3L2A2793 Desktop Resolution 800x600༄༅།། ཕྱི་ལོ་༢༠༡༦ ཟླ་༦ ཚེས་༢༡ ཉིན་འདི་གའི་མཁས་པའི་བགྲོ་གླེང་གོ་སྒྲིག་པ་གཉིས་ཀྱིས་དེ་སྔོན་ནས་སྙན་སེང་ཞུས་ཏེ་ཞལ་བཞེས་གནང་བ་ལྟར་དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ལྷ་རམས་པ་དགེ་བའི་བཤེས་གཉེན་བློ་ཡངས་མཆོག་དགོང་མོའི་ཆུ་ཚོད་༧ སྟེང་འདི་ག་གྲྭ་ཚང་གི་ཚོམས་ཆེན་དུ་ཕེབས་ནས་སློབ་གཉེར་པ་

གཙོ་བོར་གྱུར་པའི་དངོས་ཕེབས་ཀྱི་གྲྭ་ཚང་གི་གྲྭ་པ་རྣམས་ལ་དགེན་དམ་པ་རང་ཉིད་ཀྱི་སྐུ་ཚེའི་རྒྱུད་རིམ་དང་འབྲེལ་ནས་བསླབ་པ་སློབ་གཉེར་ཇི་ལྟར་བྱ་དགོས་པའི་ཚུལ་ལ་དང་པོ་དཔེ་ཁྲིད་ལ་འགྲོ་སྟངས་ནས་ཆོས་ཐོག་དང་ཆོས་མཚམས་སོ་སོར་སློབ་གཉེར་ཇི་ལྟར་བྱ་དགོས་ཚུལ།

  གཞུང་ཆེན་ཁག་གི་རྩ་བས་མཚོན་པའི་གཞུང་ཚིག་བློ་འཛིན་བྱེད་དགོས་པའི་གལ་ཆེའི་རང་བཞིན་དང་། གཞུང་ཆེན་ཁག་ལ་བགྲོ་གླེང་དང་། དམ་བཅའ་ཆེ་ཁག་ཚོགས་ཚུལ། སྐབས་རེར་རིགས་པ་རྐྱང་བ་མ་གཏོགས་ལུང་གཅིག་ཀྱང་དྲང་མི་ཆོག་པའི་དམ་བཅའ་དེ་འདྲ་ཡང་ཚོགས་ཐུབ་ན་དགེ་མཚན་ཆེ་ཚུལ་སོགས་གསུངས་ཤིང་།དེ་བཞིན་དགེ་འདུན་པ་རྣམས་ཀྱིས་སློབ་གཉེར་གང་གནང་བ་དེ་ཐོས་པ་ཐོས་རྐྱང་དུ་མ་སོང་བར་རང་རྒྱུད་འདུལ་བའི་ཐབས་སུ་འགྲོ་བ་གཙོ་བོར་དམིགས་དགོས་ཚུལ། གཞུང་ཆེན་མོར་གསར་དུ་སློབ་གཉེར་གནང་མཁན་རྣམས་ཀྱིས་དང་པོ་

3L2A2782 Desktop Resolution 800x600ནས་མ་མཐའ་ཡང་གཞུང་ཆེན་བཀའ་པོད་ལྔ་ཆ་ཚང་བ་ཞིག་ལྟ་དགོས་སྙམ་པའི་དམིགས་ཡུལ་བརྟན་པོ་ཞིག་ཡོད་ན། སློབ་སྦྱོང་གི་དུས་ཡུན་རིང་པོ་དེའི་ནང་བར་ཆད་མང་པོ་ཡོང་སྲིད་པ་ལ་གདོང་

ལེན་བྱེད་པར་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན་པ་དགེན་རང་ཉིད་ཀྱི་མྱོང་བ་དངོས་དང་འབྲེལ་ནས་གསུངས་ཤིང་། གཞན་ཡང་དགོན་པ་གྲྭ་ཚང་གི་ཉིན་རེའི་ཐབ་རེས་ཡན་ཆད་ནས་མི་ཚེ་ཞབས་ཕྱི་ལ་བསྟུམ་བཞིན་པ་རྣམས་ཀྱིས་ལས་ཀའི་སྐབས་སུ་ཁྲལ་ཆོས་ལྟ་བུར་མ་བརྩིས་པར་རང་གི་ཚོགས་གསོགས་པ་དང་སྒྲིབ་པ་སྦྱོང་བའི་སྒོ་དམ་པ་ཞིག་ལ་དམིགས་པ་སྔོན་དུ་སོང་བའི་ཐོག་ནས་ལས་ཀར་ཞུགས་ན་གནས་སྐབས་སུ་ལས་ཀ་ཡང་སླ་ཆོས་སུ་མི་འགྲོ་ཞིང་། རང་ཉིད་ལ་དཀའ་ཚེགས་ཉུང་བར་ཕན་ཐོགས་པར་མ་ཟད། ཕུགས་ལ་ཚོགས་གསོག་པའི་ཞིང་ཁྱད་པར་ཅན་ཡིན་སྟབས་བསོད་ནམས་བརླབས་ཆེན་པོ་གསོག་པ་སོགས་ཀྱི་དགོས་དོན་ཁྱད་པར་ཅན་ཡོད་པའི་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་སོང་བས་དོན་གཉེར་ཅན་རྣམས་ཀྱིས་གཤམ་གྱི་གསུང་བཤད་དངོས་ལ་ཉན་ན་ཕན་ཐོགས་མི་དམན་པ་འབྱུང་ངེས་སོ། །

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.