. . . .

3༄༅།། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་གསུམ་པ་འགྲོ་མགོན་གྲུབ་དབང་བསྟན་པ་རབ་རྒྱས་མཆོག་ནི།རབ་བྱུང་དགུ་པའི་ཤིང་བྱི། ཕྱི་ལོ་༡༥༦༤ ལོར་མགོ་ལོག་ཨ་རིག་གསེར་མཛོད་ལུང་གི་ཨ་མྱེ་ཀེ་ཏུ་དམར་ཡག་ཅེས་པའི་རི་མདུན་དཔལ་ཐང་ཞེས་པར་ཡབ་ཡོན་ཏན་དབང་ཕྱུག་དང་ཡུམ་སྐྱིད་མོ་ཡག་གཉིས་ཀྱི་སྲས་སུ་ཡ་མཚན་གྱི་ལྟས་དུ་མ་དང་བཅས་སྐུ་འཁྲུངས་མ་ཐག་ཞལ་ནས་ཧྲཱིཿགསུངས་པས་ཀུན་ཡ་མཚར། ཡབ་ཀྱིས་ས་དེའི་སྐྱེ་བོ་རྣམས་ཡིད་ཆེས་ཕྱིར་འདྲེ་སྲིན་གྱི་སྤྲུལ་པར་ངེས་ཟེར་ནས་ཀེ་ཏུ་དམར་ཡག་གི་རྐེད་མཚམས་ཀྱི་བྲག་སྟེང་ནས་འཕངས་པས། ཕ་བོང་གི་སྟེང་དུ་བརྒྱབ་པས་འདམ་བརྫིས་པ་ལྟར་བྱིས་པའི་རྗེས་གསལ་བར་བྱུང་ཞིང་སྲས་ལ་ཅི་ཡང་མ་གནོད་པར་ཞལ་འཛུམ་པ་དང་བཅས་ཡིག་དྲུག་དང་ཨ་ར་པ་ཙ་གསུང་བཞིན་བཞུགས་པས་ཀུན་གྱིས་གྲུབ་ཐོབ་ཏུ་ངེས་པ་འདྲོངས་པས་དད་གུས་ཞུས། ༼བྲག་རྗེས་དེ་དེང་སང་ཡང་མཇལ་རྒྱུ་ཡོད༽ ཟླ་བ་གཉིས་ལོང་སྐབས་སྤྱན་རས་གཟིགས་སོགས་ལྷག་ལྷ་མང་པོས་ཞལ་གཟིགས་དང་བྱིན་གྱིས་བརླབས་པས་གཏམ་ཅི་འདོད་སྨྲས་ཏེ། ང་ནི་བསྟན་པ་རིན་ཆེན་གྱི་སྐྱེ་བ་ཡིན། སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པས་སྣང་སྲིད་ཐམས་ཅད་ང་ཉིད་ཁོ་ནའོ་ཞེས་སོགས་གསུངས་པས་ཀུན་གྱིས་ཕྱག་ཡུལ་དུ་གྱུར།

 

 

                ཡང་སྤྱན་རས་གཟིགས་ཡི་དམ་སྲུང་མ་དང་བཅས་པས་ཞལ་གཟིགས་ཤིང་ལྷ་སྲུང་དང་འདྲེ་སྲིན་མང་པོས་གུས་པས་བཏུད་དེ་འཕྲིན་ལས་བསྒྲུབ་པར་དམ་བཅས། ས་སྦྲུལ། ཕྱི་ལོ་༡༥༦༩ ལོར་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་མང་པོས་བསྐོར་པ་དང༌། རྒྱལ་བ་ཤཱཀྱ་ཐུབ་པ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བའི་བརྒྱུད་པའི་ལྷ་ཚོགས་ཀྱིས་བསྐོར་པ་དངོས་སུ་གཟིགས་ཤིང༌། གཙོ་བོ་སྟོན་པའི་ཞལ་ནས། མདོ་རྒྱུད་ལྟ་བའི་གནད་ལ་སྦྱོངས། །ཟབ་དོན་ཁོ་ན་ཉིད་ལ་རྟོགས། །གནས་ལུགས་ཕྱག་རྒྱ་ཆེན་པོ་སྤྱོད། །བདེ་ཆེན་རིག་པའི་རང་མདངས་སྐྱོངས། །ཞེས་གསུངས་ནས་ཕྱག་སྤྱི་བོར་བཞག་པས་མདོ་སྔགས་ཀྱི་ཆོས་ལ་ཡང་ལན་རེ་ཁྲིད་ཅིང་གཟིགས་པ་ཙམ་གྱིས་ཐུགས་ལ་འཆར་བ་ཞིག་བྱུང༌། སློབ་དཔོན་རྡོ་རྗེ་གྲགས་པ་དང༌། ཞབས་དྲུང་བསྟན་པ་གྲགས་པ་སོགས་ཀྱི་ཞལ་སྔར་རབ་བྱུང་གི་བསླབ་པ་མནོས་ཏེ། མཚན་ལ་བློ་བཟང་བསྟན་པ་རབ་རྒྱས་གསོལ། དགའ་ལྡན་ལྷ་བརྒྱ་མའི་སྒོ་ནས་བླ་མའི་རྣལ་འབྱོར་བསྒོམས་པས། ཇོ་བོ་རྗེ་དང༌། རྗེ་བླ་མ། འབྲོམ་སྟོན་པ་སོགས་བཀའ་གདམས་པའི་མཁས་གྲུབ་མཐའ་ཡས་པའི་ཞལ་གཟིགས། རྗེའི་ཐུགས་ཀར་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་གསལ་བར་བཞུགས་པའི་ཞལ་ནས། སྐྱེ་མང་སྔོན་ནས་འབྲེལ་བའི་ལྷ། །རྡོ་རྗེ་འཇིགས་བྱེད་ང་ཡིན་གྱི། །རྟག་ཏུ་སྒྲུབ་བསྙེན་བརྩོན་པ་ན། །རང་གཞན་དོན་འགྲུབ་བར་ཆད་སེལ། །ཞེས་སོགས་གསུངས་ནས་ཁོང་གི་ཐུགས་ཀར་ཐིམ། དེ་བཞིན་སློབ་དཔོན་ཆེན་པོའི་ཞལ་ནས། །སྔོན་ཚེ་བྱ་རུང་ཁ་ཤོར་བཞེངས་པའི་ཚེ། །སློབ་དཔོན་གཅིག་པའི་སྤུན་གྱུར་གསལ་སྣང་གི །སྐྱེ་བ་དཔའ་བོ་རྡོ་རྗེ་ཁྱོད་ཉིད་ལ། །གུ་རུ་བདག་གིས་གནས་གཏེར་བཅུ་དྲུག་དབང༌། །ཞེས་སོགས་གསུངས་ནས་བྱིན་གྱིས་བརླབས། འདི་དང་འདིས་མཚོན་པའི་ལྷ་བླ་མས་ཞལ་གཟིགས་ཤིང་ལུང་བསྟན་དང་དངོས་གྲུབ་གནང་བ་བགྲངས་ཀྱིས་མི་ལངས། ཤིང་བྱ། ཕྱི་ལོ་༡༥༨༥ ལོར་མ་རུངས་པས་ཡིད་བརླམས་པའི་མི་ཞིག་གིས་དུག་དྲངས་པས་ཅུང་ཟད་བསྙུན་པའི་ཚེ། སྟོན་པ་སྨན་གྱི་བླ་འཁོར་བྱང་སེམས་རྒྱ་མཚོས་བསྐོར་པ་དང་བཅས་པས་བྱིན་གྱིས་བརླབས་པས་བསྙུན་དྭངས་ཏེ་སྐུའི་གཟི་མདངས་སྔར་ལྷག་རྒྱས། དེའི་རིང་བླ་མ་གཞན་གྱིས་རྫུ་འཕྲུལ་འགྲན་པ་ལ་ཟླ་བྲལ་བ་དང་གྲུབ་རྟགས་མཐའ་ཡས་པ་བསྟན་པའི་ཚུལ་སོགས་ཆེས་མང་དུ་བྱུང༌།

 

                ལྕགས་ཡོས། ཕྱི་ལོ་༡༥༩༡ ལོར་དབུས་སུ་བྱོན། རྒྱལ་དབང་ལྔ་པ་ཆེན་པོ་དང་མཇལ་ཞིང་དྲུང་དུ་ཡུན་རིང་བཞུགས་པས་བླ་སློབ་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྒྱལ་བསྟན་དྲི་མ་མེད་པའི་སྒོ་འཕར་ལས། །སྡོམ་བརྩོན་ལང་ཚོ་རབ་ཏུ་རྒྱས་པ་གང༌། །ཉི་བུའི་མཆེ་རྣོན་ཕྲག་ལས་རིང་བརྒལ་ཏེ། །ཡུན་དུ་བདེ་བར་སྤྱོད་པར་འགྲུབ་གྱུར་ཅིག །ཅེས་ྋགོང་ས་ལྔ་པ་ཆེན་པོས་ལྗགས་རྩོམ་མཛད་ནས་གནང་བ་ྋགོང་ས་ལྔ་པའི་གསུང་པོད་ཞ་པའི་ནང་གསལ། གཙང་དུ་བྱོན་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ས་སྐྱར་ཕེབས་ཏེ་བདག་ཆེན་ངག་དབང་ཀུན་དགའ་བཟང་པོའི་དྲུང་དུ་མགོན་པོ་ཞལ་བཞི་པའི་རྗེས་གནང་ཞུས། ས་སྐྱའི་ན་རོ་བུམ་རྒྱུན་གྱི་ཚེ་ཆུ་བསྐམས་པ་བླ་མ་འདི་བ་ལ་ཞུས་པས། བླ་མས་ཆོས་སྐྱོང་ལ་འཕྲིན་བཅོལ་མཛད་པར་དགོངས་པའི་ཉིན་དེ་ཉིད་ལས་སྔར་ས་ལོ་འཇམ་པའི་རྡོ་རྗེའི་སྐབས་བཞིན་གྱུར་པས། ཀུན་གྱིས་ཡ་མཚན་དུ་བྱས་ནས་ཨ་མདོའི་གྲུབ་ཆེན་པར་གྲགས་ཤིང་ས་སྐྱའི་རྩེ་ནས་གནང་སྦྱིན་མཐའ་ཡས་པ་མཛད། དབུས་གཙང་ཕྱོགས་སུ་ཐན་པ་ཆེ་བས་ྋརྒྱལ་དབང་ལྔ་པའི་བཀའ་ལྟར་ཀླུ་སྦུག་གི་མཚོར་ ཉིན་དྲུག་རིང་བཞུགས་ནས་ཆར་བ་ཤུགས་ཆེན་ཕབ། ལོ་ཏོག་རྒྱས་པར་བྱུང་བས་དབུས་གཙང་གི་རྒྱལ་བློན་སྐྱེ་བོ་ཀུན་དད་པར་གྱུར་པས། ྋརོང་ཆེན་བསྟན་པའི་སྒྲོན་མེ་སྐུ་ཕྲེང་ན་རིམ་ལྷ་སར་ཕེབས་སྐབས་ཀྱི་བཞུགས་གནས་རོང་པོ་ཤར་རྩེར་གྲགས་པའི་གཟིམ་ཁང་དང༌། རོང་པོ་ཆོས་རྗེའི་མཚན་གནས་སོགས་གཞུང་ས་མཆོག་ནས་བདག་རྐྱེན་གཟེངས་བསྟོད་དུ་བསྩལ་པ་རྣམས་བདག་གིར་བཞེས་པ་ནས་ྋསྐྱབས་མགོན་ཀིརྟིའི་སྐུ་ཕྲེང་རིམ་བྱོན་ལ་རོང་པོ་ཆོས་རྗེ་ཀིརྟི་སྤྲུལ་སྐུ་ཞེས་པའི་མཚན་གྲགས། ཆུ་སྟག ཕྱི་ལོ་༡༦༠༢ ལོར་སྟག་ཚང་ལྷ་མོར་ཕེབས་ཏེ་བདེ་མཆོག་གི་གནས་སྒོ་ཕྱེས་ཤིང་གནས་བདག་སྟག་མོ་མ་བུ་དམ་ལ་བཏགས་ཤིང་བྲག་ལ་ཞབས་རྗེས་ཕབ་པ་སོགས་རྫུ་འཕྲུལ་དུ་མས་མ་རུངས་པའི་འདྲེ་སྲིན་རྣམས་ཆམ་ལ་ཕབ།

 

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྔོན་མཆིམས་ཕུར་ལྷ་འདྲེ་ཡོངས་ལ་རྡོ་རྗེ་ཕུར་བའི་དབང་གནང་བའི་ཚེ་ལས་ཀྱི་ཕུར་བ་དམ་ཅན་རྡོ་རྗེ་ལེགས་པས་ཕྱག་བཟོ་བྱས་པ་དེ་ཉིད་ཕ་བོང་བྱ་ཁྱུང་འདྲ་བའི་ནང་དུ་ཡོད་པ་མཁྱེན་ནས་དེ་ཉིད་གཏེར་ནས་འདོན་པར་དགོངས་པ་ན་མཁའ་འགྲོའི་ལུང་བསྟན་ལྟར་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་གནམ་ལྕགས་ཕབ་སྟེ་ཕ་བོང་ཁ་ཕྱེས་ཤིང་ཡི་དམ་ཕུར་བ་རྡོ་རྗེ་གཞོན་ནུའི་ཕུར་བ་སློབ་དཔོན་གྱིས་སྐེད་ཕུར་མཛད་པ་དེ་གཏེར་ནས་བཞེས། བཙན་ལྷ་རྒྱལ་པོས་ཀྭ་ཏོང་མཁར་དུ་གདན་ཞུས་ཀྱིས་བསྙེན་བཀུར་གྱ་ནོམ་ཐོག་གྲོང་པ་ཁྲི་ཁྱིམ་ལྷ་འབངས་ལ་ཕུལ་པས་ལུགས་གཉིས་ཀྱི་མངའ་ཐང་གོང་དུ་འཕེལ། ྋརྒྱལ་དབང་ལྔ་པ་ཆེན་པོ་རྒྱ་ཡུལ་དུ་ཕེབས་པའི་སྐབས་རྒྱ་ཡུལ་དུ་འོང་དགོས་པའི་བཀའ་ཕེབས་པ་ལྟར་བླ་མ་འདི་ཟི་ལིང་དུ་ཕེབས་ཀྱང་ྋ་གོང་ས་ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཕེབས་ནས་ཟླ་གཅིག་ལྷག་སོང་ཟིན་པས། སོག་ཡུལ་རང་དུ་བཞུགས། དེ་རྗེས་ྋགོང་ས་ལྔ་པ་ཆེན་པོ་ཡང་དེར་བྱོན་ནས་དགྱེས་པའི་གནང་སྦྱིན་རྒྱ་ཆེན་དང་འབྱུང་འགྱུར་གྱི་ལུང་བསྟན་བཅས་བསྩལ་ཏེ། ྋགོང་ས་མཆོག་ཡར་ཕེབས་ཤིང་བླ་མ་རང་ཡུལ་དུ་ཕེབས། འདིའི་སྐབས་སོགས་སུ་རྫུ་འཕྲུལ་ལ་དབང་བསྒྱུར་བའི་གྲུབ་རྟགས་བསྟན་པ་བསམ་གྱིས་མི་ཁྱབ། དཔོན་སློབ་རྣམས་རི་བོ་རྩེ་ལྔར་བྱོན་ཏེ་གྲུབ་རྟགས་དང་མངོན་མཁྱེན་མཐའ་ཡས་པ་མཛད་པ་རྒྱའི་གོང་མ་ཏཱ་མིང་རྒྱལ་པོས་གསན་ནས་ཕོ་བྲང་དུ་གདན་དྲངས་ཏེ། ཕྱི་ནང་གི་མངོན་མཁྱེན་གྲུབ་རྟགས་སོགས་ལ་ཐོགས་པ་མེད་པས། བླ་མ་ཐུགས་རྗེ་ཆེན་པོ་འགྲན་མེད་སེངྒེ་ཞེས་པ་ཀྱེན་ཐའི་ཙིན་ཙེ་གེའུ་ཏང་སེའི་ལུང་དང་ནོར་བུས་སྤྲས་པའི་ཐམ་ག་བཅས་ཕུལ། སླར་ཡང་དབུས་དང་མཚོ་སྔོན་དུ་ྋརྒྱལ་དབང་ལྔ་པར་མཇལ་ཞིང་ཟབ་ཆོས་མང་པོ་གསན།

 

                  མཐར་རབ་བྱུང་བཅུ་གཅིག་པ་ཆུ་ལུག དགུང་ལོ་བརྒྱད་ཅུ་བཞེས་པ། ཕྱི་ལོ་༡༦༤༣ ལོར་སྐུའི་བཀོད་པ་བསྡུས་ཏེ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ། དབུ་ཐོད་ལ་དེ་བཞིན་གཤེགས་པ་རིགས་ལྔ་དང༌། ཐུགས་རྗེ་ཆེན་པོའི་སྐུ་འབུར་དུ་དོད་པ། ཡིག་འབྲུ་དང་ལྷ་སྐུ་རང་བྱུང་རྣམས་སྔར་གྱི་ཞལ་ཆེམས་བཞིན། དབུས་སུ་གདན་དྲངས་ནས་ྋགོང་ས་ལྔ་པ་ཆེན་པོའི་སྐུ་དྲུང་དུ་ཕུལ་པས། ྋརྒྱལ་དབང་ཉིད་ཀྱིས་ཞལ་བཀོད་ལྟར་དངུལ་གྱི་སྐུ་གདུང་བཞེངས་ཏེ་བང་རིམ་གྱི་ངོས་ལ་རྒྱལ་དབང་ཉིད་ཀྱི་བཀའ་རྩོམ་འགོད་པར་མཛད་ནས་སླར་རང་ཡུལ་དུ་གདན་དྲངས། ༼འདི་པའི་འཁྲུངས་འདས་སོགས་ཀྱི་ལོ་ཚིགས་ལ་འགལ་ཟླ་རེ་སྣང་ཡང་དེ་དག་ལ་དོགས་དཔྱོད་མ་བྱས་པར་རྣམ་ཐར་དཔག་བསམ་ལྗོན་པ་གཞིར་བཞག་བགྱིས་ཏེ་སྤེལ།༽

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.