1༄༅།། སྐྱབས་མགོན་ཀིརྟི་སྐུ་ཕྲེང་དང་པོ་ྋརོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་མཆོག་ནི།བོད་རབ་བྱུང་དྲུག་པའི་ཤིང་སྟག ཕྱི་ལོ་༡༣༧༤ ལོར་མདོ་སྨད་བཞག་ཤོད་ཅེས་པའི་སར་ཡབ་ཀླུ་འབུམ་དང་ཡུམ་ཨ་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། དང་པོ་ཉིད་ནས་ལྗགས་མདོག་སྔོན་པོ་དང་དབུས་སུ་ཨ་ཡིག་དཀར་པོ་ཤིན་ཏུ་གསལ་བ་ཞིག་ཡོད་པས་ལྗགས་ནག་པ་ཞེས་ཡོངས་སུ་གྲགས། ཆེར་སྐྱེས་པ་ན་ཐུགས་ཀར་ཧྲཱིཿདང་ཧཱུཾ་གསལ་ཞིང་ཕྱག་ཞབས་ལ་འཁོར་ལོའི་མཚན་མ་མངོན་དུ་གྱུར་པ་སོགས་སྐྱེས་བུ་ཆེན་པོའི་མཚན་བཟང་གིས་ལེགས་པར་བརྒྱན་ཡོད་པར་གསུངས། སྐུ་གཞོན་ནུའི་དུས་ནས་གཤིན་རྗེའི་གཤེད་དང༌། སྤྱན་རས་གཟིགས། སྒྲོལ་མ། ཕྱག་ན་རྡོ་རྗེ་སོགས་ཀྱིས་ཡང་ཡང་ཞལ་གཟིགས་ཤིང་བསྙེན་སྒྲུབ་དུ་མ་མཛད་པས་སྤྱན་རས་གཟིགས་དང་སྒྲོལ་མས་དབུས་སུ་ཕེབས་ན་འཇམ་དབྱངས་ཀྱི་སྤྲུལ་པར་མཇལ་བའི་ལུང་བསྟན་གནང་བ་ལྟར། ས་སྦྲུལ། ཕྱི་ལོ་༡༣༨༩ ལོར་དབུས་འགྲུལ་པ་འགའ་དང་ལྷན་ཚོང་པའི་ཆས་ཀྱིས་བྱོན་ཏེ།

 

 

ཞྭ་ལུར་གྲུབ་ཆེན་ཁྱུང་ལྷས་པའི་དྲུང་དུ་རྗེ་བླ་མ་བཞུགས་པ་དང་མཇལ་ཞིང་དེ་ཉིན་གྲུབ་ཆེན་ཁྱུང་ལྷས་པས་སྒྱུ་འཕྲུལ་དྲ་བའི་དབང་གི་སྟ་གོན་མཛད་པ་ནས་བཟུང་བཀའ་ཆོས་རྣམས་ལྷན་དུ་གསན། རྗེ་བླ་མ་ལས་ཆོས་འབྲེལ་དང་པོ་འཇམ་དབྱངས་ཀྱི་བྱིན་རླབས་ཞུས་ཤིང་མ་འོངས་པར་ཤར་ཕྱོགས་བསྟན་པའི་མངའ་བདག་ཏུ་དབང་བསྐུར། གྲགས་སྙན་དང་འཕྲིན་ལས་རྒྱས་པའི་ལུང་བསྟན་མང་དུ་གནང༌། འདི་ནས་བཟུང་རྗེའི་བཀའ་ལྟར་བྱམས་པའི་ཆོས་སྐོར་ལ་ཐོས་བསམ་གྱིས་མཁས་པར་སྦྱངས།

 

                དགུང་ལོ་བཅུ་དགུ་བཞེས་པ། ཕྱི་ལོ་༡༣༩༢ ལོར་རྗེ་བླ་མ་དང་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་སོགས་ཀྱི་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས་པས། མཚན་ལ་དགེ་འདུན་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་ཉི་ཤུ་བཞེས་པ། ཆུ་བྱ། ཕྱི་ལོ་༡༣༩༣ ལོར་རྗེ་ཡབ་སྲས་དཔོན་སློབ་གྲངས་ཚང་བའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་ལོ་དེར་རྗེའི་མཛད་ཆེན་བཞིའི་ཡ་གྱལ་རྫིང་ཕྱིའི་བྱམས་པ་ཞིག་གསོས་གནང་སྐབས་ྋརོང་ཆེན་དགེ་འདུན་རྒྱལ་མཚན་གྱིས་དཔོན་སློབ་རྣམས་ལ་ཞབས་ཕྱི་དང་ཞིག་གསོས་ཀྱི་ལས་ལ་འབད། དེ་ནས་ཡབ་རྗེ་བླ་མ་ཙོང་ཁ་པ་དང༌། ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ཀྱི་ཞལ་སྔ་ནས་གསང་འདུས་དང༌། བདེ་མཆོག ཀྱཻ་རྡོར། གཤིན་རྗེའི་གཤེད་སྐོར་སོགས་རྒྱུད་སྡེ་མང་པོའི་དབང་ལུང་ཁྲིད་གསུམ་དང༌། བསྐྱེད་རྫོགས་ཀྱི་གཟབ་བཤད་གང་གནང་གསན་པ་བཞིན་ཐུགས་ལ་འཁྲུངས་པས་རོང་པོ་མཁས་གྲུབ་ཆེན་པོ་དགེ་འདུན་རྒྱལ་མཚན་ཞེས་སྙན་པའི་གྲགས་པ་ཕྱོགས་སུ་ཁྱབ་སྟེ་མདོ་རོང་མཁས་པ་མི་བཞིའི་ཡ་གྱལ་དུ་གྱུར། རྗེ་བླ་མས་དགེ་འདུན་རྒྱལ་མཚན་ལ་བདེ་མཆོག་རིམ་ལྔའི་ཁྲིད་ལྷག་པར་མཛད་དེ་སྒོམས་ཤིག་གསུངས་པས། རྭ་སྒྲེང་དང༌། འོ་དེ་གུང་རྒྱལ་སོགས་སུ་ཡུན་རིང་བསྙེན་སྒྲུབ་མཛད། སྐབས་དེ་དག་ཏུ་གསང་འདུས་མི་བསྐྱོད་རྡོ་རྗེ། འཇིགས་བྱེད། གསང་བདག་འཁོར་ལོ་ཆེན་པོ། བདེ་མཆོག་རྣམས་ཀྱིས་ཞལ་ཡང་ཡང་གཟིགས་ཤིང་མགོན་པོ་གུར་ཞལ་རང་ཤུགས་ཀྱིས་འཁོར་བའི་ཉམས་སྣང་བྱུང་བའི་རྒྱུ་མཚན་རྗེ་རིན་པོ་ཆེ་ལ་ཞུས་པས། རྗེ་ཉིད་ཀྱིས་མགོན་པོ་གུར་ལྷ་བཅུ་གཉིས་སོགས་ཀྱི་རྗེས་གནང་དང་བཀའ་གཏད་མཛད། དེ་ནས་ལོ་མང་པོར་རྗེ་རིན་པོ་ཆེ་དང་མཁས་གྲུབ་རྗེ་གཉིས་ཀྱི་དྲུང་དུ་རྒྱུན་བཞུགས་མཛད་དེ་གསང་འདུས་དང་ལམ་རིམ། རྩ་ཤེས། བཞི་བརྒྱ་པ་སོགས་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་གསན་ནས་ཐོས་དོན་ཉམས་སུ་བཞེས་པས་རྗེ་ཡབ་སྲས་ལ་གཙིགས་ཆེ་བའི་སློབ་མ་རྒྱལ་བའི་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ཡ་གྱལ་དུ་གྱུར། སྐབས་ཤིག་ང་ནི་དབེན་པར་སོང་སྟེ་སྒྲུབ་པ་བྱ་སྙམ་པ་ཐུགས་ལ་འཁྲུངས་པ་ན། བསྟན་པའི་བདག་པོའི་ཞལ་ནས། སྙིགས་དུས་དམུ་རྒོད་འགྲོ་བ་འདུལ་བ་ལ། །དབེན་པས་འགྲོ་ཕན་ཆེན་པོ་ག་ལ་འབྱུང༌། །ཞེས་སོགས་དང༌། ཐུགས་རྗེ་ཆེན་པོའི་ཞལ་ནས། དཀའ་གནད་མཐར་མ་ཕྱིན་པས་ཚིམ་པ་མིན། །ཞེས་སོགས་གསུངས་པས་སྔར་བཞིན་ཐོས་བསམ་གྱིས་ཉིན་མཚན་འདའ་བར་མཛད།

 

                བོད་རབ་བྱུང་བདུན་པའི་ས་གླང༌། ཕྱི་ལོ་༡༤༠༩ ལོར་མདོ་སྨད་ནས་ཀུན་བཟང་སེངྒེ་དང་ཆོས་ཀྱི་སེངྒེ་གཉིས་འབྱོར་ཏེ་ྋརོང་ཆེན་དགེ་འདུན་རྒྱལ་མཚན་གྱིས་ཞབས་ལ་གཏུགས་པ་ནས་རིམ་གྱིས་དཔོན་སློབ་སོ་དྲུག་བྱུང༌། ལོ་དེར་རྗེའི་མཛད་ཆེན་བཞིའི་ཡ་གྱལ་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་མཛད་པའི་སྐབས་སྐུ་རྟེན་སོགས་ལ་གསེར་ཚོན་འབུལ་བ་དང༌། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གསར་བཞེངས་སྐབས་ལག་གི་བླ་སྟེ་ཕྱག་མཛོད་ལྟ་བུར་མཛད་ནས་འགན་གཙོ་བོར་བཞེས་པ་སོགས་རྗེ་བླ་མའི་བསྟན་པ་དགུང་དུ་འདེགས་པར་སྲི་ཞུ་གཞན་འགྲན་མེད་པར་གནང༌། རྗེ་ཉིད་ལ་བཀའ་དང་དགོངས་འགྲེལ་གྱི་རྒྱ་བོད་མཁས་པའི་གཞུང་ཆེན་དག་གི་དཀའ་གནད་ཀྱི་དྲི་བ་དང༌། རང་གིས་ཀྱང་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་ལ་གསོལ་འདེབས་དང་མཆོད་འབུལ་ཕྱག་སྐོར་གྱིས་སྒོ་དུ་མ་ནས་བསགས་སྦྱངས་ལ་འབད་པ། གཞུང་ཆེན་མོའི་ཚིག་དོན་ལ་ཞིབ་དཔྱོད་མཛད་པ་སྟེ་གསུམ་བསྒྲིལ་གྱིས་འབད་པས་མདོ་རྒྱུད་དགོངས་འགྲེལ་གྱི་ཟབ་མོའི་མན་ངག་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་བརྙེས། ལྕགས་སྟག ཕྱི་ལོ་༡༤༡༠ རྗེ་བཙུན་འཇམ་དབྱངས་དང་རྗེ་ཡབ་སྲས་ཀྱིས་མཐའ་འཁོབ་མ་རུང་བའི་འགྲོ་བ་རྣམས་འདུལ་བའི་ཐུགས་བསྐྱེད་དུས་སུ་སྨིན་པའི་ལུང་བསྟན་དང༌། མཁན་ཆེན་ཕྱག་རྡོར་པས་མཚོན་པའི་བླ་མ་དང་ཡི་དམ་གྱི་ལྷ་མང་པོའི་ལུང་བསྟན་གཅིག་མཐུན་བྱུང་བར་བརྟེན། ལྕགས་ཡོས། ཕྱི་ལོ་༡༤༡༡ ལོར་དཔོན་སློབ་སོ་དྲུག་ལ་ཡི་དམ་བསྟན་སྲུང་རྒྱ་མཚོའི་རྒྱབ་དཔུང་དང་བཅས་མདོ་སྨད་མཐའ་འཁོབ་མུན་པའི་ཡུལ་གྱི་མགོན་སྐྱབས་སུ་ཕེབས་ཏེ། དེར་གནས་མཁའ་མཉམ་འགྲོ་བ་མཐའ་དག་ཐབས་མཁས་འཕྲིན་ལས་བཟང་པོས་སྨིན་གྲོལ་ལ་འགོད་པར་མཛད་པས་བླ་མ་དུས་གསུམ་མཁྱེན་པ་ཞེས་ཀུན་གྱི་སྐྱབས་སུ་བཀུར། ཕྱི་ལོ་༡༤༡༢ ཆུ་འབྲུག་ཟླ་བ་བཞི་པའི་ཚེས་གཅིག་ཉིན་ཚ་ཁོའི་མ་དགོན་ཀཱ་ལ་རིའི་དགོན་གནས་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་གཞི་བཏིང་ཞིང་ལྷ་འདྲེ་རྣམས་བྲན་དུ་བཀོལ་བ་སོགས་ཀྱི་རྣམ་པར་ཐར་པ་ཆེས་མང་པོ་ཞིག་བདག་གིར་བཞེས། རིམ་བཞིན་ཚ་ཁོ་ངག་དབང་གྲགས་པས་ད་ཚང་དགོན་དང༌། ས་མགོ་དགོན། ཏམ་མགོ་དགོན་གསུམ་ཕྱག་བཏབ་པའི་རབ་གནས་སུ་ཁོང་ཉིད་གདན་དྲངས་ཤིང་རྣམ་པ་གཉིས་ཐུགས་གཅིག་འདྲེས་སུ་གྱུར། རྒྱལ་པོ་གཡུང་དྲུང་དཔལ་གྱིས་དབུ་བླར་མཆོད་དེ། སྨད་ཕྱོགས་ཀྱི་ཡུལ་གྲུ་གསུམ་ཕུལ་ནས་ལུགས་གཉིས་ཀྱི་མངའ་ཐང་དར་བའི་སྒོ་འཕར་ཕྱེས།

 

                ས་ཕག ཕྱི་ལོ་༡༤༡༩ ལོར་དགའ་ལྡན་ནས་རྗེ་ཙོང་ཁ་པ་ཞིང་གཞན་དུ་གཤེགས་པ་མཁྱེན་པས་འདས་མཆོད་རྒྱ་ཆེན་ཕུལ་ཏེ་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་རྗེས་ཞལ་གཟིགས་ནས་མ་འོངས་ལུང་བསྟན་གནང་ཞིང་རྒྱལ་བསྟན་སྤེལ་བར་བསྐུལ། ཕྱི་ལོ་༡༤༥༠ རབ་བྱུང་བརྒྱད་པའི་ལྕགས་རྟ་ལོའི་ས་ག་ཟླ་བའི་ཚེས་ཉེར་གཅིག་ཕྱི་ལུགས་དགུང་ལོ་དོན་དྲུག་ལ་ཕེབས་སྐབས་དགོངས་པ་ཆོས་དབྱིངས་སུ་བསྡུས་སྐབས་མེ་ཏོག་གི་ཆར་དང༌། འོད་ཟེར་འཁྲུགས་པ་སོགས་ཡ་མཚན་རྨད་དུ་བྱུང་བ་ཞག་ཉེར་དགུར་བྱུང་ཞིང་སྐུའི་གདུང་རུས་ཀྱི་དབུ་ཐོད་ལ་རྒྱལ་བ་རིགས་ལྔ་དང༌། གཞན་དུ་རིགས་ལྔའི་ཕྱག་མཚན་སོགས་གཤིན་རྗེའི་གཤེད་དང་གསང་བ་འདུས་པའི་སྐུ་བརྙན། གུར་ཞལ་གཉིས་ཀྱི་རྩ་སྔགས་མངོན་གསལ་བྱོན་པ། རིང་བསྲེལ་དུ་མ་བྱུང་བ་སོགས་ཀྱིས་སྐུ་ཚེ་འདི་ཉིད་ཀྱི་མཛད་པ་རྫོགས་པར་མཛད་པའོ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.