2019.5.8༄༅།། བཙུན་དགོན་དགེ་ལྡན་ཆོས་གླིང་ནང་བསྟན་སློབ་གཉེར་ཁང་གི་མཛད་སྒོའ་ཐོག་ཕེབས་པའི་རང་གཞུང་ཆོས་རིག་བཀའ་བློན་མཆོག་དང། བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། ངེས་སྟོན་པ་མཆོག བཙུན་དགོན་འདིའི་མཁན་རིན་པོ་ཆེ༌མཆོག་གིས་གཙོས་དགེ་རྒན་རྣམ་པ་དང་། བཙུན་མ་རྣམ་པ་ཡོངས་རྫོགས་ལ་ཐོག་དང་པོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཉེ་ཆར་རྣམ་པ་ཚོས་ང་འདིར་ཡོང་དགོས་པའི་བཀའ་གནང་བྱུང་ཡང་ང་འདིར་སྡོད་པའི་དུས་ཚོད་དང་སྟབས་མ་འགྲིག་པའི་དབང་གིས་རྣམ་པ་ཚོའི་མཛད་སྒོའ་དུས་ཚོད་ཀྱང་ང་དང་བསྟུན་ནས་ཕར་འགྱངས་གནང་དགོས་བྱུང་བར་དགོངས་དག་ཞུ་རྒྱུ་ཡིན།

དེ་རིང་འདིར་དངོས་སུ་བཅར་བའི་སྐབས་ཕེབས་བསུ་རྒྱ་ཆེན་པོ་གནང་བར་མ་ཟད༌བཞུགས་ཁྲི་མཐོ་པོ་ཞིག་བསྐྱོན་འདུག་ཀྱང་དེ་ལ་དཔག་པའི་ང་ལ་དམིགས་བསལ་ལམ་སྟོན་ཞུ་རྒྱུ་གང་ཡང་མེད། ལྷག་པར་དུ་རང་གཞུང་ཆོས་རིག་བཀའ་བློན་ལས་ཀྱང་མཐོ་བ་ཞིག་གི་སྒང་དུ་སྡོད་རྒྱུར་སེམས་ལ་བདེ་པོ་ཞིག་མ་བྱུང་ན་ཡང་བཞུགས་ཁྲི་འདི་འདྲ་ཞིག་གོ་སྒྲིག་གནང་ཟིན་དུས་ཨུ་ཚུགས་བརྒྱག་རྒྱུར་བདེ་པོ་བྱུང་མ་སོང་། གང་ལྟར་རྣམ་པ་ཚོའི་ངོས་ནས་ང་ལ་དམིགས་བསལ་གྱིས་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ། ངའི་མི་ཚེའི་ནང་བཙུན་མ་ཚོས་གཞུང་ཆེན་པོར་སློབ་གཉེར་གནང་བའི་གྲུབ་འབྲས་ཀྱི་དགའ་རྟགས་འབུལ་རྒྱུ་བྱུང་བ་ཐེངས་དང་པོ་ཡིན་དུས། དེ་རིང་ང་ལ་དགའ་རྟགས་འབུལ་རྒྱུའི་གོ་སྐབས་གནང་བར་ཞེ་དྲག་དགའ་པོ་བྱུང་། དགའ་རྟགས་བཞེས་མཁན་གྱི་བཙུན་མ་རྣམས་ཀྱིས་དགའ་རྟགས་བཞེས་པ་ཙམ་གྱིས་མི་ཕན་པར་མ་འོངས་པར་ཡང་མུ་མཐུད་དེ་གཞུང་ཆེན་མོར་སློབ་གཉེར་གནང་དགོས་པ་དེ་གལ་ཆེན་པོ་རེད། སྐུ་ངོ་བཀའ་བློན་དང་བཀའ་ཟུར་རྣམ་པ་གཉིས་ཀྱིས་བཀའ་སློབ་གནང་བ་ལས་ལྷག་པ་ཞིག་ང་ལ་ཞུ་རྒྱུ་གང་ཡང་མེད། སྐུ་ངོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་མཆོག་ནས་བཙུན་མའི་ལས་འཆར་གྱི་དབུ་བཙུགས་པ་ནས་བཟུང་སྟེ་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་གནང་སྟེ་བཙུན་མ་ཚོས་དགེེ་བཤེས་མའི་དམ་བཅའ་བཞག་ཐུབ་པའི་བར་དུ་སྐུ་ལས་བསྐྱོན་པ་རེད། བོད་ཀྱི་བཙུན་མ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཐུབ་པའི་ལམ་ཁ་གསར་བཏོད་གནང་ཐུབ་པ་དེ་ནི་བཙུན་མ་བརྒྱ་ཕྲག་འགའ་ཤས་དང་སྟོང་ཕྲག་འགའ་ཤས་ཙམ་མིན། འདིས་བོད་ནང་དུ་བཙུན་མ་ཁྲི་ཕྲག་ལྷག་ཡོད་པ་དེ་དག་ལ་ལམ་སྟོན་གནང་ཐུབ་པ་ཞིག་བྱུང་ཡོད། མ་འོངས་པར་བཙུན་མ་རྣམས་ཀྱིས་གཞུང་ཆེན་མོར་འཆད་ཉན་སློབ་གཉེར་གནང་ཐུབ་པའི་ལམ་ཁ་བཟང་པོ་འདི་འདྲ་ཞིག་གི་ཐོག་ལ་སྣེ་ཁྲིད་ཐུབ་པ་དེས་༸རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་བླ་ན་མེད་པ་ཞིག་གྲུབ་པ་རེད་ལ། བོད་ལ་མཚོན་ན་ཕོ་དང་མོ་གཉིས་གྲངས་མང་ཉུང་འདྲ་འདྲ་ལྟ་བུ་ཡིན་པ་དེའི་ཕྱོགས་གཅིག་གི་ནུས་པ་དེ་ཡར་འདེགས་ཐུབ་པ་བྱུང་ཡོད། འདི་ནི་བསྟན་པའི་བྱ་བ་རླབས་ཆེན་པོ་དང་གཟི་བརྗིད་ལྡན་པ་ཞིག་ཡིན་དུས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། མཁན་རིན་པོ་ཆེ་དང་དགེ་རྒན་རྣམ་པ་ཚོ་ཡིན་ན་ཡང་། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་གསུངས་པ་ལྟར་དགེ་རྣམ་པ་ཚོས་ད་ལྟའི་བར་དུ་གཞུང་ཆེན་མོར་སློབ་སྦྱོང་བྱེད་པའི་གོ་སྐབས་དང་མཐུན་རྐྱེན་ཆ་ཚང་མེད་པའི་བཙུན་མ་ཚོར་དཔེ་ཁྲིད་མཛད་ནས་མདོ་སྔགས་ཡོངས་རྫོགས་ལ་འཆད་ཉན་སློབ་གཉེར་གནང་ཐུབ་པར་མཛད་པ་འདི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ་ཞིག་ཡིན། དགེ་རྒན་རྣམ་པ་ཚོ་མཁྱེན་ཡོན་རྒྱ་ཆེན་པོ་ཡིན་དུས་ཕྱོགས་གང་དུ་ཕེབས་ཀྱང་སྐུ་ངལ་མེད་ནའང་འདིར་བཞུགས་ནས་ཉིན་མཚན་སྦྲེལ་ཏེ་བཙུན་མ་ཚོའི་འཆད་ཉན་སློབ་གཉེར་ལ་འབད་བརྩོན་ཧུར་ཐག་གནང་བཞིན་པ་འདི་ལས་ལྷག་པའི་བསྟན་པ་ལ་བྱ་བ་མཛད་རྒྱུ་དང་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་སྒྲུབ་སྟངས་ཤིག་མེད་དུས་མཁན་རིན་པོ་ཆེ་དང་དགེ་རྒན་རྣམ་པ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གོང་དུ་ལས་བསྡོམས་གསུང་བའི་སྐབས་བཙུན་མ་ཚོས་ཉིན་རེ་བཞིན་ཞོགས་པ་སྔ་པོ་ནས་དགོང་མོ་འཕྱི་བོའ་བར་དུ་འཆད་ཉན་སློབ་གཉེར་ལ་འབད་བརྩོན་གནང་བཞིན་ཡོད་པ་དང་། དགེ་རྒན་རྣམ་པ་ཚོས་དེའི་ཐོག་ལ་སྐུ་ལས་བསྐྱོན་གྱི་ཡོད་པ་དེ་གསལ་པོར་རྟོགས་ཐུབ་སོང་བས་དཔེ་ཁྲིད་གནང་མཁན་གྱི་དགེ་རྒན་རྣམ་པ་དང་འཆད་ཉན་སློབ་གཉེར་གནང་མཁན་གྱི་སློབ་མ་གཉིས་ཀ་ལ་ཐུགས་རྗེ་ཆེ་ཞེས་ཞུ༌རྒྱུ་ཡིན། བཙུན་དགོན་འདི་ལ་མཚོན་ན་དེ་སྔོན་ཌ་ལ་ཧོལ་སི་ལ་སྡོད་མཁན་གྱི་བཙུན་མ་བགྲེས་པ་འགའ་ཤས་བཞུགས་ཡོད། ང་སྔོན་མ་བཙུན་དགོན་འདི་ལ་ཐེངས་གཅིག་བཅར་མྱོང་ཡོད་ནའང་དེ་རིང་རྣམ་པ་ཚོས་འཆད་ཉན་སློབ་གཉེར་གྱི་ཐོག་ནས་ རྒྱུགས་འབྲས་གཟེངས་སུ་ཐོན་པ་ཞིག་ལོན་ཐུབ་པ་བྱུང་བར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། རྣམ་པ་ཚོས་གཞུང་ཆེན་མོར་སློབ་སྦྱོང་མེད་ས་ནས་གཞུང་ཆེན་མོའ་སློབ་སྦྱོང་གནང་བའི་ལམ་སྲོལ་གསར་དུ་བཙུགས་ཏེ་འཆད་ཉན་སློབ་གཉེར་གྱི་ལམ་སྲོལ་བརྟན་པོ་ཚུགས་པ་ཡོད་པ་བཞིན། མ་འོངས་པར་སློབ་གཉེར་མུ་མཐུད་བརྟན་པོ་ཡོང་བ་དང་སློབ་གཉེར་གཏིང་ཟབ་ཏུ་གཏོང་དགོས་པ་དེ་རྣམ་པ་ཚོའི་ལས་འགན་གཙོ་བོ་དང་ལས་འགན་གལ་ཆེན་པོ་ཞིག་ཏུ་ཆགས་ཡོད། དགེ་བཤེས་མ་ཚོ་ཡིན་ནའང་དགེ་བཤེས་བཏང་བ་ཙམ་གྱིས་ལས་འགན་གྲུབ་སོང་བ་མིན་པར་སྔགས་ཀྱི་ཕྱོགས་ལ་སློབ་སྦྱོང་གནང་རྒྱུའི་འགོ་བཙུགས་ཡོད་དུས། མདོ་སྔགས་གཉིས་ཀར་སློབ་སྦྱོང་མཐར་སོན་པ་ཞིག་གནང་ནས་བཙུན་དགོན་ཁག་གི་དགེ་རྒན་དང་མཁན་པོ་གནང་ཐུབ་མཁན་ཞིག་ཡོང་བའི་དམིགས་ཡུལ་འཛིན་དགོས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་བྱ་བ་མཛད་ཐུབ་མཁན་ཞིག་ཡོང་བའི་དགོངས་པ་རྒྱ་ཆེ༌ས་ནས་བཞེས་དགོས་པ་གལ་ཆེན་པོ་རེད། འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་ཡ་བྲལ་དུ་མ་སོང་བ་ཞིག་གི་ཐོག་ལ་འབད་བརྩོན་གནང་ཐུབ་པ་ཡིན་ན་༸རྒྱལ་བ་རིན་པོ་ཆེས་ལོ་མང་རིང་བཙུན་མའི་ལས་འཆར་གྱི་ཐད་ལ་བཀའ་སློབ་ལམ་སྟོན་གནང་བས་མཚོན་འཆད་ཉན་སློབ་གཉེར་གྱི་ཐོག་ལ་སྐུ་ལས་བསྐྱོན་པའི་ཐུགས་ཀྱི་དགོངས་གཞི་རྒྱ་ཆེན་པོ་ཞིག་འགྲུབ་ཐུབ་པ་ཡོང་གི་རེད། ༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ་བཀའ་སློབ་འདི་འདྲ་ཞིག་གནང་གི་ཡོད། བོད་པ་ཚོས་ཐོག་མར་ལས་ཀ་འགོ་འཛུགས་བྱེད་པའི་སྐབས་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡོད་ནའང་། མཚམས་ཤིག་ནས་ལྷོད་གཡེང་ལ་འགྲོ་ཡི་འདུག བོད་པ་ལ་འདི་འདྲ༌བའི་གཤིས་ཀ་ཞིག་འདུག དེ་འདྲ་བྱ་རྒྱུ་ཡོད་པ་མ་རེད། ཅེས་བཀའ་གནང་གི་ཡོད་པ་བཞིན་ད་ཆ་རྣམ་པ་ཚོས་འགོ་ཚུགས་པའི་སྐབས་ཡིན་དུས་རྣམ་པ་ཚོས་མ་འོངས་པར་ལྷོད་གཡེང་དུ་བཏང་མི་ཉན། ད་ལྟ་སློབ་སྦྱོང་གནང་བཞིན་པའི་བཙུན་མ་རྣམས་ཀྱིས་འཆད་ཉན་སློབ་གཉེར་ལ་འཐུས་ཤོར་མེད་པའི་འབད་བརྩོན་བྱ་དགོས་པར་མ་ཟད། དགེ་བཤེས་བཏང་ཟིན་པ་རྣམས་ཀྱིས་ཀྱང་མུ་མཐུད་ཏེ་ཉིན་མཚན་སྦྲེལ་ནས་གཞུང་ཆེན་མོའ་སློབ་སྦྱོང་ལ་འབད་བརྩོན་གནང་སྟེ་མཁྱེན་ཡོན་གཏིང་ཟབ་ཏུ་བཏང་ནས་མ་འོངས་པར་བོད་ཀྱི་བསྟན་པ་འཛིན་ཐུབ་མཁན་ཞིག་དང་། བོད་ནང་གི་བཙུན་མ་ཁྲི་ཕྲག་མང་པོ་ལ་ལམ་སྟོན་གནང་ཐུབ་མཁན་ཞིག་ཡོང་བར་ཤུགས་སྐྱོན་རོགས་གནང་ཞེས་རེ་འདུན་ཞུ་འདོད་བྱུང་། ངའི་ཉམས་མྱོང་གི་ཐོག་ནས་ཞུས་པ་ཡིན་ན། དེང་སྐབས་ཀྱི་གྲྭ་པ་དང་བཙུན་མ་ན་གཞོན་ཚོ་ལ་ཐོག་མའི་སྐབས་སུ་སློབ་གསོ་ཡག་པོ་ཞིག་གནང་དགོས་པ་འདི་ཤིན་ ཏུ་ནས་གལ་ཆེན་པོར་ཆགས་ཀྱི་འདུག གྲྭ་བཙུན་ན་གཞོན་ཚོའི་བསམ་བློའ་ནང་ཆོས་ཕྱོགས་ཀྱི་བག་ཆགས་གཏིང་ཟབ་ པོ་ཞིག་འཇོག་ཐུབ་ན་རང་བཞིན་གྱིས་བརྟན་པོ་ཡོང་གི་རེད།

དང་པོའ་རྨང་གཞི་ཡག་པོ་ཞིག་འདིང་མ་ཐུབ་ན་དེའི་སྟེང་ལ་རྩིག་པ་ག་ཚད་བརྒྱབས་ནའང་ཉི་མ་གཅིག་ལ་རྩིག་པ་དེ་ལོག་རྒྱུའི་ཉེན་ཁ་ཞིག་ཏན་ཏན་ཡོད་པ་ཡིན་དུས། དགེ་རྒན་རྣམས་ཀྱིས་བཙུན་མ་ན་གཞོན་ཚོའི་བསམ་བློའ་ནང་ཆོས་ཕྱོགས་ཀྱི་བག་ཆགས་གཏིང་ཟབ་པོ་ཞོགས་ཐབས་གནང་དགོས་པ་དེ་གལ་ཆེན་པོ་རེད། སྤྱིར་ཆོས་ལ་ཤེས་ནས་ཐོབ་པའི་དད་པ་དེ་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་ཡིན་ནའང། ཕྱོགས་གཅིག་ལ་རྨོངས་དད་ཅེས་པ་ལྟ་བུའི་དད་པ་བརྟན་པོ་ དེ་ཡང་དགོས་རྒྱུ་ཞིག་རེད་འདུག རྨོངས་དད་ཅེས་བཤད་ན་ཚིག་སྙན་པོ་མི་འདུག་ཀྱང་བཙུན་མ་ན་གཞོན་ཚོའི་རྒྱུད་ལ་ཆོས་ཕྱོགས་ཀྱི་བག་ཆགས་གཏིང་ཟབ་མོ་འཇོག་དགོས་པ་དེ་གལ་ཆེན་པོ་རེད། འདིའི་ཐོག་ལ་རྣམ་པ་ཚོས་ཤགས་བསྐྱོན་ནས་འབད་བརྩོན་གནང་བ་ཡིན་ན། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་ཐོགས་པ་ཞིག་ཡོང་གི་རེད་བསམས། བོད་ཕྱི་ནང་གཉིས་ཀའི་བཙུན་མའི་གྲངས་ཀ་དང་བཙུན་དགོན་ལོ་རེ་བཞིན་ཇེ་མང་དུ་འཕེལ་བཞིན་པ་འདིས་བཙུན་མའི་ལས་འཆར་ཁང་གི་ཐུགས་འགན་ཡང་རང་བཞིན་གྱིས་ལྕི་རུ་འགྲོ་གི་ཡོད་པ་རེད། དེ་ཡིན་དུས་བཙུན་དགོན་ཁག་གི་འགྲིག་ལམ་ལ་དམིགས་བསལ་གྱིས་ཐུགས་སྣང་གནང་དགོས་པ་འདི་གལ་ཆེན་པོར་ཆགས་ཀྱི་འདུག། ད་ལྟའི་བཙུན་དགོན་ཁག་ནི་དགེ་སློབ་མ་དང་དགེ་སློང་མ་མེད་པའི་དགེ་ཚུལ་མའི་བཙུན་དགོན་ཞིག་ཡིན་དུས། དགེ་ཚུལ་མའི་བསྲུང་བྱ་བླངས་འདས་སོ་དྲུག་ལས་མེད། དགེ་སློང་མའི་བསྲུང་བྱ་དེ་དགེ་སློང་ཕའི་བསྲུང་བྱ་ལས་གྲངས་མང་བ་དང་འདུལ་ཁྲིམས་བཙན་པ་ཞིག་ཡོད་ས་རེད། ང་དམིགས་བསལ་འདུལ་བའི་སྐོར་ལ་རྒྱུས་མངའ་ཡོད་མཁན་ཞིག་མིན་ནའང་། དགེ་སློབ་མ་དང་དགེ་སློང་མའི་འདུལ་ཁྲིམས་ཀྱི་ནང་ནས་ད་ལྟའི་བཙུན་དགོན་ཁག་གི་འགྲིག་ལམ་ལ་དམིགས་བསལ་ཁ་སྣོན་རྒྱག་དགོས་པ་གང་དང་གང་འདུག འགྲིག་ལམ་ལ་ཁ་སྣོན་རྒྱག་དགོས་པ་གང་ དང་གང་ལྷག་འདུག འདིའི་ཐོག་ལ་དགོངས་པ་བཞེས་ཏེ་བཙུན་དགོན་ཁག་ལ་དམིགས་བསལ་གྱི་བཅའ་ཡིག་གཏན་འབེབས་མཛད་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། བོད་ཀྱི་བཙུན་དགོན་ཁག་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཅིག་བཟོ་ཐུབ་པ་ཡིན་ན་བླངས་འདས་སོ་དྲུག་ཙམ་མིན་པར་དུས་དང་འཚམས་པའི་བསྲུང་བྱ་མང་པོ་ཞིག་ལག་བསྟར་བྱ་དགོས་པ་ཡང་ཡོང་གི་རེད་བསམས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་ཚུལ་སློང་གི་བཅས་ཁྲིམས་ཐོག་མར་བཟོ་བའི་སྐབས་སུ་རྗེས་འཇུག་སློབ་མ་རྣམས་ཀྱིས་སྤྱོད་པ་ངན་པ་རེ་བྱས་པའི་གླེང་གཞི་རེ་རེའི་ཐོག་ནས་འདུལ་བའི་བཅས་ཁྲིམས་རེ་བཟོས་པ་ཡིན་དུས། ང་ཚོའི་བཙུན་དགོན་ཁག་ལའང་དེང་སང་གི་སྤྱི་ཚོགས་ནང་ཡོང་བཞིན་པ་ཉེན་ཁ་ཡོད་པའི་རིགས་དེ་ཚོ་མི་ཡོང་བའི་དོན་དུ་སྔ་ས་ནས་འགྲིག་ལམ་བཟོ་དགོས་པ་དེ་གལ་ཆེན་པོར་ཆགས་ཀྱི་འདུག འདིའི་ཐོག་ལ་བཙུན་མའི་ལས་འཆར་ཚོགས་པ་དང་། བཙུན་མའི་མཁན་རིན་པོ་ཆེ༌དང་དགེ་རྒན་རྣམ་པ་སོགས་ཀྱིས་དགོངས་པ་བཞེས་དགོས་ས་རེ་ཨེ་ཡོད་སྙམ་ནས་དགོངས་པའི་ དཔྱད་གཞིའི་ཚུལ་དུ་ཞུས་པ་ཡིན། སྔོན་མ་ཡིན་ན་གྲྭ་བཙུན་གཉིས་ཁོར་ཡུག་མ་འདྲེས་པར་སོ་སོར་བྱས་ནས་སྡོད་པ་མ་གཏོགས་གྲྭ་བཙུན་མཉམ་དུ་འཛོམས་པའི་གོ་སྐབས་དཀོན་པོ་ཡིན་ནའང་། དེང་སྐབས་གྲྭ་བཙུན་གཉིས་མཉམ་དུ་འཛོམས་ནས་སློབ་སྦྱོང་གནང་རྒྱུ་སོགས་ཀྱི་གོ་སྐབས་མང་དུ་འགྲོ་བཞིན་པ་ལ་བརྟེན་ནས་མ་འོངས་པར་འཕྲད་སྲིད་པའི་དཀའ་ངལ་རིགས་མང་པོ་ཡོང་སྲིད་པ་ཡིན་དུས། ད་ལྟ་ནས་སྔོན་འགོག་གནང་དགོས་པ་གང་དང་གང་ཡོད་རྣམ་པ་ཚོས་དགོངས་པ་བཞེས་དགོས་པ་འདི་གལ་ཆེན་པོ༌རེད། དཔེར་ན། དགེ་སློང་ཕས་དགེ་སློང་མ་ལ་ཉི་མ་ནུབ་ནུབ་ཀྱི་བར་དུ་ཆོས་སྟོན་ན་མི་འགྲིག་ཅེས་པ་སོགས་འདུལ་བའི་ནང་དུ་ཡོད་པའི་སྐོར་སྔོན་མ་སྒྲོལ་མ་གླིང་ལ་བཅར་བའི་སྐབས་ཐེངས་གཅིག་ཞུས་མྱོང་། འདུལ་བའི་ནང་དུ་གསལ་བ་འདི་རིགས་ད་ལྟ་ནས་ལག་བསྟར་བྱ་བ་དགོས་ཀྱི་ཡོད་མེད་ལ་འབྲེལ་ཡོད་ཚོས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟའི་ཆར་སྐུ་ངལ་དང་གནས་སྟངས་ངན་པའི་རིགས་ཡོང་གི་མེད་ནའང་མ་འོསང་པར་མིག་ལྟོས་བཟང་པོ་དང་ལམ་ཁ་ཡག་པོ་ཞིག་གཏོད་དགོས་པ་ཡིན་དུས་ཁྱད་པར་ཞིག་ཡོད་རྒྱུ་རེད་བསམས༌ནས་ཞུས་པ་ཡིན། བཙུན་མ་རྣམས་ཀྱིས་ཕྱག་དཔེ་ལ་གཟིགས་ཏེ་ཡར་རྒྱས་སུ་འགྲོ་བཞིན་པ་དེ་ད་དུང་གཏིང་ཟབ་ཏུ་གཏོང་བའི་ཐབས་ལམ་གསར་པ་གང་དང་གང་བསྟེན་དགོས་ཀྱི་འདུག དགེ་བཤེས་མ་བཏང་བ་ཙམ་གྱིས་འཆད་ཉན་སློབ་གཉེར་གནང་གྲུབ་སོང་བ་ཞིག་མིན་པར། ད་དུང་ཡར་རྒྱས་བཏང་སྟེ་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཚད་དང་ལྡན་པ་ཞིག་ཡོང་བའི་འཆར་གཞི་འདིང་དགོས། ང་ཚོ་ཡོངས་རྫོགས་ཀྱིས་འདིའི་ཐོག་ལ་རྒྱབ་སྐྱོར་ཞུ་སྟངས་གང་འདྲ་བྱེད་དགོས་ཀྱི་འདུག་ཅེས་འབྲེལ་ཡོད་ཚོས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། གོང་དུ་ཞུས་པ་བཞིན་བཙུན་མ་རྣམས་ཀྱིས་གཞུང་ཆེན་མོ་ཁག་ལ་འཆད་ཉན་སློབ་གཉེར་གནང་བའི་དབུ་བཙུགས་ཏེ་ད་ལྟའི་བར་དགེ་བཤེས་མ་གཏོང་མཁན་རིམ་པ་གཉིས་གསུམ་ཞིག་བྱུང་ཚར་ཡོད། མ་འོངས་པར་བུད་མེད་སྤྱི་ཡོངས་ཀྱིས་ནང་ཆོས་སློབ་སྦྱོང་བྱེད་ཐུབ་པ་ཞིག་ཡོང་བར་བཙུན་མ་རྣམས་ཀྱིས་དམིགས་བསལ་གྱིས་འགན་བཞེས་ཏེ་འདིའི་ཐོག་ལ་ཤགས་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད། ད་ལོ་རྡོ་རྗེ་གདན་དུ་དྲང་ངེས་ལེགས་བཤད་སྙིང་པོའ་མཁས་པའི་བགྲོ་གླེང་ཆེན་མོ་ཚུགས་པའི་སྐབས་ངས་བུད་མེད་གཅིག་གདན་འདྲེན་ཞུས་པ་ཡིན། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་བུད་མེད་ནང་ཆོས་ཀྱི་སློབ་སྦྱོང་བྱེད་མཁན་ཉུང་ཉུང་ཡིན་དུས། མ་འོངས་པར་བཙུན་མ་ཚོས་མཉམ་རུབ་མཛད་དེ་བུད་མེད་རྣམས་ཀྱིས་གཞུང་ཆེན་མོར་སློབ་སྦྱོང་བྱེད་ཐུབ་པའི་ཆ་རྐྱེན་ཞིག་བསྐྲུན་པ་ཡིན་ན་མ་འོངས་པའི་སྤྱི་ཚོགས་ཡོངས་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོང་གི་རེད། གོང་དུ་གསུང་བཤད་གནང་མཁན་ཚོས་བཀའ་སློབ་གནང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱི་བྱས་ནས་བཙུན་མའི་འཆད་ཉན་སློབ་གཉེར་གྱི་ཐད་ལ་བཀའ་སློབ་མང་པོ་གནང་ཡོད། བཀའ་སློབ་གང་གནང་བ་དེ་དག་བཀའ་སློབ་གནང་བ་ཙམ་དུ་མ་བཞག་པར་མུ་མཐུད་བཀའ་སློབ་སྔ་ཕྱིའི་དགོངས་དོན་ལག་བསྟར་ཞུས་ཏེ་༸རྒྱལ་བ་རིན་པོ་ཆེ་ཐུགས་དགྱེས་པའི་མཆོད་པ་འབུལ་ཐུབ་པ་ཞིག་གནང་དགོས་པ་འདི་གལ་ཆེན་པོ་རེད། དགེ་རྒན་རྣམ་པ་དང་བཙུན་མ་ཡོངས་རྫོགས་ཀྱིས་འདིའི་ཐོག་ལ་ད་ལྟའི་བར་དུ་འབད་བརྩོན་གནང་དང་གནང་བཞིན་པ་རེད་ལ། མ་འོངས་པར་ཡང་མུ་མཐུད་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། དངོས་ཡོད་གནས་ཚུལ་ལ་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་གང་འཚམས་ཡར་མཐོན་པོར་ཕེབས་ཡོད་པ་རེད་ལ། སྐུ་ཁམས་བདེ་མི་བདེ་ཡང་ཕྲན་བུ་ཡོང་གི་ཡོད། གནས་སྟངས་འདི་འདྲ་ཞིག་གི་སྐབས་ལ་ང་ཚོས་ཉི་མ་གཅིག་དང་སྐར་མ་གཅིག་ལ་༸རྒྱལ་བ་རིན་པོ་ཆེ་ཐུགས་སྤྲོ་བོ་ཡོང་བའི་བྱ་བ་ཕྲན་བུ་རེ་སྒྲུབ་ཐུབ་པ་ཡིན་ན་དེ་ནི་ང་ཚོའི་བསོད་ནམས་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེའི་ཐུགས་མ་སྤྲོ་བའི་གནས་ཚུལ་ཟུར་ཙམ་ཞིག་སྙན་ལ་ཞུ་དགོས་བྱུང་ན་ཐབས་སྐྱོ་པོ་རེད། ༸རྒྱལ་བ་རིན་པོ་ཆེ་ཐུགས་སྤྲོ་བོ་ཡོང་བའི་ཐབས་ལ་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་འབད་བརྩོན་སྔར་ལྷག་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.