5༄༅།། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ནི། རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག ཕྱི་ལོ་༡༧༡༢ ལོར་རྔ་པའི་རྡོ་སྟོད་ཀྱི་ཡུལ་དུ་འཇའ་ཚོན་གྱི་གུར་ཁྱིམ་དང་མེ་ཏོག་གི་ཆར་འབབ་པ་སོགས་བསམ་གྱིས་མི་ཁྱབ་པའི་རྟགས་མང་པོ་དང་བཅས་ཡབ་ཚེ་རིང་དང་ཡུམ་སྐྱིད་མོ་ཡག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་སྤྱོད་ལམ་རྣམ་གསུམ་དམན་པའི་སྐྱེ་བོ་ལས་ཁྱད་དུ་འཕགས་ཤིང༌། གསུང་སྒོ་ཕྱེས་ཙམ་ནས་རང་ཉིད་བསྟན་པ་རབ་རྒྱས་ཀྱི་སྐྱེ་སྤྲུལ་ཡིན་པར་གསུངས། སྔོན་གྱི་བག་ཆགས་སད་པའི་མཐུས། དམ་པའི་ཆོས་ཀྱི་ཚིག་དོན་ལ་ཡང་བསམ་པ་ཙམ་གྱིས་ཚེགས་མེད་པར་རྟོགས་ཐུབ་པ་སོགས་རྨད་དུ་བྱུང་བའི་ཡོན་ཏན་དུ་མ་དང་ལྡན་པའི་གཏམ་རིམ་པས་ཀིརྟིའི་ཕྱོགས་ནས་ཐོས་པས། སྐུ་དབོན་རབ་འབྱམས་འཇམ་དབྱངས་དོན་ཡོན་རྒྱ་མཚོ་དང༌། གཉེར་པ་འཇམ་དབྱངས་རྒྱ་མཚོ་སོགས་ཀྱིས་སྐུ་གོང་མའི་ཕྱག་ཕྲེང་དང་རྡོར་དྲིལ་སོགས་སྤྱན་བསྟར་ཕུལ་པ་རྣམས་འཁྲུལ་མེད་དུ་ངོས་འཛིན་གནང་ཞིང༌།

 

ཁྱད་པར་པཎ་ཆེན་བློ་བཟང་ཡེ་ཤེས་དང་ལ་མོ་ཆོས་སྐྱོང་གཉིས་ཀྱིས་ཀྱང་ལུང་བསྟན་གནང་བར་བརྟེན། སྐུ་གོང་མའི་ཡང་སྲིད་དུ་ངེས་རྙེད་ཐག་གཅོད་མཛད་དེ། མེ་སྤྲེལ། ཕྱི་ལོ་༡༧༡༦ ལོར་ཀིརྟི་སྐུ་ཕྲེང་དང་པོ་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་གྱིས་ཕྱག་བཏབ་པའི་ཚ་ཁོའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་གི་མི་འཇིགས་གདོང་ལྔའི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད།

 

                མཁས་བཙུན་གྱི་ལུང་གིས་མངོན་པར་མཐོ་བའི་དགེ་སློང་ཡེ་ཤེས་ཀྱིས་ཡི་གེ་འབྲི་ཀློག་ནས་དབུ་ཚུགས་ཤིང༌། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་ཁང་སར་བླ་མ་ལས་བསྟན་པའི་འཇུག་སྒོ་ཚངས་སྤྱོད་དགེ་བསྙེན་ནས་བར་མ་རབ་བྱུང་གི་བར་བསླབ་སྡོམ་མནོས་ཏེ་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་པའི་མཚན་གསོལ། སྐུ་གཞོན་ནུའི་དུས་ནས་སྐྱེས་སྟོབས་ཀྱི་ཤེས་རབ་བླ་ན་མཐོ་བས་དགུང་ལོ་དྲུག་ཙམ་ནས་སྒྲ་རྩིས་སྙན་ངག་དང༌། མངོན་བརྗོད། སྡེབ་སྦྱོར། ཟློས་གར་སོགས་ཐུན་མོང་རིག་གནས་ཀུན་ལ་མཁས་པར་གྱུར། དགུང་ལོ་བདུན་བཞེས་སྐབས་མཁས་པ་དགྱེས་པའི་མཆོད་སྤྲིན་ཞེས་པའི་ལམ་རིམ་ཞིག་ལྗགས་རྩོམ་མཛད། བློ་བཟང་འཕྲིན་ལས་སོགས་མདོ་སྔགས་རབ་འབྱམས་སྨྲ་བའི་མཁས་པ་དུ་མ་རིགས་ཀྱི་ཅོད་པན་དུ་བསྟེན། མངོན་ཤེས་དང་གྲུབ་རྟགས་ལ་ཐོགས་པ་མེད་ཅིང་འཆད་རྩོད་རྩོམ་གསུམ་ལ་སྐྱེ་བ་མང་པོར་གོམས་པའི་དམ་པའི་རང་རྟགས་བདག་གིར་བཞེས་པས། ཆེ་དགུ་ཀུན་གྱིས་འདི་ཕྱིའི་སྐྱབས་སུ་བསྟེན། ཚ་ཁོའི་རྒྱལ་ཁག་གསུམ་གྱིས་གཙོས་རྡོ་བ་སྟོད་སྨད། མགོ་ལོག འཛམ་ཐང༌། འཛིར་ཁ། ས་བར། མཁར་སར། རྔ་པ། ར་མདོ། དབལ་ཤུལ་ཕན་ཚུན་སོགས་སྟོད་སྨད་ཀུན་ནས་བླ་དཔོན་རྣམས་ཀྱིས་འཚམས་ཞུའི་འབུལ་བ་གསེར་དངུལ་གོས་དར་སོགས་ཀྱིས་བསྙེན་བཀུར་རྒྱ་ཆེན་མཛད། ལྷག་པར་ཟུང་ཕན་རྒྱལ་པོ་དང༌། རྨེའུ་རྒྱལ་འབངས་ཀྱིས་མཆོད་གནས་སུ་བཀུར། ཟུང་ཕན་རྒྱལ་པོས་དབལ་ཤུལ་ཤོག་ཁག་བཅུ་གཉིས་དང༌། མཛོད་དགེ་ཤོག་ཁག་བཅུ་གཉིས་ཀྱི་དབུ་བླར་བཀུར་བས་མཚོན་ཆོས་སྲིད་ཀྱི་མངའ་ཐང་བླ་མེད་དུ་འཕེལ།

 

མེ་ལུག ཕྱི་ལོ་༡༧༢༧ ལོར་རྨེའུ་དཔོན་པོ་ཚེ་དབང་སྐྱབས་དང་བདག་མོ་ཨ་འབོས་བཟའ་སོགས་ཀྱིས་གདན་ཞུས་ལྟར་རྔ་པའི་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ་ཁྱིམ་གྱི་སྲུང་མར་ཚངས་པ་དང་རིའི་གཞི་བདག་ཏུ་དར་འཛོམས་སྟག་རིའི་དགྲ་འདུལ་བཀོད་ཅིང་ཡུལ་དེའི་སྐྱེ་འགྲོ་མང་པོར་དམ་ཆོས་བདུད་རྩིས་ཚིམས་པར་མཛད། ལུང་རིགས་རྒྱ་མཚོའི་གཏེར་མཛོད་གཉན་རྩེ་རིན་པོ་ཆེ་ངག་དབང་ཆོས་འཕེལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་བདེ་གསང་འཇིགས་གསུམ་གྱི་དབང་ལུང་ཁྲིད་སོགས་མང་དུ་ཞུས། འདི་དག་གི་སྐབས་སོ་སོར་སྙན་ངག་གི་ལམ་ནས་དྲངས་པའི་གུར་མགོན་འཁོར་བཅས་ཀྱི་བསྟོད་པ་སོགས་སྙན་རྩོམ་མང་པོ་གནང༌།

 

                ས་སྤྲེལ། ཕྱི་ལོ་༡༧༢༨ ལོར་མཛོད་དགེའི་ཕྱོགས་སུ་ཞབས་སོར་བཀོད་དེ་ཉམ་ཐག་སྐྱེ་འགྲོ་ཡོངས་ལ་ཆོས་ཀྱི་གནང་སྦྱིན་རྒྱ་ཆེན་བསྩལ་བས་ཡུལ་ཁམས་ཀུན་ཏུ་སྔར་མེད་བདེ་སྐྱིད་ཀྱི་སྣང་བ་རྒྱས་ཤིང༌། ཡུལ་དེའི་ལྷ་འདྲེ་མཐུ་བོ་ཆེ་ཀུན་ལ་རྡོ་རྗེའི་རྒྱ་ལས་མི་འདའ་བའི་བཀའ་བསྒོས། ཆུ་གླང༌། ཕྱི་ལོ་༡༧༣༣ ལོར་རྒྱལ་བ་སྲས་བཅས་ཀྱིས་ལུང་གིས་ཟིན་པ། མ་དང་མཁའ་འགྲོ་འདུ་བའི་གནས་མཆོག་སྟག་ཚང་དཔལ་གྱི་ལྷ་མོའི་གནས་ཀྱི་ཉེ་འདབས་སུ་ཞབས་སོར་བཀོད་སྐབས་ཐཱ་ལ་སྤྲུལ་སྐུ་ངག་དབང་དཔལ་བཟང་གིས་གཙོས་ཡུལ་དེའི་རི་ཁྲོད་འཛིན་པའི་འདུས་སྡེ་ཡོངས་ནས་མཇལ་དར་སྟོན་མོ་སོགས་གང་རྒྱས་ཕུལ། བླ་མ་མཆོད་པའི་ལུང་དང་མགོན་ཆོས་ལྷ་མོ་སོགས་ཀྱི་རྗེས་གནང་བཅས་ཆོས་ཀྱི་གནང་སྦྱིན་རྒྱ་ཆེན་མཛད་དེ་གདུལ་བྱ་རྣམས་དགའ་བདེའི་དཔལ་ལ་བཀོད་ཅིང་ཡུལ་དེའི་གནས་ཡིག་ཤེལ་དཀར་མེ་ལོང་ཞེས་པ་སྐབས་དེར་ལྗགས་རྩོམ་གནང༌། ཀླུ་ཤོད་ཀྱིས་གཙོས་དེ་ཕྱོགས་ཀྱི་དགོན་གྲོང་སོ་སོས་གདན་ཞུས་ལྟར་སྟོད་སྨད་བར་གསུམ་དུ་ཕེབས་ཏེ་ཆོས་ནོར་གྱི་གནང་སྦྱིན་སྦོམ་པོས་ཚིམ་པར་མཛད།

 

                དགུང་ལོ་ཉེར་གསུམ་བཞེས་པ། ཤིང་སྟག ཕྱི་ལོ་༡༧༣༤ ལོར་ལྷ་ལྡན་ཆོས་ཀྱི་ཞིང་དུ་ཕེབས་ཏེ། ྋརྒྱལ་དབང་ཐམས་ཅད་མཁྱེན་པ་མགར་ཐར་དུ་ཕེབས་པའི་རྒྱལ་ཚབ་ཏུ་སྤྲུལ་པའི་སྐུ་རིན་པོ་ཆེ་འཇིགས་མེད་ཡེ་ཤེས་གྲགས་པ་བཞུགས་པའི་དྲུང་དུ་མཇལ་ཞིང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གསེར་དངུལ་གོས་དར་སོགས་འབུལ་བ་རྒྱ་ཆེན་ཕུལ་པའི་ལན་དུ་ཇོ་བོ་རིན་པོ་ཆེའི་སྐུ་རྒྱབ་ཡོལ་ཕྲ་རྒྱན་དང་ལྡན་པ། རྒྱལ་བའི་བཀའ་འགྱུར་སོགས་གནང་སྦྱིན་བསྩལ། གཞུང་ས་དགའ་ལྡན་ཕོ་བྲང་ནས་བཀུར་གཟོས་གཟེངས་བསྟོད་རྒྱ་ཆེན་གནང༌། གྲུབ་དབང་སེམས་དཔའ་གྲགས་པ་རྒྱལ་མཚན་སོགས་ཀྱི་མདུན་ནས་བཀའ་ཆོས་མང་པོ་གསན། ཀུན་གཟིགས་པཎ་ཆེན་བློ་བཟང་ཡེ་ཤེས་དགུང་ལོ་བདུན་ཅུ་དོན་གཉིས་ལ་ཕེབས་ཏེ་ཞལ་མཇལ་ཙམ་ཡང་དཀའ་བའི་ཚོད་དུ་ཡོད་ཀྱང་ནག་ཚོ་ལོ་ཙཱ་པ་བོད་ལ་བཀའ་དྲིན་ཆེ་ཞིང་ཁོང་གི་སྤྲུལ་པའི་སྐུ་ཡང་གཞན་དང་མི་འདྲ་བས་དམིགས་བསལ་ཡིན་གསུངས་ནས་ནང་མཇལ་དང་ལུགས་གཉིས་ཀྱི་བསླབ་སྟོན་ཆོས་འབྲེལ་བཅས་གནང༌། སེ་འབྲས་དགེ་གསུམ་དང༌། རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ་སོགས་དབུས་གཙང་ཕྱོགས་ཀྱི་ཆོས་སྡེ་ཆེ་ཕྲ་ཀུན་ལ་བསྙེན་བཀུན་རྒྱ་ཆེན་མཛད། ལ་མོ་དང་གནས་ཆུང་དགའ་གདོང་གསུམ་ལ་སྤྱན་གཟིགས་ཚོགས་འཁོར་བཅས་ཕུལ་ཏེ་སྐུ་ཕེབས་མཛད་པར་ཐམས་ཅད་ཀྱིས་ལས་བཞིའི་གྲོགས་དན་བགྱིད་པའི་དམ་བཅའ་ཕུལ་པར་མ་ཟད། ཕྱག་རྟགས་མེ་ལོང་དང་བཙན་མདུང་སོགས་ཀྱི་བདག་རྐྱེན་མཛད་པ་སོགས་དབུས་གཙང་ཕྱོགས་ཀྱི་ལུགས་གཉིས་ཀྱི་མཛད་འཕྲིན་མཐའ་དག་གྲུབ་པར་མཛད་དེ་རང་གི་སྐྱོང་ཡུལ་གདན་ས་ཚ་ཁོའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་དུ་ཞབས་སོར་བཀོད།

                མེ་འབྲུག ཕྱི་ལོ་༡༧༣༦ ལོར་མདོ་སྨད་བྱང་རྒྱུད་ཀྱི་མཛོད་དགེ ཆོས་འཁོར། རྫིས་ཚང༌། ཨ་མཆོག་གིས་གཙོས་ཆོས་རྫོང་གི་བར་དང༌། མཚོ་སྔོན་རྐང་ཚ་དང་ཁ་གྱ་སོགས་སུ་ཕེབས།

 

                ལྕགས་སྤྲེལ། ཕྱི་ལོ་༡༧༤༠ ལོར་མཛོད་དགེ་སྟོད་དང་གྲོ་ཚང་དགོན། ཨ་སྐྱིད། དཔལ་སྐྱིད། ཝན་ཡུ། སྐྱ་བ་དབལ་དགེ དམུ་དགེ་དགོན་སོགས་ཀྱིས་གདན་ཞུས་ལྟར་ཆིབས་བསྒྱུར་གྱིས་འདོད་ཆོས་སོགས་བསྩལ།

 

                ལྕགས་བྱ། ཕྱི་ལོ་༡༧༤༡ ལོར་མཛོད་དགེ་ཕྱོགས་ཀྱི་བླ་དཔོན་ཆེ་དྲག་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕེབས་ཏེ་རིམ་གྱིས་ལུང་བཟང་རི་ཁྲོད་དང་དབྱིས་པ་སྟོད་སྨད། གཟའ་རུ་དང་ཚོང་རུ། བཞག་སྡོམ་སོགས་ཀྱི་དགོན་གྲོང་མང་པོར་ཞབས་སོར་བཀོད་དེ་སོ་སོར་དབང་ལུང་མན་ངག་གི་ཆོས་སྦྱིན་རྒྱ་ཆེན་བསྩལ། རབ་བྱུང་བཅུ་གཉིས་པའི་ཆུ་ཕག་ལོའི་སྟོན་དུས། ཕྱི་ལོ་༡༧༤༣ ལོར་སྐུ་འཁོར་རྒྱ་ཆེན་དང་བཅས་ཁམས་སྡེ་དགེའི་ཕྱོགས་སུ་ཕེབས་པར་སྡེ་དགེའི་རྒྱལ་པོའི་གཉེར་ཆེན་བསོད་ནམས་བཀྲ་ཤིས་ཀྱིས་ཕེབས་བསུ་རྒྱ་ཆེན་དང་བཅས་དཔོན་ཆེན་བསྟན་པ་ཚེ་རིང་དང་མཇལ་འཕྲད་མཛད་ཅིང་རྒྱལ་པོས་བཀའ་འགྱུར་དང་བསྟན་འགྱུར། གཞན་དངོས་འབུལ་རྒྱ་ཆེན་བཏེགས་ཏེ་མཆོད་ཡོན་དུ་གྱུར།

 

                མཁྱེན་བརྩེའི་དབང་ཕྱུག་ངོར་པ་མཁན་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་ས་སྐྱའི་གསེར་ཆོས་བཅུ་གསུམ་སོགས་ཆོས་བཀའ་མཐའ་ཡས་པ་གསན། ས་འབྲུག ཕྱི་ལོ་༡༧༤༨ ལོར་སྟག་ཚང་ལྷ་མོར་སྒར་ཕབ་ནས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཁང་དང་གཟིམ་ཆུང་སོགས་བཞེངས་མགོ་ཚུགས། ཁྲི་ཆེན་རྒྱལ་མཚན་སེངྒེ་དང་ཞལ་འཛོམས་གནང་སྟེ་ཕན་ཚུན་གུས་བཀུར་དང་གཟེངས་བསྟོད་བཅས་བསྟན་འགྲོའི་ཁུར་ཆེན་འདེགས་དགོས་པའི་བཀའ་མོལ་ལྷུག་པོ་གནང༌། ཀུན་མཁྱེན་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོ་ཆུ་ཚན་ཁ་ནས་མཛོད་དགེར་ཕེབས་ལམ་ནས་གནས་འདིར་གདན་དྲངས་ཏེ་རྣམ་གཉིས་ཞལ་འཛོམས་ཀྱིས་བསྟན་འགྲོའི་བདེ་དོན་ལ་བཀའ་བགྲོས་གང་རྒྱས་མཛད། ཆུ་སྤྲེལ། ཕྱི་ལོ་༡༧༥༢ ལོར་གྲོ་ཚང་པཎ་ཌི་ཏས་བྱམས་སྐུ་བཞེངས་གྲུབ་པར་རབ་གནས་སུ་གདན་དྲངས་པ་ལྟར་ཕེབས།

 

                ཤིང་ཁྱི། ཕྱི་ལོ་༡༧༥༤ ལོར་སྔར་མཁན་ཆེན་ཕྱག་རྡོར་པས། དབང་གི་ཟླ་གམ་ལུང་པ་ནས། །ཆོས་སྡེ་ཆེན་པོ་འབྱུང་འགྱུར་གྱི། །ཞུམ་པ་མ་བྱེད་སྤྲོ་བ་སྐྱེད། །འགྲོ་དོན་རྒྱ་ཆེན་དེ་ན་ཡོད། །ཅེས་ལུང་གིས་བསྔགས་པ་བཞིན་བཤད་སྒྲུབ་བསྟན་པའི་འབྱུང་གནས་སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ཞེས་པའི་ཆོས་སྡེ་ཆེན་པོ་འདིའི་གྲྭ་ཚང་གི་ཐོག་མ་གསང་སྔགས་རྒྱུད་པ་གྲྭ་ཚང་གསར་འཛུགས་ཀྱི་རྨང་བཏིང༌། མེ་གླང༌། ཕྱི་ལོ་༡༧༥༧ ལོར་རྒྱུད་པའི་འདུ་ཁང་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ་སྟེ། སྐུ་འབུམ་བྱམས་པ་གླིང་དང་ཅོ་ནེ་དགོན་སོགས་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་སྲོལ་གྲ་མ་ཉམས་པར་འཛིན་པའི་བླ་མ་དང་དབུ་མཛད་དགེ་བསྐོས་ཆེད་བསྐོས་ཀྱིས་གསང་སྔགས་རྒྱུད་པ་གྲྭ་ཚང་གི་བཤད་སྡེ་འཕེལ་རྒྱས་སུ་གནང༌། ཆུ་ལུག ཕྱི་ལོ་༡༧༦༣ ལོར་བསེའི་ཁྲི་རྒན་གྱི་སྤྲུལ་སྐུ་འཇམ་དབྱངས་བཀྲ་ཤིས་མཆོག་དང་མཇལ་འཕྲད་ཀྱིས་གསུང་གླེང་ཟབ་རྒྱས་གནང༌། ཤིང་སྤྲེལ། ཕྱི་ལོ་༡༧༦༤ ལོར་སླར་ཡང་སྐུ་འབུམ་བྱམས་པ་གླིང་སོགས་བྱང་གི་དགོན་ཆེན་སོ་སོར་ཆིབས་ཞལ་བསྒྱུར་སྐབས་ཕེབས་བསུ་ཟབ་རྒྱས་ཞུས་ཤིང་དེར་འཁོད་སེར་སྐྱ་ཡོངས་ལ་བཀའ་ཆོས་ཀྱི་གནང་སྦྱིན་གང་འདོད་བསྩལ། ལྕང་སྐྱ་རོལ་པའི་རྡོ་རྗེ་དང༌། ཀུན་མཁྱེན་འཇིགས་མེད་དབང་པོ། ཨེརྟི་ནི་པཎྜིཏ་ནོ་མི་ཧན། ཆུ་བཟང་ནོ་མི་ཧན། རོང་པོ་ནོ་མིན་ཧན། གཡེར་ཤོང་སྤྲུལ་བའི་སྐུ་དགེ་འདུན་ཟླ་གྲགས་རྣམས་དང་ཕན་ཚུན་ལན་མང་མཇལ་འཕྲད་ཀྱིས་བསྟན་འགྲོའི་བདེ་རྩ་ལ་ཅི་དགེའི་ནང་མོལ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས། མེ་ཁྱི། ཕྱི་ལོ་༡༧༦༦ ལོར་ཚ་ཁོའི་དཔོན་པོ་ངག་དབང་གྲགས་པས་ཕྱག་བཏབ་པའི་ད་ཚང་ལྷུན་འགྲུབ་གླིང་གི་ཁྲིར་ཕེབས། དགོན་པའི་བླ་སྤྱི་དང་ཅོག་ཙེ་རྒྱལ་བློན་རྣམས་ཀྱི་ཁྲི་སྟོན་གང་རྒྱས་ཞུས། འཇིགས་བྱེད་ཀྱི་དབང་སོགས་བཀའ་ཆོས་ཟབ་རྒྱས་དང་འདུ་ཁང་གསར་བཞེངས་ཀྱི་ཆ་རྐྱེན་སོགས་གནང་སྦྱིན་རླབས་ཆེན་བསྩལ།  ས་བྱི། ཕྱི་ལོ་༡༧༦༨ ལོར་ཨ་མཆོག་ཕྱོགས་སུ་གདན་ཞུས་ལྟར་ཕེབས་ཏེ་རིམ་གྱིས་འབོ་ར་དང༌། ཁྲོམ་ཐོག བོག་ཚ། ལོ་བ། ཀྱི་ལོང༌། རྔོག རེབ་ཚ། གཙོས། མཛོད་དགེ། ཁ་གྱ། སྒང་ཚ། ཧོར་ཚང༌། གནམ་ལ། གཏེར་ལུང་སོགས་ནས་ཇི་ལྟར་གདན་ཞུས་མཛད་པ་བཞིན་གང་ལ་གང་འདོད་ལྟར་ཆོས་སྲིད་ཀྱི་འཕྲིན་ལས་ཡར་ལྡན་དུ་བགྱིས། རྒྱུ་ནོར་གྱི་གནང་སྦྱིན་ཚད་མེད་མཛད། ས་གླང༌། ཕྱི་ལོ་༡༧༦༩ ལོར་ལོ་མང་རིང་འབུལ་དངོས་གང་བྱུང་རེབ་སྐོང་གི་སྒྲུབ་སྡེ་རྣམས་དང༌། བཀྲ་ཤིས་འཁྱིལ། གཏེར་ལུང༌། ཨ་ཁྱུང༌། ཁ་གྱ། མཛོད་དགེ། རྐང་ཚ། ཆོས་རྫོང༌། གཙོས་སྒར། ཙམ་དར་སྒང༌། ཙ་ཡུ། ཨ་མཆོག་སྒར་གསར། བོར་ཆུང་སྟེང༌། ཇ་རྒྱའི་ཐང༌། ཁྱ་དགེ། གཡེར་བ། ཚ་རྡོར། ཅོ་ནེ། དམར་ཉུང་སོགས་ཕན་ཚུན་གྱི་དགོན་པ་ཆེ་ཕྲ་མཐའ་དག་ལ་འགྱེད་ཕོགས་དང་སྐུ་གསུང་ཐུགས་རྟེན་བསླུ་ཡོན། སྤྱི་འཇོག་བཅས་ཀྱིས་ཚིམ་པར་མཛད་ཅིང༌། རྒྱ་བོད་ཀྱི་སློང་མོ་པ་རྣམས་ལའང་གནང་སྦྱིན་སྦམ་མཐོ་བ་བསྩལ། ཁོང་གི་དངོས་སློབ་ཧོར་སྤྲུལ་སྐུ་འཇམ་དབྱངས་མཁས་གྲུབ་མཆོག་སྟག་ཚང་ལྷ་མོའི་རྒྱུད་པ་གྲྭ་ཚང་གི་ཁྲི་བར་བསྐོས་པ་སོགས་ྋསྐྱབས་མགོན་མཆོག་གི་ཐུགས་རྗེས་གྲྭ་ཚང་འདིའི་འཕེལ་རྒྱས་ཆེར་བྱུང་བ་སོགས་མཐའ་འཁོབ་མུན་པའི་གླིང་དུ་རྗེ་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི་བསྟན་པའི་སྒྲོན་མེ་མདོ་སྨད་ལྷོ་རྒྱུད་ཀྱི་ཞིང་དུ་སྦར་བར་མཛད། མཐར་དགུང་ལོ་དྲུག་ཅུ་བཞེས་པ། བོད་ལོ། རབ་བྱུང་བཅུ་གསུམ་པའི་ལྕགས་ཡོས་ཧོར་ཟླ་༡ ཚེས་༨ ཕྱི་ལོ་༡༧༧༡ ལོར་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། གསུང་འབུམ་པོད་གསུམ་ལྷག་ཡོད་པར་གྲགས་ཀྱང་དེང་འགའ་ཤས་ལས་དུས་འགྱུར་སྐབས་སྲེག་ཟའི་ཞལ་དུ་ཐིམ་པར་གྱུར། ཁོང་གི་སྐུ་དམར་གདུང་སྟག་ཚང་དཔལ་གྱི་ལྷ་མོར་དེང་དུས་སུ་ཡང་བསྟན་འགྲོའི་དཔལ་མགོན་དམ་པར་བཞུགས་པའོ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.