. . . .

9༄༅།། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ་མཆོག་ནི། གདན་ས་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་སྐུ་གོང་མའི་མ་ཡུམ་གཞིས་ཀར། ཡབ་བཞག་ལྡོམ་དཔོན་པོ་སྦྱིན་པ་དང༌། ཡུམ་མཁའ་འགྲོ་འཚོ་གཉིས་ཀྱི་སྲས་སུ། ཤིང་སྦྲུལ་ཟླ་༡༡ ཚེས་༡༧  ཕྱི་ལོ་༡༩༠༥ ལོར་ངོ་མཚར་བའི་ལྟས་དུ་མ་བཅས་སྐུ་བལྟམས། ས་སྤྲེལ། ཕྱི་ལོ་༡༩༠༨ ལོར་ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་དང༌།  ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག རྗེ་ཞྭ་དམར་པ་དགེ་འདུན་བསྟན་འཛིན་རྒྱ་མཚོ་བཅས་ཀྱི་ལུང་བརྟག་གཅིག་མཐུན་བྱུང་ དོན་ལྟར་འཇམ་དབྱངས་བཞད་པས་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་གི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་དང་ཞབས་བརྟན་གསོལ་འདེབས་ལྗགས་རྩོམ་གནང༌།

                ས་བྱ། ཕྱི་ལོ་༡༩༠༩ ལོར་རྒྱལ་ཚབ་གཙང་བླ་དཀོན་མཆོག་ཐུབ་བསྟན་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་ཐོག་ མར་ཀློག་སློབ་པ་ནས་མདོ་སྔགས་ཀྱི་གཞུང་ཆེན་མོ་ལ་ཐོས་བསམ་གྱི་དབུ་ཚུགས་ཤིང་བར་མ་རབ་བྱུང་གི་སྡོམ་པ་མནོས། ལོ་དེའི་ལྷ་བབས་དུས་ཆེན་ཉིན་གདན་ས་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་གསེར་ཁྲིར་མངའ་གསོལ་གྱི་རྟེན་འབྲེལ་མཛད། ལྕགས་ཁྱི། ཕྱི་ལོ་༡༩༡༠ ལོར་ཚ་ཁོའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་དང་རྔ་པ་རྨེའུ་རྒྱལ་བློན་སོགས་ཀྱིས་ཆིབས་བསུ་གང་ཟབ་སྒོས་གདན་ཞུས་བཞིན་ཆིབས་བསྒྱུར་གྱིས་ཁྲིར་ཕེབས་རྟེན་འབྲེལ་མཛད་སྒོ་སོགས་ཀྱི་འཕྲིན་ལས་ཡངས་པོར་མཛད། ལྕགས་ཕག ཕྱི་ལོ་༡༩༡༡ ལོར་གདན་ས་སྟག་ཚང་ལྷ་མོར་འདུས་མང་སེར་སྐྱ་ཡོངས་ལ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་སོགས་ཀྱི་ལྗགས་ལུང་བསྩལ། གཞན་ཡང་སྐུའི་བཅད་རྒྱ་འགར་བཞུགས་ཏེ་ལྷག་ལྷ་དུ་མའི་བསྙེན་སྒྲུབ་ལ་གཞོལ་བར་མཛད།

 

                ཆུ་བྱི། ཕྱི་ལོ་༡༩༡༢ ལོར་ྋརྗེ་ཞྭ་དམར་པཎྜིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མཚན་ལ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ་ཞེས་གསོལ་ཞིང་ཁོང་ལས་གསུང་ཆོས་འགའ་རེའང་གསན། རྒྱ་མཱ་ཆི་ཚང་གིས་ནན་གྱིས་གདན་ཞུ་འབྱོར་བ་ལྟར་ཕེབས་ཏེ་གང་འདོད་གནང་སྟེ་ཧོར་ཚང་ཀིརྟིའི་དགོན་དགེ་ལྡན་བསྟན་འཕེལ་གླིང་དུ་ཞབས་སོར་བཀོད་ནས་འགྲིག་ལམ་ཀུན་ སྤྱོད་སོགས་ལས་འཕྲོས་ཏེ་ལམ་སྟོན་དང་གཟིགས་རྟོག་གང་ཞིབ་གནང༌། ཆུ་གླང༌། ཕྱི་ལོ་༡༩༡༣ ལོར་གདན་སའི་འདུ་ཁང་ཆེན་མོ་བསྐྱར་བཞེངས་གྲུབ་པའི་རྟེན་འབྲེལ་གྱི་མཛད་སྒོ་དང་འདུ་ཁང་གསར་པར་སྨོན་ལམ་གྱི་ཚོགས་ཕེབས་བསྐྱངས། ཤིང་ཡོས། ཕྱི་ལོ་༡༩༡༥ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་ལྷ་མོར་ཕེབས་ཏེ་འདུ་ཁང་ཡང་སྟེང་དུ་མཇལ་འཛོམས་ཀྱིས་བསྟན་ལ་དགེ་བའི་བཀའ་མཆིད་སྨར་བ་གནང༌། གཙང་བླ་དཀོན་མཆོག་ཐུབ་བསྟན་རྒྱ་མཚོ་མཆོག་ཡོངས་འཛིན་ལས་དགོངས་ཞུས་ཀྱི་ཚབ་ཏུ་སྟག་ཚང་དཔལ་ལྷའི་དགེ་བཤེས་ཡེ་ཤེས་རྒྱ་མཚོའམ་འབྲིང་བ་སྐམ་པོ་ཞེས་སྙན་གྲགས་ཅན་དེ་ཉིད་ཡོངས་འཛིན་དུ་བཀུར་ཏེ་གསན་བསམ་གྱི་འཕྲོ་སྐྱོང་ལྷོད་མེད་མཛད། མེ་འབྲུག ཕྱི་ལོ་༡༩༡༦ ལོར་རེབ་སྐོང་རོང་པོ་དགོན་ཆེན་ནས་སྤྱང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་མཆོག་ཁོང་རིན་པོ་ཆེར་བཀའ་ཆོས་འབུལ་བར་ཆེད་དུ་གདན་སར་བསུས་པ་ན་ཁོང་ལ་མངའ་བ་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང༌།

 

                ས་རྟ། ཕྱི་ལོ་༡༩༡༨ ལོར་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་ཀྱི་ཡོངས་འཛིན་སྟག་མོ་ཨ་ལི་དཔལ་ལྡན་ སེངྒེའི་སྐྱེ་བརྒྱུད་རྒྱལ་ཚབ་དཀོན་མཆོག་ཐུབ་བསྟན་རྒྱ་མཚོ་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་གསན་བཞེས་གནང༌། གཟའ་རུའི་བཀྲ་ཤིས་ཐང་ཞེས་པར་སེར་སྐྱ་སྟོང་ཕྲག་མང་པོར་སྤྱན་རས་གཟིགས་དཔལ་ མོའི་ལུགས་ཞལ་བཅུ་གཅིག་པའི་དབང་དང༌། འཇིགས་བྱེད་ཡུམ་བཅས་ཀྱི་རྗེས་གནང་སོགས་མདོ་སྔགས་ཀྱི་ཆོས་ཀྱི་བདུད་རྩིས་ཅི་དགར་གསོ་བའི་མུར་བདག་ཅག་གདུལ་བྱ་རྒྱ་མཚོའི་བསོད་ནམས་ཀྱི་ཡོལ་གོར་མ་ཆུད་པར། ཁོང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སྔ་ས་ནས་དགོངས་པ་ཆོས་དབྱིངས་སུ་གཏད་རྒྱུའི་གསུང་ཟུར་དང་བརྡ་ལན་སོགས་ཡང་ཡང་གནང་བ་ལྟར་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ། དགུང་གྲངས་བཅུ་དྲུག་བཞེས་པ། ཕྱི་ལོ་༡༩༢༠ ལོར་སྐུ་ལ་བསྙུན་ཟུག་གི་རྣམ་པ་ཆེར་མེད་པར་གཟུགས་སྐུའི་ཉིན་བྱེད་ནུབ་པའི་ཚུལ་བསྟན་ཏོ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.