. . . .

10༄༅།། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་མཆོག་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ། ཕྱི་ལོ་༡༩༢༡ ལོར་ཚ་ཁོའི་ཀིརྟི་མ་ཞེས་པར་ཡབ་མཐུ་སྟོབས་རྡོ་རྗེ་དང༌། ཡུམ་ཀླུ་དབང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུ་ཕག ཕྱི་ལོ་༡༩༢༣ ལོར་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་དང༌། ྋརྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་པོ་སོགས་ཀྱིས་ལུང་བརྟག་རྩེ་མཐུན་གྱིས་ྋསྐྱབས་མགོན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། མེ་སྟག ཕྱི་ལོ་༡༩༢༦ ལོར་གདན་ས་སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་མི་འཇིགས་གདོང་ལྔས་བཏེགས་པའི་སེང་ཁྲི་མཐོན་པོར་ཞབས་ཟུང་མངོན་པར་བཀོད། མེ་ཡོས། ཕྱི་ལོ་༡༩༢༧ ལོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་དང༌། རྗེ་འཇིགས་མེད་རྡོ་རྗེ་འཆང་ཡབ་སྲས་ཀྱི་ལུང་བརྟགས་བཞིན། གཞུང་ལུགས་རབ་འབྱམས་སྨྲ་བ་རྗེ་མགོན་པོ་ཀླུ་སྒྲུབ་ཐར་འདོད་འགྱུར་མེད་རྒྱ་མཚོ་མཆོག་ཡོངས་འཛིན་དུ་བསྐོ་བཞག་གིས་གསན་བསམ་དབུ་ཚུགས། རྔ་ཡུལ་ཀིརྟིའི་དགོན་དུ་རིགས་ལྡན་མ་འགག་པ་ཁྲིར་འཁོད་པའི་དུས་དང་བསྟུན་དུས་འཁོར་གྲྭ་ཚང་གསར་འཛུགས་ཀྱིས་སྒྲུབ་ཆོག་སོགས་

 

ཚུགས་དགོས་པའི་ལྗགས་བཀོད་དང༌། རྡོ་རྗེ་འཆང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་ཞབས་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་འཇིགས་བྱེད་ལྷ་བཅུ་གསུམ་མ་སོགས་ཀྱི་དབང་ལུང་མང་དུ་གསན།

 

                ས་འབྲུག ཕྱི་ལོ་༡༩༢༨ ལོར་རྔ་པ་དང་ཚ་ཁོའི་ཕྱོགས་སུ་ཐེངས་དང་པོ་ཆིབས་ཞལ་བསྒྱུར་ཏེ་ལུགས་གཉིས་འཕྲིན་ལས་ཀྱི་མཛད་པ་རྒྱ་ཆེན་བསྐྱངས། དེ་ནས་སླར་ཡང་སྟག་ཚང་ལྷ་མོར་བྱོན་ཏེ་གསན་བསམ་ལ་གཅིག་ཏུ་གཞོལ། ས་སྦྲུལ། ཕྱི་ལོ་༡༩༢༩ ལོར་གདན་ས་སྟག་ཚང་ལྷ་མོར་སེར་སྐྱ་ཁྲི་ཕྲག་མང་པོར་མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་ཚེ་དབང་གསུང་བཤད་དང་བཅས་སྐུ་ཚེའི་ནང་གི་དབང་བསྐུར་གྱི་ཐོག་མ་གནང་བས་དད་ལྡན་ཡོངས་ཀྱི་རེ་བ་དོན་ཡོད་དུ་མཛད། ལྕགས་ལུག ཕྱི་ལོ་༡༩༣༡ ལོར་རྨེའུ་རྒྱལ་སྲས་དཔལ་མགོན་འཕྲིན་ལས་རབ་བརྟན་དང་བླ་སྤྲུལ་རྣམས་ཀྱིས་ཆིབས་བསུ་དང་པོ་དང༌། དེ་རྗེས་རྨེའུ་རྒྱལ་པོ་ཞིང་སྐྱོང་བཀྲ་ཤིས་ཀྱིས་འབྲོག་སྡེའི་དམག་ཆེན་སྐུ་འཁོར་བཅས་པས་ཆིབས་བསུ་ཟབ་རྒྱས་ཀྱིས་རྔ་ཡུལ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་ཐེངས་གཉིས་པ་ཆིབས་བསྒྱུར་བསྐྱངས་ཏེ་ྋསྐྱབས་མགོན་སྐུ་ཕྲེང་བརྒྱད་པའི་ཁྲི་འཕང་མཐོན་པོར་ཞབས་སོར་བཀོད་དེ་ཁྲི་སྟོན་རྟེན་འབྲེལ་རྒྱ་ཆེར་ཞུས་པ་བདག་གིར་བཞེས། དེ་ནས་གདོང་རི་དགོན་དགེ་ལྡན་དམ་ཆོས་གླིང་དུ་ཁྲི་སྟོན་ཟབ་རྒྱས་དང་ཚེ་དབང་བཅས་ཆོས་སྦྱིན་རྒྱ་ཆེན་མཛད། སྟག་ཚང་ལྷ་མོར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་སྒིས་སྟེང་ཡོངས་འཛིན་བློ་བཟང་དཔལ་ལྡན་ཡབ་སྲས་ཀྱི་དྲུང་ནས་མདོ་སྔགས་ཀྱི་བཀའ་ཆོས་རྒྱ་ཆེན་གསན་བཞེས་དང་ཐག་ཉེ་རིང་གི་དགོན་གྲོང་སོ་སོས་གདན་ཞུས་ལ་ཆིབས་བསྒྱུར། ཆུ་སྤྲེལ། ཕྱི་ལོ་༡༩༣༢ ལོར་གདན་སའི་རིགས་པ་སྨྲ་བའི་ཁྱུ་མཆོག་དགེ་བའི་བཤེས་གཉེན་དུ་མ་མཚན་ཞབས་སུ་ཆེད་བསྐོས་ཀྱིས་རིགས་ལམ་བརྒལ་བརྟག་ལ་སྦྱོང་བའི་དབུ་ཚུགས།

 

                ཆུ་བྱ། ཕྱི་ལོ་༡༩༣༣ ལོར་རེབ་གོང་ཕྱོགས་སུ་ཆིབས་བསྒྱུར་གྱིས་རོང་པོ་དགོན་ཆེན་གྱི་དགེ་འདུན་ཡོངས་ནས་སེར་སྦྲེང་དང་བཅས་ཤར་ྋསྐྱབས་མགོན་མཆོག་གི་བླ་བྲང་དུ་ཞབས་སོར་བཀོད་དེ་ཤར་མཆོག་སྤྲུལ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་དང་མཇལ་འཕྲད་གནང༌། དེ་ནས་འཇམ་དབྱངས་བླ་མ་ཡབ་སྲས་ཀྱི་མདུན་ནས་ཆོས་རྒྱུན་མང་པོ་གསན་བཞེས་དང༌། རེབ་གོང་ཡས་མས་ཀྱི་དད་འདུས་སེར་སྐྱ་ཡོངས་ལ་ཕྱག་དབང་སོགས་བྱིན་རླབས་ཀྱིས་ཚིམས་པར་མཛད། ཤིང་ཕག ཕྱི་ལོ་༡༩༣༥ ལོར་སྐུ་འབུམ་བྱམས་པ་གླིང་དུ་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མ་དང་མཇལ་འཛོམས་སྐབས་མཆོག་སྤྲུལ་རིན་པོ་ཆེ་ཞབས་པད་ཡུན་བརྟན་ངོས་སྐུ་གོང་མ་དག་གི་རྣམ་ཐར་བདག་གིར་བཞེས་དགོས་པའི་གཞེན་བསྐུལ་སྙན་སྒྲོན་གནང་བར་པཎ་ཆེན་མཆོག་གིས་ཞབས་བརྟན་གསོལ་འདེབས་ཀྱང་ལྗགས་རྩོམ་གནང༌། ས་སྟག ཕྱི་ལོ་༡༩༣༨ ལོར་ཆོས་སྡེ་ཆེན་པོ་རྔ་ཡུལ་དགེ་ལྡན་ལེགས་བཤད་གླིང་གི་བླ་གྲྭ་འདུས་མང་དང༌། རྨེའུ་རྒྱལ་པོ་ཡབ་སྲས་བློན་འབངས་དང་བཅས་པ་དད་འདུས་ཀྱི་སློབ་མ་ཁྲི་ཕྲག་བརྒལ་བར་དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་བཀའ་དབང་གནང༌། ལྕགས་འབྲུག ཕྱི་ལོ་༡༩༤༠ ལོར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་གཙོས་དད་པའི་དགེ་འདུན་བཅུ་ཚོགས་ཀྱི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པས་ཐུགས་རྒྱུད་ཡོངས་སུ་འགེངས་པར་མཛད། རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ། དགུང་ལོ་ཉེར་གཅིག་བཞེས་པ། ཧོར་ཟླ་༢ ཚེས་༡༥ ཕྱི་ལོ་༡༩༤༡ ལོར་དེ་སྔོན་ནས་སྐུའི་བསྙུན་གཞི་བཞེས་ཐོག་དབོན་པོ་འཇམ་དབྱངས་བསོད་ནམས་སོགས་ལ་ཡང་སྤྲུལ་ཕྱི་མའི་འཁྲུངས་དུས་དང༌། འཁྲུངས་ཡུལ། མཚན་བཅས་ལུང་བསྟན་ཆེས་གསལ་བར་མཛད་དེ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.