. . . .

01༄༅།། དེ་རིང་སུ་ཁེ་ཀིརྟིའི་དགོན་པའི་གྲྭ་རྒྱུན་རྣམས་དང། ཁོང་ཚོའི་ཤག་གི་དགེ་རྒན་རྣམ་པ། གྲྭ་ཚང་གི་ལས་སྣེ་རྣམ་པ་བཅས་མཉམ་དུ་འཛོམས་ན་ཞེས་བཤད་པ་ཡིན། དེང་སང་སྔོན་མ་དང་མ་འདྲ་བར་སུ་ཁེ་ཀིརྟིའི་དགོན་གྱི་གྲྭ་རྒྱུན་བདུན་ཅུ་ལྷག་འདིར་ཡོད་པ་དང་བྱེས་པ་གྲྭ་ཚང་གི་གྲྭ་པ་རྒན་པ་མང་ཆེ་བས་དགེ་ཕྲུག་ཉར་ཏེ་སུ་ཁེའི་གྲྭ་རྒྱུན་ན་གཞོན་ཚོ་གསོ་སྐྱོང་ཡག་པོ་གནང་ནས་སྐུ་ལས་བསྐྱོན་གྱི་འདུག། ད་ཆ་སུ་ཁེའི་གྲྭ་རྒྱུན་མང་པོར་གྱུར་ཏེ་གྲྭ་ཚོགས་ཆེ་རུ་ཕྱིན་ཡོད་དུས་གྲྭ་རྒྱུན་གསར་ཞུགས་པ་རྣམས་ལ་ལམ་སྟོན་ཡང་དག་པ་ཞིག་གནང་སྟེ་ཐོག་མ་ནས་ལམ་ངན་པའི་ནང་དུ་མ་ཤོར་བ་དང། ལམ་ཡག་པོ་ཞིག་གི་ནང་དུ་ཁྲིད་ཐུབ་པའི་ལམ་སྟོན་བྱ་དགོས་པ་འདི་གལ་ཆེན་པོ་ཡིན་དུས་དེ་རིང་ང་ཚོ་མཉམ་དུ་འཛོམས་ནས་གནད་དོན་འགའ་ཤས་ཀྱི་ཐོག་ངའི་བསམ་ཚུལ་ཞུས་ན་བསམས་བྱུང།

ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་དང་གྲྭ་པ་རྒན་གཞོན་ཡོངས་རྫོགས་ཀྱིས་ངའི་འདོད་པ་ལ་གཙོ་བོར་བསྟུན་02ནས་རང་ནུས་གང་ཡོད་ཀྱིས་ད་ལྟའི་བར་དུ་ཀིརྟི་ཚང་གི་བསྟན་པ་སྐྱོང་རོགས་གནང་བ་རེད། ང་ཚོ་ནི་ལས་དང་སྨོན་ལམ་གྱི་དབང་གིས་དུས་ཚོད་ངན་པ་འདིའི་སྐབས་ས་གནས་འདིར་མཉམ་དུ་འཛོམས་པ་རེད་ལ། ང་ཚོའི་བླ་སློབ་བར་གྱི་འབྲེལ་བ་དེ་དམིགས་བསལ་ཅན་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་དུས། གལ་སྲིད་ཁྱེད་ཚོ་འདིར་བཞུགས་མེད་ན་ངས་ལས་དོན་ལ་གྲུབ་འབྲས་ཐོན་པ་གང་ཡང་བྱེད་ཐུབ་ཀྱི་མ་རེད། ངས་ཡི་གེ་ཚིག་འགའ་ཤས་འབྲི་དགོས་བྱུང་ནའང་ཁྱེད་ཚོ་བརྒྱུད་ནས་བྲི་གི་ཡོད་ལ། སྐད་ཆ་ཚིག་འགའ་ཤས་བཤད་དགོས་པའི་སྐབས་སུ་ཡིན་ནའང་ཁྱེད་རང་ཚོ་བརྒྱུད་ནས་བཤད་ཀྱི་ཡོད། ཁྱེད་རང་ཚོས་ང་ལ་ལྷག་བསམ་རྣམ་དག་གིས་རོགས་པ་བྱས་པའི་ཐུགས་རྗེས་ངའི་ལས་དོན་མང་པོ་ཞིག་གྲུབ་འབྲས་ལྡན་པ་བྱུང་ཡོད། ང་ཚོའི་ལས་དོན་གྱི་ཁྱབ་ཁོངས་ནི་རྒྱ་གར་ནང་ཙམ་མ་ཡིན་པར་བོད་ཕྱི་ནང་གཉིས་ལ་ཁྱབ་པའི་ཁྱབ་ཁོངས་རྒྱ་ཆེན་པོ་རེད། ད་ལྟའི་བར་དུ་ཁྱེད་ཚོས་རང་ནུས་གང་ཡོད་ཀྱིས་ཧུར་ཐག་འབད་ཐག་བྱས་པ་ལྟར་མ་འོངས་པར་ཡང་སོ་སོའི་འགན་དུ་བབས་པའི་ལས་དོན་གང་ཡིན་པ་དེ་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ཞབས་འདེགས་དང་རང་གི་མི་ཚེའི་ནང་གི་ཚོགས་བསགས་སྒྲིབ་སྦྱོང་ཡག་ཤོས་འདི་ལས་ལྷག་མེད་སྙམ་པའི་ཐོག་ནས་འབད་བརྩོན་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། ཁྱེད་ཚོའི་རོགས་རམ་འདིས་ང་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་པ་ནི་དོན་གྱི་ཆ་ནས་བོད་སྤྱི་པའི་དོན་དག་དང་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་པ་ཞིག་ཏུ་རང་བཞིན་གྱིས་གྱུར་ཡོད་དུས་མ་འོངས་པར་ཡང་སྔར་བཞིན་འབད་བརྩོན་གནང་རོགས་ཞེས་རེ་འདུན་ཞུ་འདོད་བྱུང།

 

དགེ་རྒན་རྣམ་པས་འཛིན་གྲྭའི་ནང་གི་སློབ་ཁྲིད་ཙམ་མ་ཡིན་པར་རྒྱུན་དུ་སོ་སོའི་ཤག་ནང་དུ་དགེ་ཕྲུག་ཉར་ནས་སློབ་མ་གསོ་སྐྱོང་གནང་གི་ཡོད། དགེ་ཕྲུག་གསོ་སྐྱོང་གནང་རྒྱུ་འདི་ལས་སླ་པོ་ཞིག་གཏན་ནས་མིན། ང་ལ་མཚོན་ན་སྔོན་མ་ཨ་ལགས་སྨོན་ལམ་དང་ཨ་ལགས་ཕ་མཐའ་གཉིས་ཤིན་ཏུ་ཆུང་ཆུང་ཡིན་པའི་སྐབས་ངས་གསོ་སྐྱོང་ཆ་ཚང་བ་བྱས་པ་ཡིན། ཉིན་མོའི་ལས་ཐེབས་བཅག།མཚན་མོའི་གཉིད་ཐེབས་བཅག་ནས་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་དུས་དགེ་ཕྲུག་གསོ་སྐྱོང་གནང་རྒྱུ་ཅི་ཙམ་གྱི་དཀའ་ངལ་ཆེན་པོ་ཅན་ཞིག་ཡིན་པའི་ཉམས་མྱོང་ང་ལ་གསལ་པོ་ཐོབ་ཡོད། རྣམ་པ་ཚོས་ཉིན་མཚན་མེད་པར་དགེ་ཕྲུག་ཆུང་ཆུང་རྣམས་ལ་ལྟ་སྐྱོང་དང་བདག་པོ་ཡག་པོ་གནང་གི་ཡོད་དུས་ཕྱི་ལོགས་ཀྱི་མི་གཞན་པ་ཚོས་ཀིརྟིའི་དགོན་པའི་དགེ་རྒན་རྣམས་ཀྱིས་གྲྭ་ཕྲུག་ཚོ་ལྟ་སྐྱོང་ཡག་པོ་བྱེད་ཀྱི་ཡོད་དུས། གྲྭ་ཕྲུག་ཚོའི་རྒྱུན་གྱི་སྤྱོད་ལམ་དང་གྲྭ་ཆས་གྱོན་སྟངས་ཚུན་ཆད་མ་འདྲ་བ་ཞིག་འདུག་ཅེས་བཤད་ཡོང་གི་འདུག། ད་ལྟའི་བར་དུ་རྣམ་པ་ཚོས་སྐུ་ལས་བསྐྱོན་ནས་དགེ་ཕྲུག་ཚོར་ལྟ་སྐྱོང་ཡག་པོ་གནང་སྟེ་གྲུབ་འབྲས་ལེགས་པོ་ཐོན་འདུག་པ་ལྟར་མ་འོངས་པར་ཡང་དེ་ལུགས་ཀྱི་འབད་བརྩོན་གནང་སྟེ་དགེ་ཕྲུག་ཆུང་ཆུང་རྣམས་གསོ་སྐྱོང་ཡག་པོ་གནང་རོགས་ཞེས་རེ་འདུན་ཞུ་འདོད་བྱུང།

 

ང་ཚོས་འདིར་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་གསོ་སྐྱོང་བྱེད་ཀྱི་ཡོད་པ་མ་གཏོགས་ཁྱིམ་ཚང་དང་ནང་མི་སྐྱོང་མཁན་གྱི་ཕྲུ་གུ་ཞིག་ཨེ་ཡོང་གི་ཆེད་དུ་གསོ་སྐྱོང་བྱེད་ཀྱི་མེད། ཁྱིམ་ཚང་སྐྱོང་བའི་ཕྲུ་གུ་ཞིག་གསོ་སྐྱོང་བྱ་བའི་དོན་དུ་ཁྱིམ་པ་ཕོ་མོ་ཕ་མ་རྣམས་ཀྱིས་ཉིན་མཚན་མེད་པར་ཅི་ཙམ་གྱིས་དཀའ་ལས་བརྒྱབས་ཀྱི་འདུག།ང་ཚོས་འདིར་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་གསོ་སྐྱོང་བྱ་བའི་དོན་དུ་སྔར་བཞིན་དཀའ་ལས་བརྒྱབས་པ་ཡིན་ན་རང་གི་ཚེ་འདི་དང་ཕྱི་མའི་དོན་རེད་ལ་ཚོགས་བསགས་དགེ་སྒྲུབ་ཀྱང་དེ་ལས་ལྷག་པ་ཞིག་མེད། མི་ཞིག་ལམ་བཟང་པོ་དང་ལེགས་པའི་ཕྱོགས་ལ་ཁྲིད་རྒྱུར་དཀའ་ངལ་སྣ་ཚོགས་ཡོང་སྲིད་ཀྱི་རེད། ཡིན་ནའང་ལམ་བཟང་པོ་དང་ལེགས་པའི་ཕྱོགས་ལ་ཁྲིད་ཐུབ་པ་ཡིན་ན་མི་དེ་རང་བཞིན་གྱིས་མ་འདྲ་བ་ཞིག་ཆགས་ཐུབ་ཀྱི་ཡོད། དཔེར་ན། སུ་ཁེའི་གྲྭ་རྒྱུན་འགའ་ཤས་འདིར་བསྡད་མ་ཐུབ་པར་གྲྭ་པ་ལོག་ནས་འགྲོ་མཁན་ཞིག་ལ་མཚོན་ན་ཡང་རྒྱུན་གྱི་སྤྱོད་ལམ་དང་བསམ་བློ་གཏོང་སྟངས་གང་ཅིའི་ཐད་ནས་གཞན་དང་མ་འདྲ་བ་ཞིག་ཏུ་གྱུར་ཡོད། སུ་ཁེ་ཀིརྟིའི་དགོན་པའི་ནང་དུ་ཆོས་ཀྱི་བྱེད་སྒོ་གང་འདྲ་ཞིག་སྤེལ་བ་ཡིན་ནའང་དེ་སྔར་གྲྭ་པ་བྱེད་མྱོང་མཁན་ཚོ་དང་བླངས་ཀྱིས་འཛོམས་ནས་ཞབས་ཕྱི་ཞུ་ཡི་འདུག་ལ། ང་སུ་ཁེ་ཀིརྟིའི་དགོན་པར་འགྲོ་བའི་ལམ་སྐབས་སུ་ཡང་ཁོང་ཚོས་ལམ་ཆེན་སྒང་གི་འགྲིམ་འགྲུལ་རྣམས་བཀག་ནས་བདེ་འཇགས་ཐོག་འགན་བླངས་ཏེ་ལྷག་བསམ་རྣམ་དག་གིས་རོགས་པ་བྱེད་ཀྱི་འདུག། གསོ་སྐྱོང་བྱས་པ་ཙམ་གྱིས་ཕན་ཐོགས་ཆེན་པོ་ཡོང་གི་འདུག

 

          ༡༽ དགེ་ཕྲུག་ཆུང་ཆུང་རྣམས་གསོ་སྐྱོང་གནང་བའི་སྐབས་རྒྱུན་དུ་ན་ཆུང་ཚོའི་འཕྲོད་བསྟེན་གྱི་ཐོག་ལ་དོ་སྣང་གནང་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། དགེ་ཕྲུག་ལོ་ཆུང་འགའ་ཤས་ལ་ན་ཚ་ཞིག་ཡོད་པའི་དབང་དུ་བྱས་ཀྱང་རང་གིས་རང་ལ་བདག་པོ་བརྒྱབ་ཤེས་ཀྱི་མ་རེད་ལ། ཐ་ན་རང་ལ་ན་ཚ་ཞིག་ཡོད་པའང་གསལ་པོ་བྱས་ནས་བཤད་ཐུབ་ཀྱི་མ་རེད། ངས་དེ་རིང་འདིར་བཤད་པའི་སྐད་ཆ་ཡོངས་རྫོགས་ང་རང་གི་ཉམས་མྱོང་གི་ཐོག་ནས་བཤད་ན་གོ་བརྡ་འཕྲོད་པ་དང་ཡག་པོ་ཡོང་གི་རེད་བསམས། དཔེར་ན། ཨ་ལགས་འབྲིང་བ་ལྟ་བུ་ཡིན་ན་ཆུང་དུས་ཆབ་གསང་མ་ཚོགས་པའི་དཀའ་ངལ་ཆེན་པོ་ཞིག་རྒྱུན་དུ་ཡོད། གཉིད་ཁུག་པ་དང་ཆབ་གསང་རྒྱུན་དུ་ཤོར་འགྲོ་གི་ཡོད། གོམས་གཤིས་འདི་བསྒྱུར་བཅོས་བྱ་བར་འཇམ་རྩུབ་དང་ཐབས་ཤེས་སྣ་ཚོགས་བྱས་པ་ཡིན། དགེ་ཕྲུག་ཚོ་ལ་ནད་ན་ཚ་ཕྲན་བུ་ཞིག་ཡོད་ནའང་ཆུང་ས་ནས་བཅོས་ཐབས་བྱས་ཏེ་གཟུགས་པོ་ཐང་པོ་ཡོང་ཐབས་བྱ་དགོས། འདིའི་ཐོག་ཤག་གི་དགེ་རྒན་རྣམ་པ་ཚོས་རྒྱུན་དུ་དམིགས་བསལ་གྱིས་ཐུགས་སྣང་མཛད་དགོས་པ་དེ་གལ་ཆེན་པོ་རེད།

       ཕྲུ་གུ་ཆུང་ཆུང་རིགས་ཤིག་མིག་ནད་པ་དང་ཨ་མཆོག་ནད་པ་ཡིན་པ་མ་ཤེས་པར་སྣང་མེད་དུ་ལྷག་འགྲོ་བའི་ཉེན་ཁ་ཡོང་གི་ཡོད། དགེ་རྒན་ཚོས་རྒྱུན་དུ་དགེ་ཕྲུག་ལོ་ཆུང་རྣམས་ཀྱི་གཟུགས་པོའི་གནས་སྟངས་ལ་ཐུགས་སྣང་གནང་དགོས། དཔེར་ན། དགེ་ཕྲུག་གིས་མིག་གིས་མ་མཐོང་བའི་དཀའ་ངལ་ཡོང་གི་ཡོད་ན་སྨན་ཁང་ལ་བསྟན་དགོས་པ་དང། མིག་ཤེལ་བཟོ་དགོས་པ་འདི་གལ་ཆེན་པོ་རེད། དེ་བཞིན་དུ་ཨ་མཆོག་གིས་མ་གོ་བའི་དཀའ་ངལ་ཡོད་མཁན་ཞིག་ཡིན་ན་སྨན་ཁང་ལ་བསྟན་ནས་ཐོག་མ་ནས་བཅོས་ཐབས་བྱས་པ་ཡིན་ན་ནད་གཞི་ཚབས་ཆེ་རུ་མི་འགྲོ་བ་དང་མ་འོངས་པར་དགེ་ཕྲུག་དེའི་མི་ཚེའི་ནང་དཀའ་ངལ་མི་འབྱུང་བའི་ཁྱད་པར་ཆེན་པོ་ཡོད།

          ཕྲུ་གུ་ཆུང་བ་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་དང། གྱོན་ཆས་རིགས། ངེས་པར་མཁོ་བའི་སློབ་སྦྱོང་གི་ཆ་རྐྱེན་སོགས་དམིགས་བསལ་དགོས་མཁོ་ཡོད་པའི་དཀའ་ངལ་ཅན་གྱི་རིགས་ཡོད་ན། དགེ་རྒན་དང་འབྲེལ་ཡོད་ཚོའི་ངོས་ནས་དཀའ་ངལ་དེ་དག་གྲྭ་ཚང་གཞུང་ལ་བཤད་ནས་དཀའ་ངལ་སེལ་ཐབས་བྱ་དགོས། དེང་སང་གྲྭ་ཚང་གི་གནས་སྟངས་སྔོན་མ་དང་མི་འདྲ་བར་དེ་ཙམ་དཀའ་ངལ་མེད་པར་ཡག་པོར་ཆགས་ཡོད་དུས་ཁོ་ཚོའི་དཀའ་ངལ་སེལ་བར་རོགས་རམ་བྱེད་ཐུབ་ཀྱི་ཡོད།

 

 

          ༢༽ དགེ་ཕྲུག་གསོ་སྐྱོང་བྱེད་པའི་སྐབས་དགེ་རྒན་དང་དགེ་ཕྲུག་བར་གྱི་འབྲེལ་བ་ཡག་པོ་ཞིག་ཡོད་དགོས་པ་འདི་གལ་ཆེ་ཤོས་ཡིན། དགེ་ཕྲུག་ལ་ཤ་ཚ་ཡོད་པ་དང་ལྷག་བསམ་རྣམ་དག་གི་ཐོག་ནས་ལྟ་སྐྱོང་གནང་སྟེ་བསླབ་བྱ་གནང་བ་ཡིན་ན་ལྷག་བསམ་དང་ཤ་ཚ་ལ་ནུས་པ་དམིགས་བསལ་བ་ཞིག་ཡོད། གལ་སྲིད་མ་འོངས་པར་དགེ་རྒན་དང་དགེ་ཕྲུག་ཁ་བྲལ་ནས་འགྲོ་བའི་སྐབས་ཤིག་ཤར་ན་ཡང་དགེ་ཕྲུག་གི་བསམ་པར་ངའི་དགེ་རྒན་དེས་ང་ལ་ཤ་ཚ་དང་ལྷག་བསམ་རྣམ་དག་གིས་ལྟ་སྐྱོང་ཡག་པོ་གནང་བྱུང་བས་བཀའ་དྲིན་ཆེན་པོ་ཡིན་བསམ་པ་ཞིག་སེམས་ལ་འཛིན་རྒྱུ་ཡོད་པ་ཞིག་བཟོ་དགོས་པ་འདི་གལ་ཆེན་པོ་རེད། འབྲེལ་བ་ཡག་པོ་དེ་འདྲ་བྱུང་བ་ཡིན་ན་དགེ་ཕྲུག་ཚོ་ཡིན་ནའང་དགའ་བ་སྒོམ་འོས་པ་ཞིག་དང། དགེ་རྒན་ཚོ་ཡིན་ནའང་ངས་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་གསོ་སྐྱོང་བྱས་ཡོད་པས་བསྟན་པ་ལ་ཞབས་ཕྱི་ཕྲན་བུ་ཞུས་ཐུབ་སོང་བསམ་པའི་སྤྲོ་སྣང་ཞིག་རང་བཞིན་གྱིས་ཡོང་གི་རེད།

          ཕྲུ་གུ་ཆུང་ཆུང་སུ་ཞིག་ཡིན་ནའང་རང་ལ་མི་སུས་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད་མེད་གསལ་པོ་ངོས་ཟིན་ཐུབ་ཀྱི་ཡོད། ཕྲུ་གུ་ཆུང་ཆུང་ཙམ་མ་ཟད་ངའི་འཁྲིས་ལ་ཡོད་པའི་ཁྱི་ཕྲུག་འདི་ལ་ཆ་བཞག་ན་ལྷག་བསམ་རྣམ་དག་བྱེད་མཁན་སུ་ཡིན་མིན་གསལ་པོ་ངོས་ཟིན་གྱི་ཡོད་དུས་དགེ་རྒན་ཚོས་རང་གི་དགེ་ཕྲུག་ལ་མི་དང་མིའི་བར་གྱི་འདུ་ཤེས་ལེགས་པར་འཛིན་དགོས་པ། དགེ་རྒན་དང་དགེ་ཕྲུག་ཡིན་པའི་འདུ་ཤེས་ཡང་དག་པ་ཞིག་ཡོད་དགོས་པ། བརྩེ་བ་ཡོད་པའི་ཐོག་ནས་ཤ་ཚ་དང་ལྷག་བསམ་རྣམ་དག་གིས་ལྟ་སྐྱོང་གནང་དགོས་པ་འདི་གསུམ་གལ་ཆེན་པོ་རེད།

 

          ༣༽ དགེ་རྒན་རྣམས་ཀྱིས་རྒྱུན་དུ་དགེ་ཕྲུག་ཚོར་སློབ་གསོ་སྤྲོད་པའི་སྐབས་འཕྲལ་སེལ་ཐུབ་ཙམ་གྱི་དོན་དུ་བཙན་དབང་གི་ཐོག་ནས་ལས་དོན་ཆེ་ཆུང་གང་ཡང་བྱེད་དུ་འཇུག་རྒྱུ་མེད། དཔེར་ན། སློབ་ཁྲིད་བྱེད་པའི་སྐབས་དང། འཛིན་སྐྱོར་སྦྱང་བྱེད་པའི་སྐབས། སློབ་སྦྱོང་དང་དཔེ་བརྗོད་འབྲི་བའི་སྐབས། རང་སྦྱོང་བྱེད་པའི་སྐབས་སོགས་ཀྱི་སློབ་སྦྱོང་ཡོངས་རྫོགས་ཁྲལ་གྱི་ངོ་བོ་དང་སྐྲག་སྣང་ཡོད་པའི་ཐོག་ནས་མ་ཡིན་པར། སློབ་སྦྱོང་ལ་སྤྲོ་བ་དང་དོ་སྣང་ཡོད་པའི་ཐོག་ནས་བྱེད་དུ་འཇུག་དགོས་པ་འདི་གལ་ཆེན་པོ་རེད། འཇིགས་སྐུལ་དང་ཆད་ལས། ཁྲལ་གྱི་ངོ་བོའི་ཐོག་ནས་སློབ་སྦྱོང་བྱེད་བཅུག་པ་ཡིན་ནའང་དེས་ཕྲུ་གུ་ཚོ་ལ་ཕན་ཐོགས་ཡག་པོ་ཞིག་གཏན་ནས་ཡོང་གི་མ་རེད། དཔེར་ན། དགེ་ཕྲུག་ཅིག་ལ་ཁྱེད་རང་གིས་ཡིག་གཟུགས་ཤོག་ངོས་གཅིག་པོ་འདི་བྲིས་མ་ཚར་བར་དུ་ཕྱི་ལོགས་ལ་གཏོང་གི་མིན་ཟེར་ནས་ཡིག་གཟུགས་འབྲི་རུ་བཅུག་པ་ཡིན་ན། དེ་ནི་ཁྲལ་བཀལ་བ་ཙམ་མ་གཏོགས་དོན་དམ་པའི་སློབ་སྦྱོང་གི་ངོ་བོར་འགྱུར་ཐུབ་ཀྱི་མེད། བུ་གུའི་སེམས་གཏིང་ལ་ཡིག་གཟུགས་ཡག་པོ་བྱས་ནས་འབྲི་དགོས་པའི་བསམ་བློ་མེད་དུས་ཁྲལ་འཁྱོལ་ཐབས་ཙམ་བྱེད་པ་མ་གཏོགས་ཡིག་གཟུགས་ཡག་པོ་ཨེ་ཤེས་བསམ་པའི་བསམ་བློ་གཏན་ནས་གཏོང་གི་མེད་དུས། དགེ་ཕྲུག་ཚོའི་བློ་འཛིན་གྱིས་མཚོན་པའི་སློབ་སྦྱོང་གང་འདྲ་ཞིག་བྱས་པ་ཡིན་ནའང་ཁྲལ་དང་ཆད་ལས་ཀྱི་ངོ་བོའི་ཐོག་ལ་འགྲོ་འཇུག་མི་ཉན། བྱམས་བརྩེ་ལྡན་པའི་སྒོ་ནས་རྒྱུ་མཚན་དང་གནས་ལུགས་བཤད་དེ་སློབ་སྦྱོང་ལ་སྤྲོ་སྣང་ཡོང་ཐབས་ཞིག་བྱ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།

 

          ༤༽ ཕྲུ་གུ་ཆུང་ཆུང་ཞིག་གང་འདྲ་ཞིག་ཡིན་ནའང་སྨྲ་ཤེས་ཤིང་དོན་གོ་བ་ཡིན་དུས་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་འགྲེལ་བཤད་བྱས་པ་ཡིན་ན་གོ་བརྡ་འཕྲོད་ཐུབ་པའི་ནུས་པ་ཡོད། སྔོན་མ་ངས་དགེ་རྒན་འོས་སྦྱོང་བྱས་པའི་སྐབས་ཕྲུ་གུ་ཆེས་ཆུང་ཆུང་ཚོ་ལ་སློབ་ཁྲིད་དང་གསོ་སྐྱོང་བྱེད་སྟངས་སྐོར་གྱི་འོས་སྦྱོང་དམིགས་བསལ་ཅན་བྱས་པའི་སྐབས། དགེ་རྒན་ཚོས་གསུངས་གསལ་ལ། དགེ་རྒན་དང་མི་རྒན་པའི་ཉམས་ཚོད་ལེན་པ་ལ་མི་རྒན་པ་ལས་ཀྱང་ཕྲུ་གུ་ལོ་ཆུང་བ་ཚོ་ནུས་པ་ཆེ་བ་ཡོད། ཕྲུ་གུ་ཆུང་ཆུང་ཞིག་མི་རྒན་པ་ཞིག་དང་དང་པོར་འཕྲད་པའི་སྐབས་སུ་ལམ་སང་མི་དེ་གང་འདྲ་ཡིན་མིན་གྱི་ཉམས་ཚོད་ལོན་ཐུབ་ཀྱི་རེད། དཔེར་ན། མི་དེ་ལ་རྩེད་མོ་རྩེས་ན་འགྲིག་ས་རེད་དམ་མ་རེད། མི་དེ་ལ་མཁྲེགས་པོ་བྱས་ན་ཡག་པོ་འདུག་གམ། ཡང་ན་ཉམས་ཆུང་བྱས་ན་ཡག་པོ་འདུག་པའི་ཉམས་ཚོད་ལམ་སང་ལེན་ཐུབ་ཀྱི་རེད་ཟེར། དེ་འདྲ་ཡིན་དུས་ཕྲུ་གུ་ཆུང་ཆུང་སུ་ཞིག་ཡིན་ནའང་དེ་ལ་ལས་དོན་རེ་རེ་བཞིན་ལེགས་ཉེས་དང་བླང་དོར་གྱི་དགེ་སྐྱོན་ཞིབ་ཕྲ་འཇམ་པོས་ཡང་ནས་ཡང་དུ་བཤད་ནས་གོ་བརྡ་སྤྲོད་དགོས། དཔེར་ན། ཁ་ལག་ཡིན་ནའང་ཁ་ལག་གང་དང་གང་བཟའ་བ་ཡིན་ན་ཕན་ཐོགས་ཡོད་པ་དང། གང་དང་གང་བཟའ་བ་ཡིན་ན་གནོད་པ་ཡོང་གི་ཡོད་པའི་གནས་ལུགས་དང་རྒྱུ་མཚན་གསལ་པོ་བྱས་ནས་བཤད་དགོས། དེ་བཞིན་སྤྱོད་ལམ་གང་དང་གང་བཟང་པོ་ཡིན་པ་དང། སྤྱོད་ལམ་གང་དང་གང་ངན་པ་ཡིན་པ། སྤྱོད་ལམ་གང་དང་གང་བྱས་ཆོག་པ་དང། སྤྱོད་ལམ་གང་དང་གང་བྱས་ན་རང་ལ་ཕན་ཐོགས་ཡོད་པ། སྤྱོད་ལམ་གང་དང་གང་བྱས་ན་རང་ལ་སྐྱོན་ཆ་ཡོང་རྒྱུ་ཡིན་པའི་རྒྱུ་མཚན་གསལ་པོར་ཤོད་དགོས། མདོར་བསྡུས་ན། བཟའ་སྟངས་འཐུང་སྟངས་དང། འགྲོ་སྟངས། འདུག་སྟངས། ཉལ་སྟངས། ལངས་སྟངས་ཡོངས་རྫོགས་རེ་རེ་བཞིན་དགེ་སྐྱོན་དང་སྦྱར་ནས་ཆོས་དང་མཐུན་པ་ཞིག་ཡོང་བར་ངག་འཇམ་པོས་ཡང་ནས་ཡང་དུ་གོ་བརྡ་འཕྲོད་པ་བྱས་ཏེ་དལ་པོས་བཤད་དགོས་པ་དེ་གལ་ཆེན་པོ་རེད།

 

          ༥༽ དགེ་རྒན་རྣམས་ཀྱིས་དགེ་ཕྲུག་ཚོར་འགྲོ་སྟངས་འདུག་སྟངས་སོགས་ཀྱི་བསླབ་བྱ་བརྒྱབ་པ་ལ། ཐོག་དང་པོར་དགེ་རྒན་རང་ཉིད་ཀྱི་འགྲོ་སྟངས་འདུག་སྟངས་དང་རྒྱུན་གྱི་སྤྱོད་ལམ་ཡག་པོ་ཞིག་ཡོད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། རྗེ་རིན་པོ་ཆེས། རང་མ་དུལ་བ་ལ་གཞན་འདུལ་བའི་གནས་མེད། ཅེས་གསུངས་པ་ལྟར་དགེ་རྒན་སོ་སོའི་རྒྱུན་གྱི་སྤྱོད་ལམ་དང་འགྲོ་སྟངས་འདུག་སྟངས་སོགས་ཀྱི་ཐད་གཟབ་གཟབ་བྱས་ཏེ། སྤྱོད་ལམ་འདི་དང་འདི་ངས་བྱས་པ་ཡིན་ན་ངའི་དགེ་ཕྲུག་ཚོ་ལ་མིག་ལྟོས་ངན་པ་ཡོང་གི་རེད་བསམས་པའི་ཐོག་ནས་འཛེམས་ཟོན་གནང་དགོས། རང་གི་ཁ་ནས་བཤད་པ་ཙམ་མ་ཡིན་པར་རྒྱུན་གྱི་སྤྱོད་ལམ་གྱི་ཐོག་ནས་དགེ་ཕྲུག་ཚོ་ལ་མིག་དཔེ་ཡག་པོ་སྟོན་ཐུབ་པ་ཞིག་དགོས་པ་འདི་གལ་ཆེན་པོ་རེད། དགེ་ཕྲུག་ལ་འདི་དང་འདི་མ་བྱ་ཞེས་བསླབ་བྱ་གཞན་ཞིག་བརྒྱབས། རང་གིས་སྤྱོད་ལམ་ནི་བསླབ་བྱ་བརྒྱབས་པ་དེ་དང་མི་མཐུན་པ་གཞན་ཞིག་བྱས་ཏེ། རང་གི་སྤྱོད་ལམ་དང་བསླབ་བྱ་གཉིས་མི་མཚུངས་པར་གྱུར་ན་འགྲིག་གི་མ་རེད་ལ། དགེ་ཕྲུག་ལ་ཕན་ཐོགས་ཀྱང་ཡོང་གི་མ་རེད། དགེ་རྒན་ཚོས་དགེ་ཕྲུག་ལ་བསླབ་བྱ་གནང་བ་ནང་བཞིན་རང་གི་སྤྱོད་ལམ་ཡང་དེ་དང་མཐུན་པར་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན་བསླབ་བྱ་བྱས་པ་དེས་དགེ་ཕྲུག་ཚོ་ལ་ཕན་ཐོགས་དམིགས་བསལ་བ་ཞིག་ཡོང་ཐུབ་ཀྱི་རེད།

འདི་གའི་དགེ་རྒན་རྣམ་པ་ཡོངས་རྫོགས་གྲྭ་པ་རྒན་པ་དང་ཕ་ཡུལ་གྱི་རང་རེའི་གདན་ས་ཁག་འགྲིམས་ནས་ཡོང་བ་ཙམ་མ་ཡིན་པར་འདི་གར་སླེབས་པ་ནས་བཟུང་༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་ལོ་མང་རིང་ཆོས་སྲིད་གཉིས་ཀྱི་བཀའ་སློབ་མང་པོ་ཉན་མྱོང་བ་ཞིག་ཡིན་དུས། རང་གིས་ཉམས་ལེན་ཐུབ་མིན་གྱི་ཁྱད་པར་ཙམ་མ་གཏོགས། མཐོང་དགོས་པ་ཡོངས་རྫོགས་མཐོང་བ་དང། ཐོས་དགོས་པ་ཡོངས་རྫོགས་ཐོས་ཟིན་པ་ཤ་སྟག་ཡིན་དུས་དགེ་རྒན་ཚོས་དགེ་ཕྲུག་ལ་ཕར་བསླབ་བྱ་བརྒྱབ་རྒྱུའི་སྤྱོད་ལམ་དང་ཡོན་ཏན་དེ་རང་ཉིད་ལ་འཛོམས་པར་བྱ་དགོས་པ་གལ་ཆེན་པོ་རེད། དགེ་རྒན་ཚོས་རང་གི་རྒྱུན་གྱི་སྤྱོད་ལམ་དང་བསམ་བློ་གཏོང་སྟངས། ཁ་འདོན་དང་དགེ་སྦྱོར་བྱ་རྒྱུ་སོགས་ཆོས་ཕྱོགས་དང་མཐུན་པའི་བྱ་བ་བསྒྲུབ་རྒྱུ་དེ་སྔར་ལས་ཀྱང་ཡར་རྒྱས་གཏོང་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།

 

          ༦༽ བོད་ནང་དུ་བོད་པའི་དགེ་ཕྲུག་སྐྱོང་བ་དང་རྒྱ་གར་ནང་གི་དགེ་ཕྲུག་སྐྱོང་སྟངས་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། བོད་ནང་དུ་དགེ་ཕྲུག་སྐྱོང་བའི་སྐབས་དགེ་རྒན་རྐྱང་པ་མ་ཡིན་པར་ཕ་མ་ཉེ་འབྲེལ་ཡོངས་རྫོགས་ཀྱིས་སྤྱོད་ལམ་འཁྱེར་སྟངས་དེ་ཕྱི་ལོག་གི་ལུང་པ་གཞན་དང་མ་འདྲ་བ་ཞིག་ཡོད་པའི་ཁོར་ཡུག་གི་འོག་ནས་དགེ་ཕྲུག་རྣམས་འཚར་ལོངས་ཡོང་གི་ཡོད།

          རྒྱ་གར་ནང་དུ་དགེ་ཕྲུག་སྐྱོང་བའི་སྐབས་ཁོར་ཡུག་གི་གནས་སྟངས་ནི་བོད་ནང་དང་མི་འདྲ་བ་ཞིག་ཡིན་དུས། སྐྱོང་སྟངས་ཀྱང་ཅུང་མ་འདྲ་བ་ཞིག་གི་འོག་ནས་བསྐྱང་དགོས་པ་འདི་གལ་ཆེན་པོ་རེད་བསམས། གནའ་སྔ་མོའི་བོད་ཀྱི་བཤད་སྲོལ་ལ། ཁམས་པའི་ཨ་མཆོག་རྐུབ་ལ་ཡོད། ཅེས་པའི་བཤད་སྲོལ་ཞིག་ཡོད་པ་ལྟར་གནའ་སྔ་མོ་དགེ་ཕྲུག་སྐྱོང་སྟངས་ཅུང་རྩུབ་པོ་ཞིག་གི་འོག་ནས་བསྐྱངས་པ་ཡིན་ནའང་ཕན་ཐོགས་ཡོང་གི་ཡོད། དེང་སང་སྔ་མོའི་སྐྱོང་སྟངས་ལྟར་བྱས་པ་ཡིན་ན་ཕན་ཐོགས་པ་ལས་གནོད་ཆེ་བའང་སྐབས་འགར་ཡོང་སྲིད། གཙོ་བོ་ལྷག་བསམ་དང་ཕན་སེམས་ཡོད་མེད་ལ་རག་ལུས་པ་ཡིན་དུས་དགེ་ཕྲུག་ལ་ཕན་སེམས་དང་ལྷག་བསམ་རྣམ་དག་རྨ་མེད་པ་ཞིག་གི་ཐོག་ནས་ཅུང་རྩུབ་ཙམ་བྱས་པ་ཡིན་ནའང་སྐྱོན་ཆེན་པོ་དེ་ཙམ་མེད། ཡིན་ནའང་ཕན་སེམས་དང་ལྷག་བསམ་མེད་པར་ཁོང་ཁྲོ་ཟ་བ་དང་ཚིག་ངན་དང་ཚིག་རྩུབ་བཤད་པའི་ཐོག་ནས་རྩུབ་པོ་བྱས་པ་ཡིན་ན་དེ་རིམ་པས་འཁོན་འཛིན་གྱི་ངོ་བོར་འགྱུར་རྒྱུའི་ཉེན་ཁ་ཡང་ཡོད།

དེང་སང་ཕྱི་རྒྱལ་བའི་སློབ་སྦྱོང་ལམ་སྲོལ་ནང་བྱམས་བརྩེ་ཁོ་ནའི་ཐོག་ནས་སློབ་སྦྱོང་སྤྲོད་དགོས་པ་དང་དགེ་ཕྲུག་སྐྱོང་དགོས་ཟེར་བའི་གཏམ་དེ་ཡོངས་གྲགས་ལྟ་བུར་གྱུར་ཡོད། ༸རྒྱལ་བ་རིན་པོ་ཆེས་འཛམ་གླིང་ཡོངས་ལ་བྱམས་བརྩེའི་སྐོར་གྱི་བཀའ་སློབ་རྒྱུན་དུ་གནང་གི་ཡོད་དུས་༸རྒྱལ་བ་རིན་པོ་ཆེའི་ཕོ་བྲང་གི་ཉེ་འཁྲིས་སུ་སྡོད་མཁན་ང་ཚོས་སློབ་ཁྲིད་ཀྱིས་མཚོན་པའི་ལས་དོན་ཡོངས་རྫོགས་བྱམས་བརྩེའི་ཐོག་ནས་གནང་གང་ཐུབ་བྱ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད། མཚམས་རེར་གནས་སྟངས་སྣ་ཚོགས་ཀྱི་རྐྱེན་པས་ཆད་པ་གཅོད་པ་དང་རྩུབ་པོ་བྱ་དགོས་པ། ཞེད་སྣང་སྐུལ་དགོས་པའང་ཡོང་སྲིད་པ་ཞིག་རེད། དཔེར་ན། ༸རྒྱལ་བ་རིན་པོ་ཆེ་དགུང་ན་ཆེས་གཞོན་པའི་སྐབས་སྐུ་ཡོན་གསན་བསམ་གནང་དུས་སུ་ཐབས་མཁས་པའི་ཐོག་ནས་ཅུང་རྩུབ་ཙམ་གནང་མཁན་དེ་ཡོངས་འཛིན་གླིང་རིན་པོ་ཆེ་ཡིན་ས་རེད། ཡོངས་འཛིན་གླིང་རིན་པོ་ཆེས་རྟ་ལྕག་བསྣམས་ཡོང་ནས་མདུན་དུ་བཞག་སྟེ་ཞལ་རས་ནག་པོ་བསྟན་གནང་གི་རེད། ཡོངས་འཛིན་གྱིས་༸སྐྱབས་མགོན་རིན་པོ་ཆེར་ཕྱག་འབེབས་མ་གནང་བའི་གོང་ལ་ཕྱག་གསུམ་བཙལ་ནས་ཕྱག་འབེབས་གནང་གི་རེད་ཅེས་པའི་བཤད་སྲོལ་ཞིག་འདུག། ཡོངས་འཛིན་གྱིས་རྟ་ལྕག་བླ་མའི་སྐུ་མདུན་དུ་བཞག་ནས་ཕྱག་འབུལ་བའི་སྐབས། ༸གོང་ས་ཆེན་པོ་ཞེད་སྣང་ཆེན་པོ་གནང་བ་དེ་ཙམ་གྱིས་ཕན་ཐོགས་ཡོང་གི་ཡོད་ཅེས་པའི་བཤད་སྲོལ་ཞིག་འདུག་ཀྱང་འདི་རྣམ་ཐར་ངོ་མ་ཡིན་མིན་མི་ཤེས། གང་ལྟར་མཚམས་རེར་རྩུབ་པོ་བྱ་དགོས་པ་དང་ཞེད་སྣང་སྐུལ་དགོས་པ་ཡོང་གི་ཡོད་ཀྱང་དེ་ཕན་སེམས་དང་ལྷག་བསམ་རྨ་མེད་པའི་ཐོག་ནས་བྱ་དགོས་པ་གལ་ཆེན་པོ་རེད།

བོད་ལ་གནའ་སྔ་མོ་གྲྭ་པ་ཞིག་ཁྱིམ་ཚང་ཞིག་ལ་གྲོང་ཆོག་ཏུ་ཕྱིན་པའི་སྐབས་ཁྱིམ་ཚང་དེའི་འདོགས་ཁྱི་ཤོར་ནས་གྲྭ་པ་ལ་སོ་བརྒྱག་གྲབས་བྱེད་དུས། གྲྭ་པ་དེས། དགག་བྱ་ལས་ཀྱང་དགོས་པ་གཙོ། །ཁྱི་ལ་པོ་ཏིའི་བཀྲ་ཤིས་ཤོག།།ཅེས་ཁ་ནས་སྐྱོར་བཞིན་རང་གི་ལག་ཏུ་ཡོད་པའི་དཔེ་ཆ་པོ་ཏི་དེས་ཁྱི་ལ་གཞུས་ནས་ཁྱི་འགོག་བྱེད་བྱས་པའི་ལོ་རྒྱུས་ཡོད། དགག་བྱ་ལས་ཀྱང་དགོས་པ་གཙོ། །ཞེས་པ་ལྟར་ཡུལ་དུས་གནས་སྐབས་ཐམས་ཅད་ལ་བསམ་བློ་གཏོང་དགོས་པ་མ་གཏོགས་ཆ་ཚང་ལ་གཅིག་མཚུངས་བྱ་དགོས་པ་དེ་འདྲའང་མིན། རིགས་ཤིག་ལ་སྤྱོད་ལམ་གྱི་ཐོག་ནས་ཕྲན་བུ་རྩུབ་པོ་དང་ནན་ཙམ་བྱས་ན་རང་གཞན་ཀུན་ལ་ཕན་ཐོགས་ཆེན་པོ་ཡོད་པའི་སྐབས་དེ་འདྲའང་ཡོད་སྲིད།

 

          ༧༽ དེང་སང་སུ་ཁེ་ཀིརྟིའི་དགོན་གྱི་གྲྭ་རྒྱུན་ཁྲོད་ནས་གྲྭ་པ་རྒན་པ་གང་འཚམས་ཤིག་ཡོད་པ་ཁྱེད་ཚོས་སུ་ཁེའི་གྲྭ་པ་གཞོན་པ་ཚོ་ལ་རྒྱུན་གྱི་འགྲོ་ལམ་འདུག་སྟངས་སོགས་ཀྱི་ཐད་ནས་བསླབ་བྱ་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད། ཁྱེད་ཚོ་རྒན་པ་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་གསུང་ཆོས་ལ་རྒྱུན་དུ་ཉན་གྱི་ཡོད་པར་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་སྦྱོང་ཡང་ཡག་པོ་བྱས་ཡོད་དུས། གྲྭ་པས་གང་དང་གང་བྱས་ཆོག་པ་དང། གང་དང་གང་བྱེད་ཆོག་གི་མེད་པ། ཆོས་དང་མཐུན་པའི་བསམ་བློ་གང་འདྲ་གཏོང་དགོས་པ། བཟའ་སྟངས་འཐུང་སྟངས་ཀྱིས་མཚོན་པའི་རྒྱུན་གྱི་སྤྱོད་ལམ་གང་འདྲ་བྱ་དགོས་པ་སོགས་ཁྱེད་ཚོས་གསལ་པོ་ཤེས་ཀྱི་ཡོད་དུས་སུ་ཁེའི་གྲྭ་རྒྱུན་གཞོན་པ་ཚོ་ལ་སྤྱོད་ལམ་དང་འགྲོ་སྟངས་འདུག་སྟངས་སོགས་ཀྱི་ཐོག་ལ་ནང་ཚགས་བྱས་ནས་བསླབ་བྱ་ཡང་ནས་ཡང་དུ་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད་ལ་དེ་ཁྱེད་ཚོའི་ལས་འགན་ཡང་རེད།

          ང་ཚོས་འདིར་སུ་ཁེ་ཀིརྟིའི་དགོན་པའི་གྲྭ་རྒྱུན་མང་པོ་གསོ་སྐྱོང་བྱེད་ཀྱི་ཡོད་པ་འདི་ནི། ཁྱེད་ཚོ་བོད་པ་ཞིག་ཡོང་བའི་དོན་དུ་གསོ་སྐྱོང་བྱེད་ཀྱི་ཡོད་པ་མ་རེད། ཕྲུ་གུ་དེ་དག་མ་འོངས་པར་མི་བཟང་པོ་དང་ཤེས་ཡོན་ཅན་ཞིག་ཡོང་བ་དང། ལྷག་པར་དུ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་མཁན་ཞིག་དང། ཆོས་ཀྱི་སློབ་སྦྱོང་ཡག་པོ་ཡོད་པའི་ཐོག་ནས་འབྲེལ་ཡོད་ཕ་མ་སྤུན་མཆེད་ཀྱིས་མཚོན་པའི་ལུང་པ་སོ་སོའི་མི་མང་ལ་ཆོས་ཕྱོགས་ནས་ཕན་ཐོགས་བྱེད་ཐུབ་མཁན་ཞིག། ཡུལ་ལུང་སོ་སོར་བདེ་སྐྱིད་སྐྲུན་ཐུབ་མཁན། ཕ་མེས་ནས་ནང་པ་ཡིན་པའི་ཤར་པ་དང། རྟ་མང། གྷི་རོང་ལ་སོགས་པའི་དད་ལྡན་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་བྱེད་ཐུབ་མཁན། ཆོས་ཕྱོགས་ཀྱི་བསླབ་བྱ་རྒྱབ་པའི་ཐོག་ནས་ཁོ་ཚོའི་སེམས་རྒྱུད་དང་སྤྱོད་ལམ་བཟང་ཕྱོགས་སུ་བསྒྱུར་ཐུབ་མཁན་གྱི་མི་ནུས་པ་ཅན་ཞིག་ཡོང་བའི་དོན་དུ་ང་ཚོས་གསོ་སྐྱོང་བྱས་ཏེ་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་འདི་གསལ་པོར་ཤེས་དགོས། ཁྱེད་ཚོ་སུ་ཁེའི་གྲྭ་པ་རྒན་པ་རྣམས་ཀྱིས་གྲྭ་པ་གཞོན་པ་རྣམས་དང་ཁོ་ཚོའི་ནང་མི་དང་ཉེ་འབྲེལ་དང་བཅས་པ་ལ་ང་ཚོས་འདི་ནས་དམིགས་ཡུལ་གཙོ་བོ་གང་ཞིག་བཟུང་ནས་སློབ་སྦྱོང་སྤྲོད་ཀྱི་ཡོད་པའི་གནས་སྟངས་ངོ་མ་དེ་ངོ་སྤྲོད་བྱ་དགོས་པ་ཡང་གལ་ཆེན་པོ་རེད།

སུ་ཁེའི་གྲྭ་རྒྱུན་ཚོས་སློབ་སྦྱོང་བྱེད་པའི་སྐབས་གོ་བརྡ་མ་འཕྲོད་པ་སོགས་ཀྱི་དཀའ་ངལ་ཡོད་ཀྱང་དཀའ་ངལ་དེ་ལ་གདོང་ལེན་བྱས་ཏེ་འབད་བརྩོན་བྱས་ན་མ་འོངས་པར་གྲུབ་འབྲས་བཟང་པོ་ཞིག་ཡོང་རྒྱུ་ཡིན་པའི་གནས་ལུགས་ངོ་སྤྲོད་བྱ་དགོས། དེ་ལྟར་བྱས་ན་གྲྭ་པ་ན་གཞོན་ཚོར་སློབ་སྦྱོང་ལ་སྤྲོ་སྣང་ཡོང་བར་ཕན་ཐོགས་ཡོང་གི་རེད།

          སྐད་ཡིག་གི་ཐོག་ནས་ད་དུང་ཡིནའང་དཀའ་ངལ་ཡོད་པ་རེད་བསམ། ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་པའི་སྐབས་སྐད་ཡིག་གཙོ་བོ་དང་སྐད་ཡིག་ཡག་པོ་དེ་བོད་ཀྱི་སྐད་ཡིག་ཡིན་དུས། བོད་ཀྱི་སྐད་ཡིག་ལེགས་པོ་ཞིག་མ་ཤེས་ན་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་ཆ་ཚང་བ་ཞིག་བྱེད་ཐུབ་ཀྱི་མེད་པའི་སྐོར་༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ་བཀའ་སློབ་གནང་གི་ཡོད་པ་དེ་ཁྱེད་ཚོ་སུ་ཁེའི་གྲྭ་པ་རྒན་པ་རྣམས་ཀྱིས་གསལ་པོ་ཤེས་ཀྱི་ཡོད། མ་འོངས་པར་སུ་ཁེའི་གྲྭ་རྒྱུན་རྣམས་མཉམ་དུ་འཛོམས་པའི་སྐབས་དང། མཉམ་དུ་རྩེད་མོ་རྩེས་པའི་སྐབས་སོགས་སུ་ནང་ཚགས་ལ་ཡིན་ནའང་བལ་ཡུལ་གྱི་སྐད་མི་བརྒྱབ་པར་བོད་སྐད་གཙང་མ་བཤད་དགོས་པ་འདི་གལ་ཆེན་པོ་རེད། དེའི་ཐོག་འབད་བརྩོན་བྱེད་དགོས། དེང་སང་ཁྱེད་ཚོ་ལ་ཨ་མདོའི་སྐད་བསླབ་ཀྱི་ཡོད་ཀྱང་ཨམ་སྐད་ཡག་པོ་ཤེས་པ་ཡིན་ན་ཨམ་སྐད་དང་དབུས་སྐད་ལ་གདངས་ཀྱི་ཁྱད་པར་ཕྲན་བུ་ཙམ་ལས་མེད་པས་དབུས་སྐད་ཤེས་པ་ལ་དཀའ་ངལ་གང་ཡང་མེད། གཙོ་བོ་བོད་ཀྱི་སྐད་ཡིག་གཙང་མ་དང་ཡག་པོ་སྦྱོང་དགོས་པ་འདི་གལ་ཆེན་པོ་ཡིན་དུས། ཁྱེད་ཚོའི་ནང་ཚགས་ཕན་ཚུན་ལ་བསླབ་བྱ་རྒྱག་རོགས་བྱས་ཏེ་རྒྱུན་དུ་བོད་སྐད་ཤོད་ཐུབ་པར་ཤུགས་བརྒྱག་དགོས། སུ་ཁེའི་གྲྭ་པ་རྒན་པ་རྣམས་ཀྱིས་གཞོན་པ་ཚོའི་དཀའ་ངལ་གྱི་རིགས་མཐོང་བའི་སྐབས་འབྲེལ་ཡོད་དགེ་རྒན་དང་གྲྭ་ཚང་གི་ལས་སྣེ་ལ་ཞུས་ཏེ་གྲྭ་གཞོན་ཚོའི་དཀའ་ངལ་སེལ་ཐབས་བྱ་དགོས།

 

          ༨༽ སྤྱིར་ཀ་རྡོར་སྒང་གསུམ་གྱི་ཕྱོགས་ལ་བོད་པའི་དགོན་པ་མང་པོ་ཡོད། བོད་པ་མ་ཡིན་པའི་ཤར་པ་དང། རྟ་མང། འབྲུག་པ་སོགས་ཀྱི་ནང་པའི་དགོན་པ་ཡང་མང་པོ་ཞིག་ཡོད། དགོན་པ་དེ་ཚོའི་ནང་དུ་བཞུགས་པའི་རིགས་ཤིག་གྲྭ་པ་གཙང་མ་ཡིན་ནའང་མང་པོ་ཞིག་ཐོག་མ་ནས་ཁྱིམ་པའི་དགེ་བསྙེན་ཙམ་མ་གཏོགས་གྲྭ་པ་ཡང་མ་རེད། ཁོ་ཚོའི་སྤྱོད་ལམ་དང་འགྲོ་ལམ་འདུག་སྟངས་ཀྱི་དབང་གིས་ཀ་རྡོར་སྒང་གསུམ་ས་ཁུལ་གྱི་མང་ཚོགས་དང་ཕྲུ་གུའི་ཕ་མ་ཚོའི་བསམ་བློ་ལ་གྲྭ་པ་ཡིན་ནའང་ཁྱིམ་ཚང་སྐྱོང་དགོས་པ་དང་སྐྱོང་ཆོག་པ། གྲྭ་པས་ཁྱིམ་ཚང་ལ་རྒྱུ་ནོམ་པས་ཕན་ཐོགས་བྱ་དགོས་པ། གྲྭ་པས་ཆང་དང་ཐ་མག་འཐུང་ཆོག་པ་ལྟ་བུའི་མིག་ལྟོས་དང་གོམས་གཤིས་ངན་པ་ཞིག་ཡོད་དུས། གྲྭ་པ་ཡིན་མིན་གྱི་མཚམས་ནི་ཕྱིའི་གོན་པ་དང་རྟགས་ཆ་ལུགས་ཀྱི་ཁྱད་པར་ཙམ་གྱི་སྒོ་ནས་འབྱེད་རྒྱུ་མ་ཡིན་པར། དོན་དམ་པའི་གྲྭ་པ་ཡིན་པ་དང་མ་ཡིན་པའི་ཁྱད་པར་རྒྱུད་ལ་སྡོམ་པ་ཡོད་མེད་ཀྱི་སྒོ་ནས་འབྱེད་དགོས་པ་དང། ང་ཚོས་འདི་ནས་གསོ་སྐྱོང་བྱེད་བཞིན་པ་རྣམས་གྲྭ་པ་གཙང་མ་གཙང་རྐྱང་དང་༸རྒྱལ་བ་རིན་པོ་ཆེའི་རྗེས་འཇུག་ངོ་མ་ཞིག་ཡོང་བའི་དོན་དུ་གསོ་སྐྱོང་བྱེད་བཞིན་པའི་གནས་སྟངས་ངོ་མ་དེ་ས་གནས་ཀྱི་མང་ཚོགས་དང་འབྲེལ་ཡོད་ཕ་མ་ནང་མི་དང་བཅས་པ་ལ་གསལ་བཤད་དང་ངོ་སྤྲོད་བྱ་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོརེད།

 

          ༩༽ གོང་དུ་བཤད་པ་ལྟར་ཀ་རྡོར་སྒང་གསུམ་ཁུལ་དུ་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཆེ་ཆུང་མང་པོ་ཡོད་ཀྱང་དེ་སྔ་ཆེས་ཉམས་ཆུང་ཡིན་པའི་སུ་ཁེ་ཀིརྟིའི་དགོན་པ་འདི་ཉམས་གསོ་བྱ་རྒྱུའི་གནས་ཚུལ་༸རྒྱལ་བ་རིན་པོ་ཆེར་སྙན་སེང་ཞུས་པའི་སྐབས། ངེས་པར་དུ་མཚན་ཉིད་ཀྱི་རྩོད་གྲྭ་བཙུགས་ཏེ་གཞུང་ཆེན་པོ་ལ་འཆད་ཉན་སློབ་གཉེར་བྱ་རྒྱུ་ཡོད་པ་ཞིག་བཟོ་དགོས་པ་རེད་ཅེས་ང་ལ་བཀའ་གནང་བ་ཡིན་དུས། ང་ཚོས་འདི་ནས་ཕྲུ་གུ་ཆུང་ཆུང་མང་པོ་ཞིག་བསྡུས་ཏེ་མཚན་ཉིད་(རིགས་ལམ་)ཀྱི་སློབ་སྦྱོང་སྤྲོད་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། ཁྱེད་ཚོ་གྲྭ་པ་རྒན་གཞོན་ཡོངས་རྫོགས་ནང་པའི་གཞུང་ཆེན་མོ་ཁག་ལ་སློབ་སྦྱོང་ཡོད་མཁན་ཞིག་དང། ཐོས་དོན་ཉམས་ལེན་དུ་འཁྱེར་ཐུབ་མཁན། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་མཁན་ཞིག་ཡོང་དགོས་པ་ནི་ང་ཚོའི་རེ་བ་དང་དམིགས་ཡུལ་གཙོ་བོ་རེད།

ལོ་སྔོན་མ་ནས་བཟུང་ངས་སུ་ཁེ་ཀིརྟིའི་དགོན་ནས་ཕེབས་པའི་གྲྭ་རྒྱུན་ཚོར་དམིགས་བསལ་གྱིས་རྟགས་གསལ་གཏོང་སྟངས་ཀྱི་སློབ་སྦྱོང་སྤྲད་དེ་གྲ་སྒྲིག་འཐུས་སྒོ་ཚང་བ་བྱེད་དགོས་ཀྱི་འདུག་ཅེས་ངས་གྲྭ་ཚང་གི་ལས་སྣེ་ཚོགས་ལ་བཤད་ཡོད། ༸རྒྱལ་བ་རིན་པོ་ཆེ་གྲྭ་ཚང་དུ་ཕེབས་པའི་སྐབས་ང་ཚོས་༸རྒྱལ་བ་རིན་པོ་ཆེའི་བཀའ་ལྟར་སུ་ཁེ་ཀིརྟིའི་དགོན་པའི་ནང་དུ་མཚན་ཉིད་ཀྱི་རྩོད་གྲྭ་འཛུགས་རྒྱུར་གྲ་སྒྲིག་འདི་འདྲ་ཞུས་ཡོད་ཅེས་སུ་ཁེའི་གྲྭ་རྒྱུན་རྣམས་ཀྱིས་རྩོད་རྒྱུགས་འབུལ་ཐུབ་པ་ཞིག་དགོས་པ་རེད་ཅེས་བཤད་ཡོད། ཅིག་བྱས་ན་ད་ལོ་༸རྒྱལ་བ་རིན་པོ་ཆེ་གྲྭ་ཚང་དུ་ཕེབས་རྒྱུ་ཡིན་པས་༸རྒྱལ་བ་རིན་པོ་ཆེ་གྲྭ་ཚང་དུ་ཕེབས་པའི་སྐབས་ང་ཚོས་གསོ་སྐྱོང་འདི་འདྲ་ཞུས་ཡོད་ཅེས་སྤྱན་འབུལ་ཞུ་རྒྱུ་ཡོད་པ་ཞིག་བྱ་དགོས། བོད་སྐད་ཀྱིས་རྟགས་གསལ་ཡག་པོ་གཏོང་ཐུབ་པ་དང། རིགས་ལམ་གཏོང་སྟངས་དང་རྩོད་པའི་རྣམ་འགྱུར། ཐ་ན་གཟན་སྐེད་པར་དཀྲི་སྟངས། འཁྱེར་རྒྱབ་སྟངས་ཚུན་ཆད་ཚུལ་དང་མཐུན་པའི་བྱང་ཆ་ཡོད་པ་བཅོས་མ་ཡིན་པ་ཞིག་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་ཡིན། འདིའི་ཐོག་གྲྭ་ཚང་གི་ལས་སྣེ་དང་དགེ་རྒན་རྣམ་པ། སུ་ཁེའི་གྲྭ་པ་རྒན་པ་བཅས་ཀྱིས་འགན་བཞེས་ནས་སྦྱོང་བརྡར་བྱས་དང་བྱེད་བཞིན་པ་ཡིན་རྒྱུ་རེད་ལ། སྦྱོང་བརྡར་བྱས་ཏེ་རྟགས་གསལ་གཏོང་སྟངས་ལ་བྱང་ཆ་ཐོན་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོས་སྦྱོང་བརྡར་བྱས་པ་ནི་༸རྒྱལ་བ་རིན་པོ་ཆེ་དབུ་སྐོར་བཏང་བ་ལྟ་བུ་མ་ཡིན་པར་རྟགས་གསལ་ལ་བྱང་ཆ་ཡོང་བ་དང། ༸རྒྱལ་བ་རིན་པོ་ཆེ་ཐུགས་མཉེས་པའི་མཆོད་པ་ཞིག་ཡོང་བའི་དོན་དུ་ཡིན། ༸རྒྱལ་བ་རིན་པོ་ཆེ་ཐུགས་མཉེས་པོ་ཕྲན་བུ་ཞིག་བྱུང་བ་ཡིན་ནའང་ང་ཚོའི་ཚོགས་བསགས་བླ་ན་མེད་པ་ཡིན་དུས་རྩོད་རྒྱུགས་འདི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང།

 

          ༡༠༽ གྲྭ་ཚང་ནང་ཁུལ་གྱི་མཐུན་ལམ་འདི་གལ་ཆེན་པོ་རེད་ཅེས་ངས་སྔོན་མ་ནས་བཤད་ཀྱི་ཡོད། གྲྭ་པ་རྒན་པ་དང་གཞོན་པའི་བར་གྱི་མཐུན་ལམ་འདི་གལ་ཆེན་པོ་རེད། སུ་ཁེ་དགོན་པ་དང་བྱེས་པ་གྲྭ་ཚང་གཉིས་ཀ་ཀིརྟི་ཚང་གི་དགོན་པ་གཅིག་མཚུངས་ཡིན་པ་མ་གཏོགས་དེ་གཉིས་ལ་ཁྱད་པར་དང་ཡག་ཉེས་སྤུ་ཙམ་ཡང་མེད། དེ་བཞིན་དུ་བོད་ནང་དུ་ང་ཚོ་ལ་དམིག་སབསལ་འབྲེལ་ཡོད་དགོན་པ་བཞི་བཅུ་ལྷག་ཡོད་པ་ཡོངས་རྫོགས་ཀིརྟི་ཚང་གི་དགོན་པ་ཡིན་པ་གཅིག་མཚུངས་ཡིན་དུས། ཀིརྟིའི་ཚང་གི་དགོན་པ་ཁག་ཡོངས་རྫོགས་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་གྲྭ་པ་རྒན་གཞོན་ཡོངས་རྫོགས་ཀྱི་བསམ་བློའི་ནང་ཡོད་དགོས་པ་འདི་གལ་ཆེན་པོ་རེད། དགོན་པ་ཁག་གཅིག་གྱུར་ཡིན་པར་བསམ་བློ་བཏང་ནས་སྤྱི་སེམས་ཁུར་རྒྱུ་དང་ཕན་ཚུན་རོགས་ཕན་དང་མཐུན་ལམ་དམ་ཟབ་ཡོང་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད།

          ངས་དཔེ་མཚོན་ཞིག་ཞུས་ན། སྔོན་མ་བོད་ཁྱིམ་སློབ་གྲྭའི་ནང་རྒྱ་རིགས་ཡིན་པའི་སློབ་ཕྲུག་ཅིག་སློབ་སྦྱོང་བྱེད་མཁན་བྱུང་བ་རེད། ཕྲུ་གུ་གཞན་དག་ཚོས་རྒྱ་རིགས་ཡིན་པའི་ཕྲུ་གུ་དེ་ལ་ཁོ་རྒྱ་མི་རེད། བོད་སྐད་ཤེས་ཀྱི་མ་རེད་ཟེར་ནས་མཐོང་ཆུང་བྱེད་ཀྱི་ཡོད་དུས་ཕྱིས་སུ་རྒྱ་རིགས་སློབ་མ་དེ་སློབ་གྲྭ་ཐོན་པའི་སྐབས་སུ་ཡང་བོད་ཁྱིམ་སློབ་གྲྭ་ནས་སློབ་ཕྲུག་ཚོས་ང་ལ་སྡུག་པོ་བཏང་བྱུང་སྙམ་པའི་བག་ཆགས་ངན་པ་ཞིག་སེམས་གཏིང་ལ་བཞག་འདུག། ང་ཚོས་ཀྱང་སུ་ཁེའི་གྲྭ་རྒྱུན་ཚོ་ལ་མི་རིགས་ཐ་དད་ཡིན་པའི་འདུ་ཤེས་དང་ལྟ་ཚུལ་མི་འཛིན་པར་ཀིརྟི་ཚང་གི་སློབ་བརྒྱུད་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་མཐུན་ལམ་བྱས་ཏེ་ཁོང་ཚོའི་སེམས་གཏིང་ལ་བཀའ་དྲིན་ཆེན་པོ་ཡིན་པའི་བག་ཆགས་བཟང་པོ་འཇོག་ཐབས་བྱ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།

 

          ༡༡༽ ང་ཚོའི་འདིར་རྡོ་རྗེ་གདན་ནས་ཡིན་པའི་གྲྭ་རྒྱུན་གཉིས་ཡོད་པ་ཁོང་གཉིས་རྡོ་རྗེ་གདན་གྱི་ས་ཁོངས་ཀྱི་གྲྭ་རྒྱུན་དང་པོ་དེ་རེད། མ་འོངས་པར་རྡོ་རྗེ་གདན་སོགས་ནས་རྒྱ་གར་པ་ཡིན་པའི་གྲྭ་རྒྱུན་མང་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། རྡོ་རྗེ་གདན་ལ་ཀིརྟིའི་སྒར་བསམ་ཡས་གླིང་འདི་ང་ཚོའི་འདོད་པ་ལ་ཡོད་པ་ནང་བཞིན་བཞེངས་ཐུབ་པ་ཡིན་ན་རྒྱ་གར་རྒྱལ་ཡོངས་ལ་ནང་པ་སངས་རྒྱས་པའི་ཆོས་བསྐྱར་དུ་དར་སྤེལ་གནང་ཐུབ་མཁན་ཞིག་དང། རྒྱ་གར་ནང་དུ་རྒྱ་གར་པའི་རིག་གཞུང་རྙིང་པ་བསྐྱར་གསོ་གནང་ཐུབ་མཁན་ཞིག་ཡོང་བའི་རེ་བ་ཆེན་པོ་བྱེད་ཆོག་པ་ཞིག་ཀྱང་ཡིན།

འདང་དགོང་ཨ་རིའི་རླུང་འཕྲིན་ནང་རྒྱ་གར་བ་བོད་ཀྱི་གྲྭ་པ་ཡིན་པ་ཞིག་གིས་བོད་ཀྱི་གདན་ས་ཁག་ཏུ་ཕྱག་དཔེ་གཟིགས་ནས་དགེ་བཤེས་ཐོག་དང་པོར་ཐོན་མཁན་ཁོང་དང་དྲི་བ་དྲིས་ལན་བྱེད་ཀྱི་འདུག་པ་ཞིག་མཐོང་བྱུང། རྒྱ་གར་པ་ཁོང་གིས་བོད་སྐད་ཤིན་ཏུ་ཡག་པོ་བཤད་ཀྱི་འདུག།བོད་པ་ཞིག་ལས་ཀྱང་ལྷག་པ་ལྟ་བུའི་བོད་སྐད་ཡག་པོ་དང་གཙང་མ་བཤད་ཐུབ་ཀྱི་འདུག།སུ་ཁེ་ནས་ཡོང་མཁན་གྱི་གྲྭ་རྒྱུན་དང་རྡོ་རྗེ་གདན་ནས་ཡོང་མཁན་གྱི་གྲྭ་རྒྱུན་རྣམས་མ་འོངས་པར་ཁོང་ལྟ་བུ་ཞིག་ཡོང་ཐུབ་པའི་དམིགས་ཡུལ་འཛིན་དགོས། སོ་སོའི་ངོས་ནས་འབད་བརྩོན་བྱས་ན་དེ་འདྲ་ཡོང་མི་ཐུབ་པ་ཞིག་མིན། ད་ལྟ་ནས་བཟུང་གསོ་སྐྱོང་གནང་མཁན་གྱི་དགེ་རྒན་དང་དགེ་ཕྲུག་གཉིས་ཀས་དེ་འདྲ་ཞིག་ཡོང་བའི་དམིགས་ཡུལ་བཟུང་ནས་འབད་བརྩོན་མཛད་དགོས། དེ་འདྲ་ཞིག་བྱུང་བ་ཡིན་ན་གང་ཟག་སྒེར་པ་རང་ཉིད་རྐྱང་པ་མ་ཡིན་པར་ཡུལ་ཁམས་སྤྱིའི་གཟི་བརྗིད་དང་རྒྱན་དུ་འགྱུར་གྱི་རེད། མ་འོངས་པར་དེ་འདྲ་ཞིག་ཡོང་བའི་དམིགས་ཡུལ་བཟུང་ནས་རྒན་གཞོན་ཀུན་གྱིས་འབད་བརྩོན་གནང་དགོས་པ་དེ་གལ་ཆེན་པོ་རེད།

སུ་ཁེའི་གྲྭ་རྒྱུན་རྒན་པ་ཤག་གི་དགེ་རྒན་གྱི་ས་ནས་ཐོན་ཟིན་པ་ཚོ་ཡིན་ནའང་ད་ལྟ་ཤག་གི་དགེ་རྒན་བཀོད་པ་གཏོང་མཁན་མེད་དུས་རང་སྣང་གང་དྲན་གྱིས་སྣང་བ་སྐྱིད་པོ་བྱས་ཏེ་རང་གི་སློབ་སྦྱོང་ལ་འཐུས་ཤོར་བཏང་ན་འགྲིག་གི་མ་རེད། སྔར་བཞིན་མུ་མཐུད་འབད་བརྩོན་བྱས་ཏེ་སློབ་སྦྱོང་ཚད་མཐོ་པོ་དང་སློབ་སྦྱོང་མཐར་སོན་པ་ཞིག་ཡོང་བར་འབད་བརྩོན་བྱ་དགོས། མ་འོངས་པར་སུ་ཁེ་ཀིརྟིའི་དགོན་པ་ཟེར་བའི་སྐབས་ཀ་རྡོར་སྒང་གསུམ་ཁུལ་གྱི་དགོན་པ་རྣམས་ལས་འཆད་ཉན་སློབ་གཉེར་དང་འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཐད་ནས་ཡག་ཤོས་ཡིན་པའི་དགོན་པ་ཞིག་ཏུ་འགྱུར་བའི་རེ་བ་ཆེན་པོ་ཡོད། དེ་ལྟར་བྱུང་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སོ་སོའི་ཡུལ་ལུང་ཕ་མ་ཉེ་འབྲེལ་དང་བཅས་པ་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད། རྣམ་པ་ཚོ་ཡོངས་རྫོགས་ཀྱིས་རྒྱུན་དུ་འཆད་ཉན་སློབ་གཉེར་གྱི་ཐོག་ལ་འབད་བརྩོན་སྔར་ལས་ཀྱང་ལྷག་པ་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༡༨ ཉིན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.