ་ཞིག་ཡིན་ནའང༌། སྒྲིགས་འཛུགས་ཀྱི་བཙིར་གནོན་དང་བསམ་བློ་གཏོང་ཕྱོགས་མི་མཐུན་པ་སོགས་ཀྱི་རྐྱེན་བྱས་ནས་སྐབས་རེར་སེམས་མ་བདེ་བ་དང་མ་སྐྱིད་པ་སོགས་དཀའ་ངལ་རེ་ཡོང་སྲིད་ཀྱི་རེད། ཡིན་ནའང་ང་ལ་བསམ་བློའི་གཏིང་དུ་དགའ་ཞེན་གྱི་བག་ཆགས་མཐུག་པོ་ཞིག་ཡོད་པ་དེ་ལས་སླ་པོ་ཞིག་གིས་བརླག་ཐུབ་ཀྱི་ཡོད་པ་མ་རེད། བོད་རིགས་སྤྱི་ཡོངས་ལ་ཆ་བཞག་ནའང་རྒྱ་མི་གུང་ཁྲན་ཏང་གིས་ལོ་དེའི་རིང་དཀའ་ལས་བརྒྱབས་ནས་དྲག་རྩུབ་ཀྱི་བྱེད་ཐབས་སྣ་ཚོགས་པ་བྱས་ནས་བསམ་བློ་ལ་བསྒྱུར་བཀོད་བྱས་ཡོད་ནའང༌། ཕྱིའི་རྣམ་འགྱུར་ཙམ་མ་གཏོགས་སེམས་པའི་གཏིང་ནས་ཆོས་དད་ལ་འགྱུར་བ་བཏང་ཐུབ་མེད། ཆོས་ལུགས་དང་འབྲེལ་བའི་དད་པའི་བག་ཆགས་དེ་ལས་སླ་པོར་སུ་གང་གིས་ཀྱང་གཏོར་མི་ ཐུབ། བླ་སློབ་ཀྱི་དམ་ཚིག་ལ་ལོ་རྒྱུས་རིང་པོའི་བག་ཆགས་ཀྱི་འབྲེལ་བ་ཟབ་མོ་ཡོད་པ་འདི་རྩ་ཆེན་པོ་དང་ང་ཚོ་ཀུན་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་དུས། ཕན་ཚུན་གཉིས་ཀའི་ངོས་ནས་དེ་ཉམས་ཆག་འགྲོ་རུ་མི་འཇུག་པར་གཅེས་སྤྲས་ཀྱིས་ཉར་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོའི་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་འདི་ལ་བརྟེན་ནས་ཀིརྟིའི་བྱེས་པ་གྲྭ་ཚང་བཙུགས་ཏེ་ལོ་བདུན་བརྒྱད་ལྷག་མ་སོང་བའི་དུས་ཡུན་ཐུང་ཐུང་འདིའི་ནང༌། དབུ་ྋརྒྱལ་བ་རིན་པོ་ཆེ་དང་བོད་རྒྱ་ཆེའི་མི་མང་གཉིས་ཀས། ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་སྦྱོང་དང་འགྲིག་ལམ་ཀུན་སྤྱོད་ག་ངཅིའི་ཆ་ནས་ཡག་པོ་ཞེ་དྲག་འདུག་ཅེས་བསྟོད་བསྔགས་གནང་སའི་གནས་ཚད་དུ་སླེབས་ཐུབ་པ་ཞིག་བྱུང་ཡོད། འདི་ནི་གཙོ་བོ་གོང་དུ་བཤད་པ་ལྟར་བཤད་མཁན་གྱིས་ལྷག་བསམ་རྣམ་དག་གིས་བཤད་པ་དང༌། ཉན་མཁན་གྱིས་ཀྱང་ངས་སྣེ་ཁྲིད་པའི་ལམ་སྟོན་འོག་ཤར་བསྐྱོད་གནང་བའི་འབྲས་བུ་རེད། བླ་སློབ་ཆ་ཚང་གིས་དཀའ་ལས་བརྒྱབས་ཏེ་ཡར་རྒྱས་ཡག་པོ་ཡོད་པའི་གནས་སྐབས་འདི་ལ་གཟབ་གཟབ་མ་བྱས་པར་ད་འགྲིག་སོང་སྙམ་ན་ལྷོད་ཡེངས་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་སྟབས། དགེ་སློབ་ཚང་མས་རིག་པ་བསྒྲིམས་ཏེ་ཡག་ཐོག་ཡག་བརྩེགས་ཀྱིས་མུ་མཐུད་ཡར་རྒྱས་ གཏོང་བའི་སེམས་ཤུགས་དང་སྤོབས་པ་དགོས་པ་དེ་གལ་ཆེན་པོ་རེད། ང་བཀའ་ཤག་ནས་དགོངས་པ་ཞུས་པ་ནས་བཟུང་སྟེ་འདི་གའི་བླ་སྤྲུལ་ཚོ་ཡིན་ནའང་ཞལ་འདོན་གསུང་སྟངས་དང༌། བླ་མ་བྱེད་སྟངས། དབུ་མཛད་བྱེད་སྟངས། ཐ་ན་ཆབ་རིལ་བྱེད་སྟངས་ནས་བཟུང་ཐམས་ཅད་འཁོར་རེས་བྱས་ནས་བསླབ་ཀྱི་ཡོད་པར་མ་ཟད། ཟླ་བ་གཅིག་གི་ནང་ཆོས་རྭ་མེད་པའི་ཉི་མ་བཅུ་ཡོད་པ་དེའི་རིང་རྒན་ཨ་ཁུ་ཚུལ་ཁྲིམས་ལ་བླ་མ་ཚོར་ལམ་རིམ་ཁྲིད་བཅུག དགོང་མོ་བླ་མ་ཁོང་ཚོའི་ནང་ཁུལ་ལ་རེས་འཁོར་ནས་བཤད་འཇུག་གི་ཡོད། དུས་དེང་སང་བླ་མ་ཚོ་ཡིན་ནའང་ཡར་རྒྱས་ཡོང་གི་འདུག སྤྱི་པ་ཡག་པོ་ཡོང་ན་སྒེར་པ་ལ་རང་བཞིན་གྱིས་བདེ་སྐྱིད་ཡོང་གི་ཡོད་དུས། སྒེར་པ་སོ་སོའི་གནས་སྐབས་ཀྱི་མིག་སྔའི་བདེ་སྐྱིད་བློས་གཏོང་དང་དཀལ་ངལ་ལ་གདོང་ལེན་ཐུབ་པའི་སྤོབས་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད།

                གཉིས་པ། ཕྱིའི་དངོས་པོ་ལ་ལཆོག་ཤེས་ཀྱི་བསམ་བློ་དགོས་པ་དེ་གལ་ཆེན་པོ་རེད། ཆོག་ཤེས་མེད་པའི་མིའི་མི་ཚེ་ལ་བདེ་སྐྱིད་ནམ་ཡང་ཡོང་ཐུབ་ཀྱི་མ་རེད་ལ། འཛམ་གླིང་གི་རྙོག་དྲ་ཐམས་ཅད་ཀྱི་རྩ་བ་ཆོག་ཤེས་མེད་པའི་དབང་གིས་བྱུང་བ་ཤ་སྟག་རེད། དུས་རྟག་ཏུ་རྒྱ་ཟས་ལུང་པ་གང་ཟ་རྒྱུ་ཡོད་ཀྱང་རུང༌། ཆོག་ཤེས་མེད་ན་ཟས་ཞིམ་མངར་ཇི་ཙམ་ཞིག་ཟོས་ཀྱང་སེམས་ལྟོགས་ལྷང་ངེར་བསྡད་ཀྱི་རེད། སྒོར་མོ་ལྟ་བུ་ལ་དཔེར་བཞག་ནའང་ཆོག་ཤེས་ཡོད་མཁན་ལ་སྒོར་མོ་བརྒྱ་སྐོར་ཞིག་ཡོད་ན་དེས་འགྲིག་གི་ཡོད་ལ་དེ་རང་ཉིད་ཀྱི་འཚོ་བ་བདེ་སྐྱིད་ཀྱི་མཐུན་རྐྱེན་དུ་འགྱུར་གྱི་ཡོད། ཆོག་ཤེས་མེད་ན་སྒོར་མོ་འབུམ་ཕྲག་ག་ཚོད་ཡོད་ཀྱང་དེས་སེམས་སྐྱིད་པ་ཡོང་བ་ལ་ཕན་ཐོགས་རྒྱུ་ཁག་པོ་རེད། དེང་སང་ཚགས་པར་དང་གསར་ལམ་ཁག་ནང་ནག་ཚོང་རྒྱག་མཁན་མང་པོ་ཞིག་འཛིན་བཟུང་བྱས་ནས་གསེར་དང་སྒོར་མོ་འབུམ་ཕྲག་མང་པོ་གཞུང་གིས་འཕྲོག་སོང་ཟེར་བའི་གསར་འགྱུར་མང་པོ་གོ་རྒྱུ་འདུག ཚོང་པ་དེ་དག་ལ་སྒོར་མོ་མི་ཐོག་འགའ་ཤས་ལ་འདང་ཐུབ་པ་ཞིག་ཡོད་ཀྱང་དེས་ཆོག་མ་ཤེས་པར་ནག་ཚོང་བརྒྱབས་པ་རེད། ཐ་མ་རང་ལ་ཡོད་པའི་དངུལ་དངོས་ཡོད་ཚད་གཞན་ལག་ཏུ་ཤོར་ནས་རང་ཉིད་བཙོན་ཁང་ལ་འགྲོ་དགོས་པ་ཡོང་གི་ཡོད། འདི་ཡང་ཆོག་ཤེས་མ་བྱས་པས་ལན་པ་ཞིག་ཡིན། ཆོག་ཤེས་བྱེད་དགོས་པ་འདི་གལ་ཆེན་པོ་རེད། ལྷག་པར་གྲྭ་པ་ཚོས་སྒེར་གྱི་དཔལ་འབྱོར་ལ་ཆོག་ཤེས་བྱེད་ཐུབ་པ་དང་སྤྱི་པ་དེ་གལ་ཆེ་དང་སྤྱི་པའི་དོན་ལ་ཆོག་ཤེས་མེད་པར་འཕེལ་རྒྱས་གཏོང་འདོད་ཀྱི་བསམ་བློ་ཞིག་ཡོད་དགོས་ཀྱི་རེད། འོན་ཀྱང་སེམས་ཀྱི་ཡར་རྒྱས་མཐར་ཐུག་པ་དེ་ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་བར་ འགྲོ་དགོས་ཀྱི་ཡོད་དུས་ཤེས་ཡོན་དང་སློབ་སྦྱོང་ལ་ཆོག་ཤེས་གཏན་ནས་བྱེད་མི་རུང་བ་ཞིག་ཡིན། སློབ་སྦྱོང་བྱེད་བཞིན་པའི་སྐབས་ལ་འགྲོ་འདུག་གི་བསམ་བློ་གཏོང་རྒྱུ་མང་དྲགས་ ན་རང་གི་མདུན་ལ་ཡོད་པའི་སློབས་སྦྱོང་ལ་ནུས་པ་ཐོན་ཐུབ་ཀྱི་མེད་དུས་སློབ་སྦྱོང་བྱེད་པའི་སྐབས་སྒོ་གསུམ་གྱི་ནུས་པ་ཡོད་ཚད་སློབ་སྦྱོང་གི་ཐོག་ལ་བསྡུ་ཐུབ་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད། མི་ཅོལ་ཆུང་འགའ་ཤས་ཀྱིས་རང་གི་སྐད་ཡིག་དང་ཆོས་དང་རིག་གཞུང་ལ་སྣང་ཆུང་བྱས་ཏེ་དབྱིན་ཇིའི་སྐད་ཡིག་ལ་དང་དོད་ཆེན་པོ་བྱེད་ཀྱི་འདུག རང་གི་རིག་གཞུང་གི་རྩ་བ་མ་ཚུགས་པར་གཞན་གྱི་རིག་གཞུང་ལ་སློབ་སྦྱང་བྱེད་ཁུལ་བྱས་ཀྱང་ཕན་ཐོགས་པོ་ཞིག་ཡོང་རྒྱུ་ཁག་པོ་རེད། མང་ཆེ་བས་དབྱིན་ཇི་སྦྱང་རྒྱུར་དགའ་པོ་བྱེད་པ་དེ་དབྱིན་ཇི་མགོ་སེར་པོ་ཚོའི་རྐུབ་ལ་རྒྱུགས་ནས་དཔེ་ཤ་དངུལའཚོལ་རྒྱུའི་དམིགས་ཡུལ་རྐྱང་པ་ཡིན་པ་ལས་ཕུགས་ རྒྱང་རིང་པོའི་བསམ་བློ་གང་ཡང་ཡོད་པ་མ་རེད། བོད་ཡིག་གིས་དཔེ་ཤ་དངུལམང་པོ་རེག་ཐུབ་ཀྱི་མི་འདུག་བསམ་ནས་བོད་ཡིག་སྦྱོང་རྒྱུ་ལ་དགའ་པོ་བྱེད་ཀྱི་མེད། འདི་ཡང་ཆོག་ཤེས་མེད་པ་དང་རྒྱུ་རྔམ་ཆེ་རྒྱུ་མང་དྲགས་པའི་སྐྱོན་རེད། རྒྱ་གར་པས་ཆོག་ཤེས་ཀྱི་མིང་ལ་སེན་ཏོ་ཤི་མ་ཆོག་ཤེས་ཀྱི་མ་ཞེས་བརྗོད་ཀྱི་ཡོད། ཆོག་ཤེས་ཀྱིས་ང་ཚོ་ལ་མ་ནང་བཞིན་གྱི་བདེ་སྐྱིད་སྟེར་གྱི་ཡོད་པས་རེད། བོད་ཀྱི་གཏམ་དཔེར། སྤྲང་པོས་བལྟས་ན་སྤྲང་ཚང་གཞལ་མེད་ཁང༌། ཞེས་བཤད་སྲོལ་ཡོད་པ་དེ་དངོས་གནས་བདེན་པ་རེད། ཆོག་ཤེས་ཡོད་ན་སྤྲང་ཚང་ནང་དུ་ཡང་སྐྱིད་པོ་དང་བདེ་བའི་སྣང་བ་ཞིག་ཡོང་གི་ཡོད་པ་རེད། ཆོག་ཤེས་མེད་དུས་གསེར་དངུལ་སོགས་རིན་པོ་ཆེས་བཟོས་པའི་ཁང་པ་ཤིན་ཏུ་ལེགས་པོ་ཞིག་གི་ནང་དུ་བསྡད་ཀྱང་སེམས་ལ་བདེ་སྐྱིད་ཡོང་མི་ཐུབ། ཆོག་ཤེས་མེད་ན་འཛམ་གླིང་ནང་གི་རྒྱུ་ནོར་ཡོད་ཚད་རང་ལ་དབང་ནའང་དེས་མ་འདངས་པ་དང་ད་དུང་སེམས་ཁ་མ་ཁེངས་པའི་དཀའ་ངལ་ཞིག་ཏན་ཏན་འཕྲད་ཡོང་གི་རེད། རྒྱ་གར་ནང་གི་ཕྱུག་བདག་ཨང་དང་པོའི་གྲགས་ཅན་ཊ་ཊ་ཟེར་བ་དེར་གསར་འདོག་པས་དེང་སང་ག་རེ་བྱེད་ཀྱོ་ཡོད་ཅེས་སྐད་ཆ་དྲིས་པར། ཁོང་གི་ང་ཉིན་རྟག་ཏུ་འཁྱམས་ནས་བསྡད་ཀྱི་ཡོད་ཅེས་ལན་བཏབ་སོང༌། ཁོ་འཁྱམས་ནས་བསྡད་ན་མ་གཏོགས་བསྡད་མ་ཐུབ་པའི་དཀའ་ངལ་ཞིག་ཡོང་གི་ཡོད་ཚོད་རེད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྗེས་འཇུག་ཚོར་དགེ་སྦྱོང་གི་སྦྱངས་པའི་ཡོན་ཏན་བཅུ་གཉིས་གསུངས་པའི་ནང་འདོད་པ་ཆུང་ཞིང་ཆོག་ཤེས་པ་དེ་གསུངས་ཡོད་སྟབས། གྲྭ་པ་ཚོས་དེ་ཉམས་ལེན་བྱེད་དགོས་པ་རང་གི་བསྲུང་བྱའི་ཚུལ་ཁྲིམས་ཀྱི་ཐོག་ནས་ཡོང་གི་ཡོད་པ་རེད། སྔ་མོ་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ནང་གླང་པོ་ཆེའི་ཕུང་པོ་ཡོངས་རྫོགས་ཨི་ཁུང་ནས་ཐར་ནའང་རྔ་མ་ཐོགས་ནས་མ་ཐར་པའི་རྨི་ལྟས་ཤིག་བྱུང་བ་དེ་སངས་རྒྱས་འོད་སྲུང་ལ་ཞུས་སྐབས། འདི་ནི་མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་གི་དགེ་སྦྱོང་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཡང་ཁྱིམ་ལ་ཆགས་ནས་ཐོགས་བསྡད་པ་དེ་ལ་ལྟ་བ་རེད་ཅེས་གསུངས་པའི་ལུང་བསྟན་དེའི་དོན་ངོ་མ་ད་ལྟ་བོད་པའི་རབ་བྱུང་ཚོའི་ནང་ལ་ཡོང་གི་ཡོད། བོད་པའི་སྤྱི་ཚོགས་ནང་རང་ཏུ་བྱུང་སྟེ་གྲྭ་པ་བྱས་ནའང་ཁྱིམ་ལ་ཆགས་ནས་ཁྱིམ་གྱི་འཛིན་སྐྱོང་ལ་བྱུས་གཏོགས་ཆ་ཚང་བྱེད་མཁན་མང་པོ་ཡོད་པ་རེད། ཐ་ན་ཁྱིམ་ཚང་གི་གཉེན་སྒྲིག་དང་བཟའ་འཛིང༌། ལུག་ཅིག་བཤའ་དགོས་ནའང་ཨ་ཁུ་ལ་སྐད་ཆ་འདྲི་དགོས་པའི་གནས་ཚུལ་ཡང་སྐབས་འགར་གོ་རྒྱུ་ཡོད། འདི་ནི་ཧ་ལས་པའི་ཐབས་སྐྱོ་བོ་དང་གྲྭ་པའི་ཞབས་འདྲེན་ཡང་རེད། གྲྭ་པ་ཚོས་ཐུབ་ན་རང་ཉིད་ཡོང་སའི་ཁྱིམ་ཚང་ལ་ཆོས་ཀྱི་སྣེ་ཁྲིད་བྱས་ནས་ཕ་མ་སྤུན་མཆེད་ཚོའི་བློ་ཁ་ཆོས་ཕྱོགས་སུ་བསྒྱུར་ཐུབ་པ་ཞིག་གནང་དགོས་པ་མ་གཏོགས་ཁྱིམ་ཚང་གི་འཛིན་སྐྱོང་ལ་བྱུས་གཏོགས་བྱེད་དགོས་པའི་འགན་གང་ཡང་འཁྲི་གི་མེད། སེམས་གཏིང་ནས་ཕ་མ་ལ་ཤ་ཚ་དང་དྲིན་གཟོའི་བསམ་བློ་ཞིག་ཡོད་ན་ཕ་མའི་རེ་བ་བཞིན་རང་ཉིད་ཀྱིས་གྲྭ་པ་གཙང་མ་ཞིག་བྱས་ཏེ་སློབ་སྦྱོང་ལ་ཤུགས་བརྒྱབས་ན་དེ་ལས་ལྷག་པའི་ཕ་མའི་དྲིན་ལན་གསབ་ཐབས་ཤིག་མེད། དེར་བརྟེན་རྣམ་པ་ཚོས་བྱ་བྱེད་མ་མང་བར་རང་གི་སློབ་སྦྱོང་གི་དུས་ཚོད་དང་མི་ཚེ་འཕྲོ་བརླག་ཏུ་མི་གཏོང་བར་མི་ལ་སྐྱེས་པའི་དོན་གོ་ཆོད་པ་ཞིག་བྱ་རོགས་ཟེར་ནས་བསྐུལ་མ་བྱེད་འདོད་བྱུང༌།

                གསུམ་པ། རྩོམ་ཡིག་འབྲི་སྟངས་སྐོར་ཕྲན་བུ་ཞིག་བཤད་ན་བསམ་སོང༌། རླབས་ཕྲེང་དུས་དེབ་ཐེངས་གསུམ་ཙམ་བཏོན་པའི་རྩོམ་ཡིག་མང་ཆེ་བ་ནང་དོན་དང་རྗོད་ཚིག་གང་ཅིའི་ཐད་ནས་ཡག་པོ་ཆགས་འདུག གྲྭ་ཚང་འདི་ཚུགས་ནས་སློབ་ཐོན་པའང་རིམ་པ་གསུམ་ཙམ་པར་ཐོན་ཐུབ་ཡོད། ད་ཆ་ང་ཚོ་རང་གི་རྐང་པའི་ཏོག་ལངས་ཐུབ་པའི་གནས་ཚད་བཟང་པོ་ཞིག་གི་དུས་ལ་སླེབས་ཡོད། ཡིན་ནའང་རྣམ་པ་ཚོས་ད་དུང་ཡང་རྩོམ་རིག་གི་གནས་ཚད་ཡར་རྒྱས་གཏོང་ཐབས་ལ་ཤུགས་སྣོན་ཞིག་རྒྱག་དགོས་ཀྱི་འདུག རྩོམ་ཡིག་གི་གནས་ཚད་ཡར་རྒྱས་གཏོང་བ་ལ་གཞི་རྩ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ངོ་བོ་དང་མཚན་ཉིད་ལྡན་པ་ཞིག་བྱེད་དགོས་ཀྱི་ཡོད། བོད་པ་ལ་བོད་པའི་རྩོམ་རྒྱག་སྟངས་ཤིག་ཡོད། བོད་པ་ལ་བོད་པའི་སྙན་ངག་གི་ནང་དོན་འདེམས་ལུགས་ཤིག་ཡོད། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་དེ་བོད་རིགས་སྤྱི་དང་ལྷག་པར་གྲྭ་པ་ཚོའི་ལས་འགན་རེད། སྙན་ངག་འབྲི་བའི་སྐབས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་འབྲི་སྟངས་ཤིག་ཡོད་པ་དེ་ལ་དམིགས་བསལ་གྱིས་དོན་སྣང་བྱས་ཏེ་མི་ཉམས་རྒྱུན་འཛིན་བྱེད་དགོས། དེང་སང་འགའ་ཤས་ཀྱི་བསམ་བློའི་ནང་རྙིང་པ་ཡོད་ཚད་ལ་གསར་བརྗེད་བྱེད་དགོས་པའི་འདོད་ཚུལ་ཤུགས་ཆེན་པོ་འདུག གནའ་བོའི་གོམས་སྲོལ་གྱི་ནང་ལའ་མི་དགོས་པའི་རུལ་སུངས་ཀྱི་རིགས་ཀྱང་ཡོད་པ་བདེན་པ་ཡིན་ནའང་རྙིང་པ་ཡོད་ཚད་ལ་གསར་བརྗེ་བྱེད་དགོས་པའི་བསམ་ཚུལ་དེ་ནི་ནོར་འཁྲུལ་ཆེན་པོ་རེད། གནའ་བོའི་མཁས་པ་དང་དམ་པ་གོང་མ་ཚོའི་སྙན་ངག་འབྲི་སྟངས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ངེས་པར་རྒྱུན་འཛིན་བྱེད་དགོས་པའི་བླང་བྱ་ཡིན་པ་ལས་དོར་བྱ་ མིན། དེང་སང་བོད་ཕྱི་ནང་གཉིས་ཀར་རྩོམ་རིག་གི་དུས་དེབ་སྣ་ཚོགས་ཤིག་ཐོན་གྱི་ཡོད་ནའང༌། ཚིག་གི་བརྗོད་སྟངས་དང་ནང་དོན་ཡང་བཟང་ངན་སྣ་ཚོགས་པ་ཞིག་ཡོང་གི་འདུག དེང་སང་མང་པོ་ཞིག་གིས་ཕྱི་གླིང་པ་དང་རྒྱ་ནག་དམར་པོའི་རྩོམ་སྟངས་ཀྱི་ལམ་ཁ་དེ་རང་དེད་ནས་བྲིས་ཡོང་གི་འདུག ནང་དོན་ཆགས་སྡང་དང་རྗོད་ཚིག་དམར་ཧྲང༌། རང་སྣང་གང་དྲན་གྱིས་བྲིས་པ་བོད་ཀྱི་གླུ་ཚིག་ཕལ་པ་དང་ཁྱད་མེད་པའི་འབྲི་སྟངས་གསར་པ་རང་མོས་སྙན་ངག་ཟེར་བ་དེ་ཚོ་བོད་མི་རིགས་ཀྱི་རྩོམ་ཚུལ་ཡར་རྒྱས་སུ་སོང་བའི་མཚོན་བྱེད་དུ་འུར་སྒྲོགས་བྱེད་ཀྱི་འདུག་པ་ནི་ནོར་འཁྲུལ་ཆེན་པོ་རེད། ཡང་འགའ་ཤས་ཀྱིས་བོད་པའི་རིག་གཞུང་དེ་མར་དམངས་ཁྲོད་ནང་དུ་སླེབས་ཐུབ་ཀྱི་མི་འདུག དེ་ནི་བླ་མ་དང་གྲྭ་པའི་སྤྱི་ཚོགས་ཀྱི་གྲལ་རིམ་ཞིག་གིས་བཟུང་བསྡད་ཀྱི་འདུག ཚིག་དོན་གཉིས་ཀ་སླ་རུ་གཏོང་དགོས་ཀྱི་འདུག་ཟེར་ནས་བསམ་ཚུལ་ཤུགས་ཆེན་པོ་བཤད་མཁན་ཡང་ཡོད། བསམ་ཚུལ་དང་བཤད་ཚུལ་འདིས་དེང་སང་གི་འབྲི་སྟངས་ཀྱི་རྣམ་པ་གསར་པ་དང༌། དེའི་བརྗོད་སྟངས། ནང་དོན་བཅས་ལ་དགའ་བོ་བྱེད་མཁན་ཚོའི་བསམ་བློ་གསལ་པོ་ཤེས་ཐུབ་ཀྱི་འདུག་ཀྱང༌། གོ་སླ་བའི་རྩོམ་སྟངས་འདིས་ཀྱང་བོད་མི་མང་པོ་ཞིག་གིས་བོད་ཡིག་ཀློག་ཤེས་ཙམ་ཡོང་བ་དང༌། བོད་ཡིག་ལ་གཞི་རྩའི་གོ་བ་ལེན་ཐུབ་པ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་ཡོད། ཡིན་ནའང་དེ་འདྲ་བའི་དེང་སང་མང་ཚོགས་དཀྱུས་མའི་ནང་དར་ཤུགས་ཆེ་བ། མངོན་བརྗོད་སོགས་ཚིག་རྒྱན་གྱིས་མ་བརྒྱན་པར་ཕལ་ཚིག་རྐྱང་པ། ཚིགས་སུ་བཅད་སྟངས་ཀྱང་གང་དྲན་གྱིས་བྲིས་པ་འདི་རིགས་དར་བའི་ཤུགས་རྐྱེན་གྱིས། གནའ་བོའི་བོད་ཀྱི་སྙང་ངག་རྩོམ་སྟངས་ཀྱིས་མཚོན་བོད་ཀྱི་རིག་གཞུང་རྙིང་པ་ རྒྱུན་འཛིན་བྱེད་དགོས་པ་དེ་ང་ཚོ་གྲྭ་པ་ཚོའི་འགན་དུ་འཁྲི་བའི་དམིགས་བསལ་གྱི་ལས་འགན་ཞིག་ཀྱང་རེད། ང་ཚོ་ནི་སྟོན་པའི་རྗེས་འཇུག་དང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་མཁན་ཞིག་ཡིན་དུས། བོད་པའི་རིག་གཞུང་རྙིང་པ་ཕར་བཞག་པའི་ཤུལ་ན་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཟེར་བ་ཞིག་ལོགས་སུ་མེད། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་བོད་པའི་རིག་གཞུང་གཉིས་གཅིག་ལ་གཅིག་འདྲེས་སུ་ཡོད་པ་ལས་རྣམ་པ་ཐ་དད་པ་ཞིག་ཏུ་རྩ་བ་ནས་ཡོང་ཐབས་མེད། བོད་པའི་རིག་གཞུང་རྙིང་པ་འདི་རྒྱུན་འཛིན་བྱེད་པའི་སྒྲིག་འཛུགས་འདིའི་རྩ་དོན་དང་ལས་རིམ་གལ་ཆེ་ཤོས་དེ་ཡིན། ྋརྒྱལ་བ་རིན་པོ་ཆེ་ཡིན་ནའང་ཁྱེད་ཚོས་དམིགས་བཀར་གྱིས་རིག་གཞུང་རྙིང་པ་རྒྱུན་འཛིན་བྱེད་པ་འདི་སྐབས་དང་དུས་ལ་བབ་པའི་ངེས་པར་མཁོ་བ་ཞིག་རེད་ཅེས་གསུངས་ནས་བསྔགས་བརྗོད་ཀྱང་གནང་ཡོད། འདིར་སྙན་ངག་སྦྱོང་མཁན་དང་འབྲི་མཁན་ཐམས་ཅད་ཀྱིས་དང་པོ་ནས་གནའ་བོའི་སྙན་ངག་རྙིང་པའི་རྩོམ་སྟངས་ལ་སློབ་སྦྱོང་བྱས་ཏེ་སྔ་མོའི་མཁས་པ་ཚོའི་སྙན་ངག་རྙིང་པའི་རྩོམ་སྟངས་ལ་སློབ་སྦྱོང་བྱས་ཏེ་སྔ་མོའི་མཁས་པ་ཚོའི་སྙང་གང་འབྲི་སྟངས་ནང་བཞིན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། སྙན་ངག་ཡག་པོ་ཞིག་འབྲི་འདོད་ན་མེ་ལོང་མ་ལྟ་བུའི་ཚིག་རྒྱན་རིག་པའི་བསྟན་བཅོས་ཀྱི་འགྲོ་སྟངས་ཡག་པོ་ཞིག་ཤེས་པའི་ཐོག་མངོན་བརྗོད་ཀྱང་ངེས་པར་བེད་སྤྱོད་བྱེད་དགོས་ཀྱི་རེད། མངོན་བརྗོད་ཀྱིས་མ་བརྒྱན་ན་སྙང་ངག་ཡག་པོ་ཞིག་འབྲི་ཐུབ་རྒྱུ་ཁག་པོ་རེད། རྣམ་པ་ཚོས་སྙན་ངག་འབྲི་བའི་སྐབས་མངོན་བརྗོད་ཤུགས་ཆེན་པོ་ཞིག་བེད་སྤྱོད་གཏོང་རྒྱུར་ད་དུང་དོ་སྣང་བྱེད་དགོས་ཀྱི་འདུག སྙན་ངག་གི་བརྗོད་བྱའི་ནང་དོན་གྱི་སྐོར་རེད། སྙན་ངག་ལ་བརྗོད་བྱའི་ནང་དོན་ཡག་པོ་ཞིག་མེད་ཕྱིན་ཆད་སྙན་ངག་གི་ཚིག་ལ་ནུས་པ་ཐོན་གྱི་མ་རེད། དེང་སང་ཁྱོད་ང་ལ་དགའ་དང༌། ང་ཁྱོད་ལ་དགའ་ཞེས་པ་ལྟ་བུ་སོགས་ཆགས་སྡང་སློང་བྱེད་ཀྱི་ནང་དོན་ཡོད་པའི་སྙན་ངག་གི་ནང་དོན་ཆགས་སྡང་གི་བསམ་བློ་དང་ཚོར་བ་དེ། རང་གི་ཉམས་མྱོང་གིས་མངོན་འགྱུར་དུ་སླེབས་ཀྱི་ཡོད་དུས་སྐྱ་སེར་མང་པོ་ཞིག་གིས་དེ་ལ་དགའ་པོ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན། སྙན་ངག་དེས་སོ་སོ་རང་གི་ཚོར་བ་ཡང་མཚོན་ཐུབ་ཀྱི་ཡོད་ལ་ནང་དོན་དེ་ཉིད་རང་གིས་དམར་རྗེན་དུ་ཉམས་སུ་མྱོང་ཐུབ་ཀྱི་ཡོད་པའི་རྐྱེན་གྱིས་རེད། ཁོང་ཚོའི་གྲས་གནའ་བོའི་སྙན་ངག་རྙིང་པ་ལ་མི་དགའ་བའི་རྒྱུ་མཚན་ནི་སྙན་ངག་དེའི་ནང་དོན་རང་གིས་ཤེས་ཀྱི་མེད་པ་དང་རྒྱུན་དུ་གོམས་འདྲིས་ཡོད་པའི་ཆགས་སྡང་གི་ཚོར་བ་མཚོན་ཐུབ་ཀྱི་མེད་པས་ཡིན། བོད་ཀྱི་མཁས་པ་གོང་མ་ཚོའི་སྙན་ངག་གི་ནང་དོན་དཔྱིས་ཕྱིན་པ་ཤེས་པ་ལ་གཏིང་ཟབ་པོའི་བོད་ཀྱི་རིག་གཞུང་གི་ནང་དོན་ལ་ཁོག་ལོན་པ་ཞིག་དགོས་ཀྱི་ཡོད་དུས། བོད་ཀྱི་རིག་གཞུང་ལ་གཏིང་ཟབ་པོའི་སློབ་སྦྱོང་དང་ཤེས་འདོད་ཀྱི་བསམ་བློ། དགའ་ཞེན་བཅས་རྩ་བ་ནས་མེད་མཁན་ཞིག་གིས་སྙན་ངག་སྤྱི་ཡོངས་ཀྱི་ནང་དོན་མང་ཆེ་བ་གཞུང་ཆེན་པོ་བརྗོད་བྱར་བྱེད་པ། ཡང་ན་སངས་རྒྱས་བྱང་སེམས་སོགས་ཀྱི་ཡོན་ཏན་ལ་ཡིད་དང་བའི་དགའ་བ་དང༌། འགྲོ་བ་ལ་དམིགས་པའི་བྱམས་སྙིང་རྗེ་སོགས་ཀྱི་བསམ་བློས་ཟིན་པ་ཞིག་ཡིན་དུས། དེང་དུས་ཀྱི་མི་ཚོའི་གོམས་འདྲིས་ཡོད་པའི་བསམ་བློའི་ཚོར་བ་དང་འགལ་ཟླར་གྱུར་ནས་མྱོང་བཞིན་པའི་ཆགས་སྡང་གི་ཚོར་བ་དེ་མཚོན་ཐུབ་ཀྱི་མེད་སྟབས། གནའ་བོའི་སྙན་ངག་གིས་སྤྱི་ཚོགས་ཀྱི་ཚོར་བ་མཚོན་ཐུབ་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ངས་གོང་དུ་བཤད་པ་ལྟར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཟབ་ཅིང་རྒྱ་ཆེ་བ་དེ་དག་ལ་སློབ་སྦྱོང་རྩ་བ་ནས་བྱེད་མྱོང་མེད་མཁན་ཞིག་གིས་སྙན་ངག་གི་ནང་དོན་ཟབ་པོ་ཞིག་གི་ཐོག་ནས་རྩོམ་རྒྱག་ཐུབ་ཀྱི་མེད། དཔེར་ན་སྙན་ངག་གི་དན་དོན་ལ། སྤང་དང་ཆུ། རི་བྲག མེ་ཏོག་ལྟ་བུ། ཁྱིམ་ཚང་གི་ཉིན་རེའི་འཚོ་བའི་གནས་སྟངས་ཙམ་བརྗོད་བྱ་བྱེད་ཐུབ་པ་ཙམ་ལས་གཏིང་ ཟབ་པོའི་ནང་དོན་ཅན་གྱི་རྩོམ་རྒྱག་ཐུབ་ཀྱི་མེད། སློབ་དཔོན་དབྱུག་པ་ཅན་གྱིས། རང་བཞིན་གྱིས་གྲུབ་སྤོབས་པ་དང༌། མང་དུ་ཐོས་པ་དྲི་མེད་དང༌། མངོན་པར་སྦྱོར་བ་མི་དམན་པ། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། ཞེས་གསུངས་པ་ལྟར་སྙན་ངག་བཟང་པོ་འབྲི་བའི་རྒྱུའི་ཆ་མཐའ་དག་ལ་སློབ་སྦྱོང་བྱས་མེད་དུས། སྔ་མོ་ཨ་ནེ་ཞིག་གིས་སྙན་ངག་སྦྱོང་སྐབས་མཚུངས་གསལ་གྱི་དཔེ་བརྗོད་བཞག་པའི་ལོ་རྒྱུས་ཤིག་ཤོད་རྒྱུ་ཡོད། རྗེ་སྒོག་རྡུང་དང་འདྲ་བའི་རིན་པོ་ཆེ། །འཁོར་འབར་འབུར་ཐམས་ཅད་རྡུང་རོགས་གནང༌། །རྗེ་ཕྱགས་མ་དང་འདྲ་བའི་རིན་པོ་ཆེ། །འཁོར་ཉག་ཉོག་ཐམས་ཅད་འཕྱག་རོགས་གནང༌། །ཞེས་སྙན་རྩོམ་བྲིས་པ་བཞིན་འབྲི་བའི་ཉེན་ཁ་ཞིག་ཡོང་གི་འདུག ང་ནོར་བ་མིན་ན་དེང་སང་གི་རང་མོས་སྙན་ངག་མང་པོ་ཞིག་གི་བཟོ་ལྟ་འདི་འདྲ་བོ་ཞིག་ཏུ་མཐོང་གི་འདུག ང་ཚོས་སྔ་མོའི་མཁས་པ་ཚོའི་སྙན་ངག་ལ་མིག་དཔེ་ཡར་ལྟ་བྱས་ནས་སྙན་ངག་གི་གནས་ཚད་ཞན་དུ་མ་སོར་བར་ཁ་ཕྱོགས་བརྟན་པོའི་ཐོག་ནས་འགྲོ་ཐུབ་པར་འབད་བརྩོན་བྱེད་དགོས་ཀྱི་འདུག ཡོངས་འཛིན་སྒིས་སྟེང་རིན་པོ་ཆེའི་སྙན་ངག་དང༌། འཇིགས་མེད་བསམ་གཏན་ཚང་གི་སྙན་ངག་ལ་རྒྱ་གར་ཤར་པའི་རྩོམ་ཉམས་ཁ་དམ་པོ་ཡོད་པ་མ་ གཏོགས་སྙན་ངག་གི་སྙན་ཉམས་ཧ་ཅང་ཡག་པོ་ཡོད་འདུག ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་དང་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་རྣམ་པ་གཉིས་ཀྱི་སྙན་ངག་དུས་ཕྱིས་ཀྱི་སྙན་ངག་ཡག་ཤོག་རྩེ་ཕུད་ཀྱི་གྲས་སུ་བརྩི། ལྷག་པར་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་གི་སྙན་ངག་ལ་བརྗིད་ཉམས་ཤིན་ཏུ་ཆེན་པོ་ཡོད། རྒྱ་གར་ནང་དུ་ཛེ་སྨད་རིན་པོ་ཆེ་དང༌། བདུད་འཇོམས་རིན་པོ་ཆེ་སོགས་ཀྱི་སྙན་ངག་དཔེ་ལྟ་སའི་སྙན་རྩོམ་རྙིང་པའི་རྩོམ་སྟངས་ནང་གི་ཡོག་ཤོས་ཀྱི་གྲས་རེད། བོད་ཀྱི་མཁས་པ་རྣམས་ཀྱི་སྙན་ངག་གི་ནང་དོན་དང་རྩོམ་སྟངས་ལ་སློབ་སྦྱོངས་བྱས་ ནས་སྙན་ངག་འབྲི་ཤེས་པ་ཞིག་ཡོང་བའི་ཐབས་ལ་འབད་བརྩོན་བསྟེན་དགོས། གྲྭ་ཚང་གི་གྲྭ་པ་ཚོ་དཔེ་མཛོད་ནང་དཔེ་ཆ་ཀློག་པར་འགྲོ་བ་དང་རྣམ་ཐར་སོགས་རྩོམ་རིགས་རྙིང་པ་ཁག་ལ་བལྟ་ཀློག་བྱེད་མཁན་དཀོན་པོ་ཡིན་པའི་མཐོང་ཚུལ་བྱུང་། དམ་པ་གོང་མ་ཚོའི་རྣམ་ཐར་སོགས་རྩོམ་ཡིག་རྙིང་པ་ལ་བལྟ་ཀློག་བྱེད་དགོས་པ་དེ་གྲྭ་པ་ཞིག་ཡིན་པའི་ཆ་ནས་གལ་ཆེན་པོ་རེད། སྔོན་བྱོན་དམ་པའི་རྣམ་ཐར། །རྗེས་འཇུག་གདུལ་བྱའི་ཉམས་ལེན། །ཞེས་པའི་གསུང་རྒྱུན་ཡོད་པ་བཞིན་དམ་པ་གོང་མ་ཚོས་སྐུ་ཚེ་གང་པོར་བསྟན་པ་དང་སེསམ་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ་ཤེས་པར་བྱས་ནས་རང་གིས་དེ་ལ་དང་པོར་བཅོས་མའི་ལད་ཟློས་ཚན་ཆད་ཀྱིས་རྗེས་སུ་འཇུག་དགོས་ཀྱི་རེད། རྗེ་བླ་མས། རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། ཞེས་གསུངས་ཡོད། ང་ཚོ་ཀུན་ཐར་པ་འདོད་མཁན་ཡིན་པའི་སྐད་ཆ་ཡིན་དུས། དམ་པ་གོང་མ་ཚོའི་སྐུ་ཚེའི་རིང་གི་མཛད་པ་མཛད་སྟངས་ལ་རྒྱུས་ཡོད་ཅིག་བྱས་པ་ཡིན་ན་རང་གི་མི་ཚེའི་འགྲོ་སྟངས་དང་ཉམས་ལེན་བྱེད་སྟངས་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པར་མ་ཟད། སྔ་མོའི་རྣམ་ཐར་མང་ཆེ་བའི་ཚིག་སྦྱོར་ཡང་སྙན་ངག་གི་ལམ་ནས་བརྩམས་པ་ཡིན་དུས་སྙན་རྩོམ་འབྲི་བ་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཁྲི་བྱང་རིན་པོ་ཆེས་ཁོང་སྐུ་ན་ཕྲ་མོའི་དུས་ཕྱག་དཔེ་གཟིགས་པའི་སྐབས་དགེ་རྒན་གྱིས་མི་མཐོང་སར་མདོ་མཛངས་བླུན་དང་སྐྱེས་རབས་སོ་བཞི་པ་སོགས་དམ་པ་གོང་མའི་རྣམ་ཐར་མང་པོ་བཀླགས་པ་དེས་ཁོང་གི་སྙན་ངག་འབྲི་བ་ལ་ཕན་ཐོགས་ཆེན་པོ་བྱུང་སོང་བས་ཁྱེད་རང་གིས་དེ་ཚོ་ཀློགས་དང་ཚིགས་བཅད་ལྷུག་གཉིས་ཀ་འབྲི་བར་ཕན་ཐོགས་ཡོད་ཅེས་གསུངས་མྱོང༌། རྣམ་པ་ཚོ་དཔེ་མཛོད་དུ་སོང་ནས་རྣམ་ཐར་སོགས་ལ་བལྟ་ཀློག་བྱེད་དགོས་པ་དེ་གལ་ཆེན་པོ་རེད། གྲྭ་ཚང་གི་ནང་ཁུལ་ལ་བཀྲམ་རྒྱུའི་རྩོམ་ཡིག་གླེང་སྟེགས་ཤིག་བཟོས་ན་ཞེས་པའི་བསམ་ཚུལ་ཡོད་པ་བཞིན་འགྲིག་གི་རེད། ཕྱི་ཕྱོགས་སུ་བཀྲམ་རྒྱུའི་དུས་དེབ་ཅིག་ཡོད་པ་བཞིན་ནང་ཁུལ་ལ་བཀྲམ་རྒྱུའི་ཚགས་ཤོག་ལྟ་བུ་ཞིག་བཟོས་ན་འགྲིག་གི་འདུག རྩོམ་རིག་ཡར་རྒྱས་ཡོང་ཆེད་གཞུང་ངོས་ནས་མཐུན་རྐྱེན་གང་ཐུབ་སྦྱོར་དགོས་ཀྱི་རེད། གཙོ་བོ་རྣམ་པ་ཚོ་རང་ངོས་ནས་ཤུགས་བརྒྱབས་ཏེ་མཐུན་རྐྱེན་ཆུད་ཟོས་སུ་མ་སོང་བ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་རེད། རྩོམ་པའི་ཡོན་ཏན་མེད་ན་དཔའ་བོ་ལག་རྡུམ་དང་འདྲ་བར་མ་ཟད་མཛད་པ་འཕྲིན་ལས་རྒྱ་ཆུང་དུ་འགྲོ་གི་རེད། དཔེར་ན། ཡོངས་འཛིན་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་ཁོང་མཚན་སྙན་ཆེན་པོ་དང་ངེས་དོན་གྱི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་ཞིག་རེད། ྋརྒྱལ་བ་རིན་པོ་ཆེས་ཁོང་འཛམ་གླིང་གི་རྒྱན་དྲུག་མཆོག་གཉིས་ལྟ་བུ་རེད་གསུངས་ནས་བསྔགས་པ་མཛད་མྱོང་ཡོད། ཁོང་ནི་བློ་གསལ་གླིང་གི་རྒྱལ་མཚན་རྣམ་གསུམ་ཞེས་གྲགས་པའི་ནང་གི་གཅིག་རེད། དེ་ལྟ་བུའི་མཁས་གྲུབ་དང་མཚན་སྙན་ཆེན་པོ་ཞིག་ཡིན་ནའང་ཁོང་གིས་རིག་གནས་མི་མཁྱེན་པའི་ཚུལ་མཛད་ནས་གཞུང་ལུགས་རྩོམ་གནང་མེད་དུས། ཁོང་དགོངས་པ་རྫོགས་པ་དང་མཉམ་དུ་མཚན་སྙན་དང་གསུང་གི་འཕྲིན་ལས་ཀྱི་འཇུག་རྫོགས་པ་ལྟ་བུ་གྱུར་པ་རེད། རྒན་རིན་པོ་ཆེའི་གསུང་གི་འཕྲིན་ལས་ཀྱི་ཤུལ་བཞག་ཅིག་མཛད་ཡོད་ན་བསྐལ་པ་མ་སྟོང་བར་དུ་གདུལ་བྱ་རྣམས་ཀྱིས་ཁོང་གི་གསུང་མཇལ་རྒྱུ་ཡོད་པ་རེད་དེ། དེ་ནི་ང་ཚོའི་བསོད་ནམས་ཀྱིས་མ་ལྕོགས་པ་ལྟ་བུ་རེད། བོད་ནང་ལ་ཆ་བཞག་ན་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་མཁས་གྲུབ་རིན་བྱོན་གྱི་གསུང་འབུམ་བང་བསྒྲིགས་ནས་ཡོད་དུས་དེ་ཚོ་དགོངས་པ་རྫོགས་ནས་ལོ་མང་པོ་སོང་ནའང་མཚན་སྙན་དང་གསུང་གི་འཕྲིན་ལས་ནི་ད་ལྟ་ཡང་མ་ཉམས་པར་གསོན་པོར་གནས་ཡོད། རྗེ་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་ལྔ་བརྒྱ་ལྷག་ཕྱིན་ནའང་རྗེ་རིན་པོ་ཆེའི་གསུང་པོ་ཏི་བཅོ་བརྒྱད་ཀྱིས་ཁོང་གི་སྐུ་ཚབ་མཛད་ནས་ད་ལྟ་བར་རྗེའི་རིང་ལུགས་གཙང་མ་མ་ཉམས་པར་གནས་ཐུབ་ཡོད། འདི་ཚོ་ཡང་རྩོམ་པའི་ཡོན་ཏན་གྱི་མཐུ་ལས་བྱུང་བ་ཤ་སྟག་རེད། ཕྱོགས་གང་འདྲ་ཞིག་ནས་བསམ་བློ་གཏང་ནའང་རྩོམ་པའི་ཡོན་ཏན་དེ་ཧ་ལས་པའི་གལ་ཆེན་པོ་རེད། ང་ཚོའི་གྲྭ་ཚང་ནང་སྒྲུང་རྩོམ་དང་ལྷུག་རྩོམ་འགའ་ཤས་འབྲི་གི་ཡོད་ནའང་ནང་དོན་དང་སྒྲུང་རྩོམ་འབྲི་སྟངས་ཐད་ཡར་རྒྱས་གཏོང་དགོས་པ་མང་པོ་ཞིག་མཐོང་གི་འདུག གྲྭ་པའི་སྙན་རྩོམ་དང་སྒྲུང་རྩོམ་གང་འདྲ་ཞིག་ཡིན་ཡང་ཁྱིམ་པ་ཕོ་མོ་ཚོའི་རྩོམ་དང་མི་འདྲ་བའི་ཀུན་སློང་དང་ནང་དོན་གྱི་ཁྱད་པར་ཞིག་དགོས། དེང་སང་གི་སྒྲུང་རྩོམ་མང་ཆེ་བ་གཏམ་བརྗོད་ཟློས་གར་གྱི་རྣམ་པ་ལྟ་བུ་ལས་སྒྲུང་རྩོམ་གྱི་རྣམ་པ་ཞིག་ཡོང་ཐུབ་ཀྱི་མི་འདུག དེའི་ནང་ཨ་མདོའི་ཕལ་སྐད་རྐྱང་པ་བེད་སྤྱོད་བཏང་བ་ཡིན་ན་ཨ་མདོ་པ་ཞིག་མ་གཏོགས་ཆོལ་ཁ་གཞན་ཞིག་གིས་སྒྲུང་དེའི་ནང་དོན་གསལ་པོ་རྟོགས་མི་ཐུབ་པར་བརྟེན། བོད་རང་ལ་བོད་མི་ཡོངས་རྫོགས་ཀྱིས་གོ་ཐུབ་པའི་སྒྲུང་རྩོམ་འབྲི་སྟངས་ཤིག་སྔ་མོ་ནས་ཡོད་སྟབས་དེ་ལ་སློབ་སྦྱོང་བྱད་དགོས་པ་གལ་ཆེན་པོར་མཐོང་གི་འདུག རྩོམ་ཡིག་འབྲི་བའི་ཆ་རྐྱེན་གཅིག་ནི་ཡིག་གཟུགས་ཡག་པོ་ཞིག་དགོས་ཀྱི་ཡོད། ཡིག་གཟུགས་ཡག་པོ་ཞིག་མེད་ན་ནང་དོན་ཇི་ལྟར་བཟང་ནའང་བུད་མེད་དམར་ཧྲང་མ་ལྟ་བུའི་གཟིགས་མ་བདེ་བ་ཞིག་ཡོད། སློབ་ཚན་ནང་ཡིག་གཟུགས་མང་པོ་ཞིག་འཇོག་དགོས་པའི་རྒྱུ་མཚན་ནི་ཡིག་གཟུགས་ཀྱི་མཛེས་རྩལ་འཕེལ་བའི་ཆེད་རེད། ནང་ལ་ཤེས་ཡོན་ག་ཚད་ཅིག་ཡོད་ནའང་གཞན་གྱི་མིག་སྔ་ལ་ཐེངས་དང་པོར་སྟོན་བྱེད་དེ་ཡིག་གཟུགས་ཀྱི་ལམ་ནས་བསྟན་དགོས་པ་ཡིན་དུས། ཡིག་གཟུགས་ཀྱི་ཐོག་ནས་ཡོན་ཏན་ལ་ཚད་འཛིན་ཞིག་ཀྱང་བྱས་ཡོང་གི་རེད། གྲྭ་པ་འགའ་ཤས་ཀྱིས་ཡིག་རྒྱུགས་སྐབས་དབུ་ཅན་འབྲི་ཡི་འདུག ཡིག་གཟུགས་དབུ་མེད་འབྲི་རྒྱུའི་གོམས་གཤིས་འཇགས་ན་དབུ་མེད་འབྲི་རྒྱུ་དཀའ་ངལ་ཡོང་གི་མ་རེད། ཡིག་གཟུགས་འབྲི་རྒྱུ་ལ་དོ་སྣང་བྱས་ནས་སྦྱོང་བ་བྱེད་དགོས་པ་འདི་གལ་ཆེན་པོ་རེད། གོང་དུ་བཤད་པ་བཞིན། བཤད་མཁན་ཞིག་གིས་བཤད་པ་བཞིན། ཉན་མཁན་རྣམས་ཀྱིས་ཉན་ནས་ཕེབས་པ་རེད། ང་ཚོའི་ཐུན་མོང་གི་ནུས་པའི་ཐོག་ནས་བོད་ཀྱི་གནའ་བོའི་རིག་གཞུང་ལ་སློབ་སྦྱོང་བྱེད་སའི་སྡེ་ཚན་ཀིརྟི་གྲྭ་ཚང་ཞེས་པ་ཞིག་རང་གི་རྐང་པའི་ཐོག་ལངས་ཐུབ་པ་ཞིག་བྱུང་བ་འདི་ཧ་ལས་པའི་གཟི་བརྗིད་ཆེན་པོ་རེད། ང་ཚོ་ཀུན་གྱིས་དཀའ་ལས་བརྒྱབས་འི་འབྲས་བུར་ད་ལྟའི་ཀིརྟི་གྲྭ་ཚང་གི་གནས་སྟངས་ འདི་དཀའ་ལས་བརྒྱབས་པའི་འབྲས་བུར་ད་ལྟའི་ཀིརྟི་གྲྭ་ཚང་གི་གནས་སྟངས་འདི་བྱུང་བ་ཡིན་དུས་ད་ལྟའི་གཟུགས་གཞི་འདི་མ་མཐོར་བར་མུ་མཐུད་ནས་བརྟན་པོ་དང་དམིགས་ཡུལ་བཞིན་འགྲུབ་པའི་ཆེད་སྔར་ལས་ལྷག་པའི་དཀའ་ལས་བརྒྱབས་ཏེ་འབད་བརྩོན་བྱེད་དགོས། ྋརྒྱལ་བ་རིན་པོ་ཆེས་གྲྭ་ཚང་འདི་ཡག་པོ་ཞིག་ཡོང་ན་དགོངས་ནས། སྨན་རིན་དང༌། དགེ་རྒན་ཚོར་ཟླ་ཕོགས་ཀྱང་གནང་གི་ཡོད་པ་རེད། ྋརྒྱལ་བ་རིན་པོ་ཆེས་ང་ཚོ་ལ་དམིགས་བསལ་གྱིས་གཟིགས་སྐྱོང་གནང་དགོས་པ་ནི་གྲྭ་ཚང་འདི་ཡག་པོ་བྱུང་ན་དགོངས་པ་ཞིག་རེད། ྋརྒྱལ་བ་རིན་པོ་ཆེས་ཐུགས་རེ་བཅངས་པ་བཞིན་འགྲུབ་ཐུབ་པ་ཞིག་བྱེད་བསམ་པ་དང༌། ྋརྒྱལ་བ་རིན་པོ་ཆེའི་གསོལ་ཅོག་ཐོག་ཡོང་བའི་དངུལ་དངོས་ཐམས་ཅད་ཤི་བོའི་བསྔོ་རྟེནདང་གསོན་པོའི་སྐྱབས་རྟེན་ཤ་སྟག་ཡིན་དུས་དེ་ཆུད་ཟོས་སུ་མ་སོང་བ་བྱེད་སྙམ་པ་ཞིག་ཏན་ཏན་དགོས་ཀྱི་འདུག མཐའ་མ་ངས་རྡོག་རྡོག་བཤད་འདོད་པ་ནི། རྒྱུན་གྱི་སློབ་སྦྱོང་དང་ལྷག་པར་རྩོམ་འབྲིའི་ཐོག་ལ་གྲྭ་ཚང་གི་རྒན་གཞོན་ཀུན་གྱིས་དོ་སྣང་དང་འབད་བརྩོན་ཤུགས་ཆེན་བྱེད་དགོས་ཀྱི་འདུག ཐུགས་རྗེ་ཆེ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.