. . . .

7༄༅།། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་བདུན་པ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ་མཆོག་ནི། སྟག་ཚང་ལྷ་མོའི་ཉེ་འདབས་ཚ་ཁོག་ཅེས་པར་ཡབ་བཟོད་པ་དང༌། ཡུམ་སྐུ་གོང་མའི་སྐུ་སྲིང་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ། ཕྱི་ལོ་༡༧༩༧ ལོར་སྐུ་བལྟམས། ཆུ་ཁྱི། ཕྱི་ལོ་༡༨༠༢ ལོར་འདུལ་བ་འཛིན་པ་གཡེར་གཤོང་སྤྲུལ་སྐུ་དགེ་འདུན་ཟླ་གྲགས་རིན་པོ་ཆེའི་ཞལ་སྔ་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་ཀུན་དགའ་ཆོས་འཕགས་ཞེས་མཚན་གསོལ། ཆུ་ཕག ཕྱི་ལོ་༡༨༠༣ ལོར་མཁས་གྲུབ་ཆེན་པོ་གཡེར་ཤོང་ཚང་གི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་སྔ་མའི་སྟེང་དུ་ཐུབ་བསྟན་ཉི་མ་ཞེས་གསོལ། གུང་ཐང་བསྟན་པའི་སྒྲོན་མེས་ྋསྐྱབས་མགོན་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་བྱ་འོས་པའི་བཀའ་ལུང་ཕེབས་ཁར། གདན་ས་སྟག་ཚང་ལྷ་མོ་ནས་གལ་བོ་ཆེ་ལ་ནན་ཏན་གྱིས་སྐུ་གོང་མ་རྣམས་ཀྱི་ཕྱག་ཕྲེང་དང་རྡོར་དྲིལ་སོགས་སྤྱན་ལམ་དུ་བསྟར་བ་ཇི་བཞིན་འཛོལ་མེད་ངོས་འཛིན་གནང་བ་བཅས་ཀྱིས་སྐུ་གོང་མའི་ཡང་སྤྲུལ་འཁྲུལ་མེད་དུ་ཐག་ཆོད་ངེས་རྙེད་བྱུང་སྟེ།

 

ཤིང་བྱི། ཕྱི་ལོ་༡༨༠༤ ལོར་གདན་ས་སྟག་ཚང་ལྷ་མོ་གསང་ཆེན་རིག་པ་འཛིན་པའི་འདུས་སྡེ་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོའི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད། རྒྱུད་པའི་བླ་མ་དབུ་མཛད་རྗེ་བློ་བཟང་བསྟན་པ་མཆོག་ཡོངས་འཛིན་དུ་བསྟེན་ཏེ་ཀློག་སློབ་པ་ནས་རིམ་བཞིན་ཆོས་སྤྱོད་དང་ཆོ་ག་སོགས་ངག་འདོན་གྱི་རིམ་པ་ཐུགས་འཛིན་མཛད། སྐུ་གཞོན་ནུའི་དུས་ནས་མ་འོངས་མངོན་མཁྱེན་གྱི་ལུང་བསྟན་ལ་ཆགས་ཐོགས་བྲལ་བས། ནང་ཉམས་རྟོགས་ཀྱི་རིམ་པ་ཤིན་ཏུ་མཐོ་བའི་གྲགས་པ་ཀུན་ལ་ཁྱབ། ཤིང་གླང༌། ཕྱི་ལོ་༡༨༠༥ ལོར་ྋསྐྱབས་མཆོག་སྐུ་ཕྲེང་དང་པོ་དགེ་འདུན་རྒྱལ་མཚན་ནས་ཉེ་བར་བཟུང་སྟེ་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ་དཔལ་འགྱུར་མེད་ཀཱ་ལ་རི་དགོན་བཀྲ་ཤིས་ལྷུན་གྲུབ་གླིང་དུ་༼དེང་སང་ཚ་ཁོའི་མ་དགོན་ནམ་ཀིརྟིའི་རོང་དགོན་དུ་གྲགས།༽ ཕེབས་ཏེ་གང་ལ་གང་འདུལ་གྱིས་ཆོས་སྲིད་ཀྱི་མཛད་པ་རྒྱ་ཆེན་བསྐྱངས། མཁས་གྲུབ་བྱེ་བའི་གཙུག་རྒྱན་གུང་ཐང་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་མདུན་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་སོགས་གསན་ཏེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རྒྱ་མཚོ་ལ་འཇུག་པའི་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་འབྱེད་པར་མཛད།

 

                ས་འབྲུག ཕྱི་ལོ་༡༨༠༨ ལོར་ཟབ་རྒྱས་ཀྱི་ཆོས་བཀའ་གསན་ཕྱིར་དུ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞབས་སོར་བཀོད་དེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་དང་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས་དབང་ལུང་ཁྲིད་གསུམ་སོགས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། ས་སྦྲུལ། ཕྱི་ལོ་༡༨༠༩ ལོར་མ་དགོན་ཀཱ་ལ་རིའི་རི་ཁྲོད་དུ་ཕེབས་ཏེ་དཔལ་རྟ་མཆོག་རོལ་བ་གསང་སྒྲུབ་ཀྱི་བསྙེན་སྒྲུབ་གནང༌། ལྕགས་ལུག ཕྱི་ལོ་༡༨༡༡ ལོར་གཟའ་རུ་དང་ཚོང་རུས་མཚོན་ཐེ་བོ་ཕྱོགས་ནས་གདན་ཞུས་ལྟར་ཕེབས་ཏེ་འདོད་ཆོས་ཀྱིས་དད་འདུས་ཚིམ་པར་མཛད། ཆུ་བྱ། ཕྱི་ལོ་༡༨༡༣ ལོར་ཆོ་འཕྲུལ་སྨོན་ལམ་སྐབས་གདན་ས་སྟག་ཚང་ལྷ་མོའི་བླ་གྲྭ་འདུས་མང་ཡོངས་ལ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང༌། ལམ་རིམ་གསོལ་འདེབས། འདུལ་བ་རྒྱ་མཚོ་སྙིང་པོ་བཅས་ཀྱི་ལྗགས་ལུང་བསྩལ། ཡོངས་འཛིན་ཚང་ནས་སྒྲུབ་རོགས་ཀྱིས་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་ཆོས་རྒྱལ་སོགས་ཡི་དམ་དུ་མའི་བསྙེན་སྒྲུབ་བསྐྱངས་སྐབས་དམ་ཅན་ཆོས་རྒྱལ་གྱིས་ལྷ་རྫས་དྲི་མེད་སྲིད་དུ་རིང་བ་རྗེ་ཉིད་ལ་ཕུལ་པའི་སྣང་བ་སོགས་དངོས་གྲུབ་འགྲུབ་པའི་རྟགས་ཡ་མཚན་མང་དུ་བྱུང༌།

 

                མེ་བྱི། ཕྱི་ལོ་༡༨༡༦ ལོར་གདན་ས་སྟག་ཚང་ལྷ་མོ་ནས་བླ་མ་ལས་སྣེས་གཙོས་དད་འདུས་སེར་སྐྱ་ཡོངས་ཀྱིས་ཕེབས་སྐྱེལ་གང་རྒྱས་སྒོས་དབུས་གཙང་ཆོས་ཀྱི་ཞིང་དུ་ཕེབས་པ་ན་འབྲས་སྤུངས་སྤྱི་སོ་དང༌། བློ་གླིང་གྲྭ་ཚང༌།  ཁམས་ཚན་སོ་སོ་བཅས་ནས་རྟ་བསུ་ཐབ་བསུ་བཅས་བཀུར་གཟོས་རྒྱ་ཆེན་པོ་དང་བཅས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་རོང་པོ་ཤར་རྩེར་བཞུགས། དེར་ཇོ་ཤཱཀ་རྣམ་གཉིས་ཀྱིས་མཚོན་ལྷ་རྟེན་ཁག་ལ་མཆོད་འབུལ་དང༌། སེ་འབྲས་བླ་གྲྭ་འདུས་མང་སོ་སོ་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་འདུན་པ་ཁྲི་ཕྲག་བརྒལ་པར་མང་ཇ་ཉིན་འཁྱོངས་སོགས་བསྙེན་བཀུར་རྒྱ་ཆེན་ཕུལ། དགའ་ལྡན་ཁྲི་པ་བྱང་ཆུབ་ཆོས་འཕེལ་དང༌། རྒྱལ་ཚབ་དེ་མོ་ནོ་མི་ཧན་བློ་བཟང་ཐུབ་བསྟན་འཇིགས་མེད། ཀུན་གཟིགས་པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་སོགས་བོད་ཁ་བ་གངས་ཅན་པའི་ཆོས་སྲིད་ཀྱི་སྣེ་མོ་བ་ཆེ་རྒུ་ཡོངས་ལ་མཇལ་འཕྲད་ཀྱིས་བསྟན་འགྲོའི་བདེ་ཐབས་ལ་བཀའ་མཆིད་ནང་མོལ་མཛད།

 

                ཕྱི་ལོ་༡༨༡༧ ལོར་ཀུན་གཟིགས་པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང༌། ཁོང་གིས་ད་ནས་བཟུང་བླ་ཆེན་གྱི་ཚུགས་ཟུང་ལ་ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་གྱིས་གཟེངས་བསྟོད་པའི་བཀའ་ཤོག་དང་གདུགས་རྟ་དར་ཏོག་སོགས་གསོལ་བསྩལ་གནང༌། འདི་ནས་བཟུང་ྋརོང་ཆེན་བསྟན་པའི་སྒྲོན་མེ་ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་ལ་གདུགས་རྟ་དར་སོགས་ལས་ཚན་བཅུ་གསུམ་༼གསོལ་གཟིམ་མཆོད་གསུམ། མཇལ་ཡིག་རྩིས་གསུམ། ཐབ་འདྲེན་གདན་གསུམ། སྐྱ་རྟ་མཛོ་ཁྱི་བཞི་བཅས།༽ལ་ལོངས་སུ་སྤྱོད་ཅེས་བླ་ཆེན་གྱི་དབང་ལུང་གནང་བའི་བཀའ་ཤོག་དང་གདུགས་རྟ་དར་ཏོག་བཅས་ཀྱི་གནང་ཆ་སྦམ་མཐོ་བསྩལ་པ་ནས་བཟུང་ལས་ཚན་བཅུ་གསུམ་འཛིན་པའི་སྲོལ་དར། སྤྱིར་དབུ་གདུགས་ལ་ཤམ་ཕུར་ཉིས་བརྩེགས་ཡིན་ནའང་ཁོང་ནག་ཚོ་ལོ་ཙ་བའི་སྐུ་སྐྱེ་ཡིན་པས་བོད་སྤྱི་འབངས་ལ་བཀའ་དྲིན་ཆེ་བའི་དྲིན་ལན་མཚོན་བྱེད་ཡིན་ཞེས་ཤམ་ཕུར་གཅིག་ཐེབས་པར་གནང་བ་ནས་ད་ལྟའི་བར་དེ་དག་བདག་གིར་བཞེས་སྲོལ་བྱུང༌། ལོ་དེར་དབུས་གཙང་ཡུལ་གྱི་ལུགས་གཉིས་ཀྱི་འཕྲིན་ལས་མཐའ་དག་ལྷུན་གྱིས་གྲུབ་ནས་བློ་གླིང་མཁན་ཟུར་རོང་ཊིའཀ་པའམ་བློ་བཟང་ཕུན་ཚོགས་ཀྱིས་༼ཨ་ལགས་མཁན་རྒན་སྐུ་ཕྲེང་དང་པོ་ཡིན༽གཙོས་རིགས་པ་སྨྲ་བའི་སྐུ་འཁོར་དང་བཅས་སླར་རང་གི་སྐྱོང་ཡུལ་མདོ་སྨད་ཀྱི་གདན་ས་ཆེན་པོ་སྟག་ཚང་དཔལ་གྱི་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཕེབས།

 

                མེ་གླང༌། ཕྱི་ལོ་༡༨༡༧ ལོར་སྟག་ཚང་ལྷ་མོར་མཚན་ཉིད་གསར་འཛུགས་ཀྱི་དབུ་བརྩམས་ཤིང༌། ཐེ་བོའི་ཕྱོགས་སོ་སོ་ནས་གདན་ཞུས་ལ་ཆིབས་བསྒྱུར་གྱིས་འདོད་ཆོས་གནང༌།

 

                ས་སྟག ཕྱི་ལོ་༡༨༡༨ ལོར་མཚན་ཉིད་གྲྭ་ཚང་བཙུགས་པའི་ཚོགས་ཆེན་ཁྲི་བར་བློ་གླིང་མཁན་ཟུར་བློ་བཟང་ཕུན་ཚོགས་མངའ་གསོལ་གྱིས། འདོན་ཆོས་སྤྱོད་ཀྱི་རིམ་པ་སོགས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྒྲིག་སྲོལ་བཞིན་གནང༌། ཚོགས་ཆེན་ཁྲི་ཐོག་གཉིས་པར་གཙང་པ་དགེ་བཤེས་བསྐོས། ལོ་དེར་གྲུབ་དབང་གོང་མ་བསྟན་པའི་རྒྱལ་མཚན་གྱིས་ས་བཟང་པོར་ལུང་བསྟན་པའི་གནས་སུ་རྒྱུད་ཁང་གསར་བཞེངས་དང༌། མཚན་ཉིད་གྲྭ་ཚང་གི་ཆོས་གྲྭ། ཆོས་ཁང་སོགས་གསར་བསྐྲུན་མཛད། གསར་ཞུགས་སློབ་གཉེར་པ་ཚོར་དགེ་བའི་བཤེས་གཉེན་རྣམ་པས་རྒྱུན་གྱི་དཔེ་ཁྲིད་ཆག་མེད་ཐོག་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་དང༌། མཁན་ཐོག་རིམ་བྱུང་གིས་གཞུང་ཆེན་མོ་དག་གི་བཤད་ཁྲིད་གནད་དུ་སྨིན་པ་གནང་བས་བསླབ་པ་གཙང་ཞིང༌། མདོ་སྔགས་ཀྱི་འཆད་ཉན་ཡར་ཟླ་ལྟར་འཕེལ་བས་སྙན་གྲགས་ཀྱི་བསིལ་ཟེར་གང་སར་འཕྲོས། ཆུ་རྟ། ཕྱི་ལོ་༡༨༢༢ ལོར་ཨ་མཆོག་དགེ་བཤེས་ཤར་རྩེ་ལྷ་རམས་པ་ཆོས་གྲགས་མཁན་ཁྲིར་བསྐོས་ཤིང༌། ཀིརྟིའི་ནང་པའམ་བླ་བྲང་ནས་མཐུན་རྐྱེན་སྦྱར་ཏེ་གཞུང་བཀའ་པོད་ལྔའི་རྩ་འགྲེལ་གཙོ་བོར་གྱུར་པའི་པར་ཤིང་མང་དུ་བརྐོས། ཧོར་གཙང་དུ་བླ་མ་རྒྱལ་མཚན་སོགས་སེར་སྐྱ་ཡོངས་ཀྱིས་ཞུས་ངོར་བཀྲ་ཤིས་བསམ་གཏན་གླིང་གི་དགོན་པ་གསར་འདེབས་ཀྱི་རྨང་བཏིང༌། མེ་ཁྱི། ཕྱི་ལོ་༡༨༢༦ ལོ་ནས་གདན་ས་སྟག་ཚང་ལྷ་མོར་མཆོད་རྟེན་མཐོང་གྲོལ་ཆེན་མོ་༼རིག་གསར་སྐབས་ཤུལ་ཙམ་ལས་མེད་པར་གྱུར།༽བཞེངས་རྒྱུའི་དབུ་ཚུགས་ཏེ་ལོ་ལྔའི་ནང་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་གྲུབ།

 

                ས་གླང༌། ཕྱི་ལོ་༡༨༢༩ ལོར་གདན་ས་སྟག་ཚང་ལྷ་མོར་ཆོ་འཕྲུལ་དུས་ཆེན་གྱི་བཅོ་ལྔའི་མཆོད་པ་གསར་འཛུགས་ དང༌། རྔ་པ་རྨེའུ་དཔོན་མོས་གདན་ཞུས་ལྟར་མེ་ལོང་ཐང་ནས་མ་བློན་ཤོག་བཅུ་གཉིས་ལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མ་དང་ཐུགས་རྗེ་ཆེན་པོའི་དབང་ཆེན། སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་དད་འདུས་ཀྱི་སེར་སྐྱ་མཐའ་དག་མི་ཕྱེད་དགེ་བའི་ཞིང་ས་བླ་ན་མེད་པའི་གོ་འཕང་ལ་འགོད་པར་མཛད།

 

                ཆུ་འབྲུག ཕྱི་ལོ་༡༨༣༢ ལོར་དབལ་མང་རིན་པོ་ཆེ་དབུ་བླར་བསྟེན་ནས་གསུང་ཆོས་མང་དུ་གསན། ཤིང་ལུག ཕྱི་ལོ་༡༨༣༥ ལོར་རྔ་པ་རྨེའུ་རྒྱལ་ཁང་གསར་བའི་ས་འདུལ་དང༌། གདོང་ཁུ་བླ་མ་དང་ས་སྒང་བླ་མས་གཙོས་སེར་སྐྱ་མཐའ་ཡས་པར་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་སྟ་གོན་བཅས་ལེགས་པར་བསྩལ་ཏེ་སྐལ་ལྡན་རྣམས་ཀྱི་རྒྱུད་ལ་སྐུ་གཉིས་མངོན་དུ་བྱེད་པའི་ས་བོན་འཇོག་གནང་མཛད། དགུང་ལོ་ཞེ་གསུམ་པ། ས་ཁྱི། ཕྱི་ལོ་༡༨༣༨ ལོར་སྟག་ཚང་ལྷ་མོའི་འདུས་སྤྱི་ལ་རྗེའི་གསུང་འབུམ་གྱི་ལྗགས་ལུང་གནང་བའི་དབུ་ བཙུགས་པ་དང་ཚོགས་ཆེན་ཁྲི་པར་དཀོན་མཆོག་བསྟན་པ་བསྐོས། ས་ཕག ཕྱི་ལོ་༡༨༣༩ ལོར་ཁྲི་རྒྱལ་མཚན་སེངྒེ་དང་མཇལ་འཕྲད་ཀྱིས་དགའ་ལྡན་ལྷ་བརྒྱ་མ་དང་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་སོགས་ཆོས་འབྲེལ་མང་དུ་གསན། ལྕགས་གླང༌། ཕྱི་ལོ་༡༨༤༡ ལོར་བྱམས་མེ་དང་མགོ་ལོག་ཕྱོགས་ཀྱི་འཇིག་ཁོག་དང༌། ཨ་སྐྱོང་དཔོན་ངག་དབང་གིས་གཙོས་ཁང་རྒན་ཤོག་ཁ་སོ་སོ། དཔོན་ཀརྨ་འབུམ་གྱི་ཤོག་ཁ་སོ་སོ་སོགས་ལ་གང་ལ་གང་འདོད་ཀྱིས་ཆོས་སྦྱིན་ཀྱིས་དགེ་བར་མཛད། ཆུ་སྟག ཕྱི་ལོ་༡༩༤༢ ལོར་དབལ་མང་རིན་པོ་ཆེ་ལས་བླ་མ་མཆོད་པ་དང་གསང་འདུས་ཀྱི་ཆོས་སྐོར། འཕོ་ཁྲིད་སོགས་ཟབ་ཆོས་མཐའ་ཡས་པ་དང༌། འབྲིང་བ་བཀའ་འགྱུར་པ་ལས་འགྲེལ་པ་བཞི་སྦྲགས་ཀྱི་བཀའ་ཁྲིད་སོགས་འདོད་ཆོས་མང་དུ་གསན། ཆུ་ཡོས། ཕྱི་ལོ་༡༨༤༣ ལོར་རེབ་གོང་ཕྱོགས་སུ་ཕེབས་ཏེ་གྲུབ་དབང་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ་དང་མཇལ་འཕྲད་སོགས་བསྟན་ལ་དགེ་བའི་མཛད་འཕྲིན་བསྐྱངས།  ཤིང་འབྲུག ཕྱི་ལོ་༡༨༤༤ ལོར་ཆོ་འཕྲུལ་སྨོན་ལམ་སྐབས་ཀྱི་རབ་འབྱམས་པའི་༼གཞུང་ཆེན་བཀའ་པོད་ལྔར་སྦྱངས་ཟིན་པའི་འབྲས་རྟགས་ཀྱི་དམ་བཅའ།༽སྲོལ་གསར་འཛུགས་གནང༌། ཤིང་སྦྲུལ། ཕྱི་ལོ་༡༨༤༥ ལོར་དབལ་ཤུལ་དཔོན་འདས་ཀྱི་མགོན་དུ་གདན་དྲངས་པ་ལྟར་ཕེབས་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཐེངས་འགར་མཇལ་འཕྲད་གནང་ཞིང༌། རྐྱང་ཚ་དང་འབྲིང་བ། ཆི་བི་ཞིས་ཁོག གཙོས་སོགས་ཡུལ་སྡེ་མང་པོར་འདོད་ཆོས་དང་བླ་བྲང་བཀྲ་ཤིས་འཁྱིལ་ལས་གསེར་ཁྲི་རིན་པོ་ཆེ་ལས་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་གསན། མེ་རྟ། ཕྱི་ལོ་༡༨༤༦ ལོར་ཤིས་ཚང༌། མཛོད་དགེ་སྟོད། ཐང་སྐོར་སོགས་ཀྱི་གདན་ཞུས་ལྟར་ཕེབས་ཏེ་ཚ་ཁོའི་མ་དགོན་ཀཱ་ལ་རིའི་རི་ཁྲོད་དུ་རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྒྲུབ་ལ་འགྲུས། སྐྱ་འགོ རོང་རུ། ཟངས་དཀར། མཆོག་རྩེ་རྒྱལ་མོ། རྔ་སྨད་བརྒྱུད་རྨེའུ་རྒྱལ་ཁང་དུ་ཕེབས་ནས་ཡུལ་སོ་སོར་འདོད་བསྟུན་གྱི་དམ་ཆོས་བདུད་རྩིའི་ཆར་ཆེན་ཕབ། ས་སྤྲེལ། ཕྱི་ལོ་༡༨༤༨ ལོར་ྋཡབ་རྗེ་དཀོན་མཆོག་སྨོན་ལམ་དཔལ་བཟང་པོ་ལས་མི་ཏྲ་བརྒྱ་རྩ་གསན་བཞིན་པའི་མུར་ཕྱག་རྡོར་འཁོར་ཆེན་གྱི་དབང་གི་སྐབས་སླེབས་པ་ན་སྙུན་ཚུལ་བསྟན། རྨོག་རིའི་མགོ་པ་དང་ཟམ་ཚའི་སྦྱིན་བདག་འགས་ཞུས་ངོར་བསྙུན་གཞི་ལ་འཛེམ་མེད་ཀྱིས་སྐུ་དངོས་ཀྱི་མཐའ་མའི་གདུལ་བྱ་རྣམས་ལ་དབང་ལུང་བཤད་ཁྲིད་སོགས་འདོད་བསྟུན་དམ་པའི་ཆོས་ཀྱི་བདུད་རྩིས་རེ་བའི་བུམ་བཟང་གཏམས་པར་མཛད། སྐུ་ཚེ་ཧྲིལ་པོར་གུང་ཚིགས་ཆག་མེད་མཛད་པ་སོགས་སྡོམ་གསུམ་དག་པ་ཉམས་ལེན་གྱི་མཐིལ་དུ་འཛིན་ཞིང་ལམ་རིམ་ཆུང་ངུ་རྒྱུན་སྐྱོར་གནང་བ་བཅས་ལྟ་གྲུབ་གཙང་བ་གཙོ་བོར་གནང་སྟེ། མཐར་ཁོང་གིས་ང་རི་བོ་རྩེ་ལྔ་དང་གླང་ཆེན་སོགས་བརྒྱུད་ཚ་ཁོའི་ཕྱོགས་ནས་འོངས་ན་ཐང༌། ཡང་ན་རོང་པོ་སོགས་བརྒྱུད་དེ་སོག་པོ་ནས་འོང་ཡང་སྲིད། ཅེས་སོགས་གོ་བ་ཅན་གྱི་གསུང་མང་པོ་གནང་སྟེ་མཐར་ཡག་བཟང་ནང་ཟེར་བར་དགུང་ལོ་ལྔ་གསུམ་བཞེས་པ། བོད་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ། ཕྱི་ལོ་༡༨༤༨ ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.