. . . .

01༄༅།། ཆབ་སྲིད་བཙོན་ཟུར་གྲགས་ཅན་སྐུ་གཤེགས་དམ་པ་རྒན་དཔལ་ལྡན་རྒྱ་མཚོ་ལགས་ནི། ཕྱི་ལོ་ ༡༩༣༢ ལོར་མྱང་དཀྱིལ་པ་སྣམ་བ་རི་ལྷོ་བར་འཁྲུངས། ཆུང་དུས་ནས་པ་སྣམ་སྒ་གདོང་དགོན་དུ་ཆོས་ཞུགས་ཀྱིས་དགུང་གྲངས་ ༡༧ སྟེང་འདོན་ཆོས་སྤྱོད་དང་ཕྱག་ལེན་བཅས་ལ་སློབ་གཉེར་ཐོན་རྗེས། ཕྱི་ལོ་ ༡༩༤༧ ལོར་གདན་ས་ཆེན་པོ་འབྲས་སྤུངས་སུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་མུར།

ཕྱི་ལོ་ ༡༩༥༩ ལོར་རྩེ་ཡིག་ཚང་ལས་ཁུངས་སུ་གཞིས་དགོན་གྱི་མཆོད་ཐེབས་སྐོར་བཀའ་དཔྱད་ཞུ་བཅར་ཉིན་རྒྱ་མིས་ལྷ་སར་ཟིང་བསླངས་དུས་འཁྲུགས་ལངས་པ་དང་སྐབས་འཁེལ་ནས་ལྷ་ས་ཁུལ་གྱི་བོད་མི་སྤྱི་མཚུངས་གྱེན་ལངས་ཁྲོམ་སྐོར་དང་། འབྲས་སྤུངས་དགོན་སྲུང་སྐྱོབས་དང་བླངས་ཐོན་པའི་རྗེས་འབྲེལ་རྒྱ་མིས་འཛིན་བཟུང་གིས་བསྙོན་དཀྲིས་སྡུག་སྦྱོང་མི་བཟད་ལས་འདས་པའི་ལོ་དུས་བཙོན་བཀག་དང་ལས་སྒྱུར། སླར་བོད་དོན་ཡིག་ཆ་སྦྱར་འགྲེམས་ཀྱི་རྐྱེན་པས་ཡང་བསྐྱར་བཙོན་འཇུག་བྱས་པ་སོགས་བསྡོམ་མི་ལོ་ ༣༣ ཧྲིལ་པོར་བཙོན་འཇུག་ཁྲིམས་ཆད་ཀྱི་དཀའ་སྡུག་མི་སྤྱོད་ལས་འདས་པ་སྣ་ཚོགས་མྱངས་དགོས་བྱུང་། 

         ཕྱི་ལོ་ ༡༩༩༢ ལོར་བཙོན་འཇུག་ལོ་དུས་ཚང་རྗེས་རྒྱ་གར་ནང་བཙན་བྱོལ་ལ་བདེ་འབྱོར་ཐུབ་པ་དང་། བོད་དང་བོད་མིར་བདེན་སྐྱོབ་ཐུགས་སྣང་གནང་མཁན་ཕྱི་ནང་གི་མི་རིགས་སྤྱི་སྒེར་དུ་མས་མགྲོན་འབོད་གྲོགས་དན་གནང་སྟེ་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོར་དངོས་བསྐྱོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན། སྐད་རིགས་མི་གཅིག་པའི་རྒྱ་ཆེའི་སློབ་གྲྭ་དང་སྡེ་ཚན། མང་ཚོགས་དང་བཅས་པར་ཡིག་ངག་གཉིས་ཀྱི་ལམ་ནས་རང་ཉིད་ཀྱི་མི་ཚེའི་མྱོང་ཚོར་དངོས་བྱུང་དྲངས་པའི་བོད་དོན་བདེན་འབོད་མཐའ་སྐྱེལ་གྱིས་འཚེ་མེད་ཞི་བའི་ལས་འགུལ་རིམ་སྤེལ་གནང་འབྲས་སུ་ (John Humphrey Freedom Award) གྱིས་མཚོན་པའི་གཟེངས་རྟགས་སྣ་མང་ཐོབ། སི་པེན་རྒྱལ་སྤྱིའི་ཁྲིམས་ཁང་དུ་རྒྱ་གཞུང་གི་དཔོན་རིགས་ཁག་ཅིག་གིས་བོད་ནང་དུ་བོད་མི་རིགས་རྩ་མེད་གཏོང་བའི་ལས་འགུལ་སྣ་མང་སྤེལ་བར་ལོ་མང་རིང་སྐུ་གཤེགས་དམ་པ་རྒན་དཔལ་ལྡན་རྒྱ་མཚོ་སོགས་ཆབ་སྲིད་བཙོན་ཟུར་ཁག་ཅིག་གིས་བདེན་པའི་དཔང་པོ་གནང་སྟེ་ཞུ་གཏུགས་རིམ་པར་བྱས་པས་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་།
དེ་བཞིན་རང་གི་ལོ་རྒྱུས་ཨིན་ཡིག་ནང་ <<Fire under the snow>> ཞེས་པ་ཚེ་རིང་ཤཱཀྱ་ལགས་ཀྱིས་དབྱིན་ཡིག་ཐོག་བྲིས་པ་དེ་འཛམ་གླིང་གི་སྐད་ཡིག་༢༥ ལྷག་གི་ནང་བསྒྱུར་ཡོད་པ་དེ་དང་། བོད་ཡིག་ནང་<<རང་གི་མྱོང་ཚོར་ལས་དྲངས་པའི་བོད་དོན་བདེན་གླེང་>>ཞེས་པ་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་གནང་བ་གཉིས་ཀྱིས་བོད་དོན་བདེན་པའི་དྲིལ་བསྒྲགས་དང་ལོ་རྒྱུས་ཀྱི་སྟོང་ཆ་མང་པོ་ཁ་གསབ་ཀྱི་བྱས་རྗེས་ཆེན་པོ་འཇོག་གནང་མཛད་ཡོད།

          ཕྱི་ལོ་ ༢༠༡༡ ལོར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་སྐུ་གཤེགས་དམ་པ་རྒན་དཔལ་ལྡན་རྒྱ་མཚོ་ཁོ་རང་གིས་དངོས་སུ་ཁོ་བོ་ལོ་ན་ཤིན་ཏུ་མཐོ་བ་དང་། གཟུགས་པོའི་གནས་བབ་སོགས་ཀྱི་དབང་གིས་གྲྭ་ཚང་གི་སྐྱིད་སྡུག་ལ་ཞུགས་འཐུས་ཡོང་བའི་སྙན་སེང་ཞུས་དོན་ལྟར་ཞལ་བཞེས་གནང་བ་དང་། གྲྭ་ཚང་ལ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་“རྒན་ཁོང་ནི་གཞན་དང་མི་འདྲ་བར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་སྐུ་ཚེ་གང་བོར་སྐུ་ངལ་ཚད་མེད་གནང་བའི་ངེས་པ་དོན་གྱི་རྒྱལ་གཅེས་པ་སྐུ་དྲིན་ཅན་ཞིག་ཡིན་པས་ཁོང་གིས་གསོལ་འདེབས་སྙན་སེང་ཞུས་དོན་བཞིན་འདི་ག་ཀིརྟིའི་བྱེས་པ་གྲྭ་ཚང་གི་སྐྱིད་སྡུག་ཁོངས་སུ་བླངས་ཏེ་རོགས་ཕན་ཞབས་ཕྱི་གང་དགོས་གང་ལེགས་སྒྲུབ་དགོས་”ཞེས་ལམ་སྟོན་གནང་བ་བཞིན། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ ཉིན་ནས་གྲྭ་ཚང་གི་སྐྱིད་སྡུག་ཁོངས་སུ་བླངས་ནས་བཞུགས་ཤག་དང་། སྨན་བཅོས་འཕྲོད་སྟེན། ཕྱོགས་སྐྱོད་སོགས་གང་གི་སྐབས་སུ་ཡང་ད་བར་སྐུ་གཡོག་ཞབས་ཕྱི་ཅི་དགོས་འཐུས་ཤོར་མེད་པར་རྒན་དམ་པའི་ཐུགས་འདོད་ཁེངས་པ་ཞིག་ཞུས་ཡོད། 

སྐུ་གཤེགས་དམ་པ་ཁོང་གིས་བོད་ནང་ནས་བཙོན་ཁང་དུ་ལོ་མང་རིང་དཀའ་སྡུག་མནར་གཅོད་ཚད་མེད་མྱངས་པའི་དབང་གིས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་པར་ཡུལ་གྲུ་མང་པོའི་སྨན་ཁང་དུ་སྨན་བཅོས་བྱས་འདུག་ཅིང་། ལྷག་པར་དུ་འདི་ག་གྲྭ་ཚང་དུ་ཞུགས་རྗེས་ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་མེ་ཡོ་སྨན་ཁང་དང་ལྡི་ལི་མཱ་སྒྲན་ཊ་ (MADAN TA HOSPITAL) སྨན་ཁང་གཉིས་ཀྱིས་སྔ་ཕྱིར་མཆིན་པའི་སྐྲན་ནད་གཤག་བཅོས་ཐེངས་གཉིས་བྱས་ཏེ་ད་ལོ་བར་དྲག་བསྐྱེད་བྱུང་ཡང་། ད་ལོའི་དབྱར་སྟོད་ནས་ནད་རྙིང་བསྐྱར་འཕར་གྱིས་བདེ་ལེགས་སྨན་ཁང་དུ་བདུན་གཉིས་ཙམ་བཞུགས་རིང་། འདི་ག་གྲྭ་ཚང་གི་ལས་སྣེ་རྣམ་པ་དང་། སྐུའི་བླ་སྨན་ཨེམ་ཆི་ཚེ་བརྟན་རྡོ་རྗེ་ལགས་བཅས་ཀྱིས་སྔར་གྱི་ལྡི་ལི་སྨན་ཁང་དུ་ཕེབས་དགོས་པའི་སྐུལ་མ་ཡང་ཡང་བྱས་ཀྱང་རྩ་བ་ནས་འགྲོ་ཀི་མིན་གསུང་ནས་ཕེབས་མ་ཐུབ་མོད། ཅུང་ཡར་དྭངས་བྱུང་བ་དང་བསྟུན། ལོ་མང་གི་སྦྱིན་བདག་མི་ཚང་གཉིས་ཀྱིས་མགྲོན་འབོད་དང་སྟབས་བསྟུན་ཨ་རིར་བཞུགས་རིང་མེ་ཡོ་སྨན་ཁང་དུ་བརྟག་དཔྱད་བྱས་འབྲས་སུ་ཉེན་ཁ་ཡོད་ཚུལ་གསུང་དོན་ལྟར་གནམ་གྲུའི་འཛིན་བྱང་བཏོགས་ཟིན་པ་སྔ་སྣུར་བྱས་ཏེ། ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་ལྡི་ལིར་ཕེབས་ཐོན་དང་། ཚེས་ ༢༧ ཉིན་བཞུགས་སྒར་དུ་བདེ་འཁོད་ཐུབ་པ་བྱུང་། དེ་རྗེས་སྐུའི་བླ་སྨན་པ་ཨེམ་ཆི་ཚེ་བརྟན་རྡོ་རྗེ་དང་། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་ལྷ་སྒྲོན་ལགས་གཉིས་བཞུགས་ཤག་ཏུ་གདན་འདྲེན་གྱིས་སྨན་བཅོས་གནང་མུས་ཀྱང་༸གོང་ས་མཆོག་གི་བཞུགས་གནས་དང་དགོན་པར་ཁ་བྲལ་ནས་ཐག་རིང་གི་སྨན་ཁང་ལ་རྩ་བ་ནས་ཕེབས་འདོད་མེད་པའི་གསུང་ནན་ཡང་ཡང་གནང་བས་བྱ་ཐབས་མ་བྱུང་བར་རང་ཤག་ཏུ་ཞབས་ཕྱི་གྲྭ་པ་གཅིག་ཆེད་མངགས་དང་དེ་ལ་རོགས་པ་ཅི་དགོས་མཚན་ཐོའི་རིམ་པ་ལྟར་ཕེབས་ནས་ཐུགས་འདོད་བཞིན་བྱས། ཕྱི་ཟླ་ ༡༡ ཚེས་ ༧ ཉིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ནས་ཚེ་རབས་ཀུན་ཏུ་མགོན་པོ་མཆོག་གིས་མཉེས་བཞིན་རྗེས་སུ་འཛིན་པའི་སྐྱབས་འཇུག་ནན་ཞུས་སྐབས་མགོན་པོ་མཆོག་གིས་ཕྱག་གཉིས་ཀྱིས་རྒན་གྱི་དབུ་སྐྱོར་ནས། “སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །” ཅེས་པ་གསུངས་ནས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་གསུང་གི་དབུགས་དབྱུང་མཛད་ཅིང་ཐུགས་སྨོན་གནང་།
ཕྱི་ཚེས་༢༧ ཉིན་སླར་ཡང་གྲྭ་ཚང་གི་ལས་སྣེ་རྣམ་པས་སྐུའི་བླ་སྨན་ཨེམ་ཆི་ཚེ་བརྟན་རྡོ་རྗེ་མཆོག་རྒན་ལགས་ཀྱི་བཞུགས་ཤག་ཏུ་གདན་འདྲེན་ཞུས་ནས་ཐག་རིང་གི་སྨན་ཁང་ལ་མ་ཕེབས་ནའང་ཉིན་ཤས་རིང་བདེ་ལེགས་སྨན་ཁང་དུ་བཞུགས་ན་ཡག་པོ་ཡོད་པའི་ཞུ་སྐུལ་ནན་ཞུ་གནང་པ་བཞིན། ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་ནས་བདེ་ལེགས་སྨན་ཁང་དུ་ཕེབས་ནས་ཟུར་བཀག་ནད་གསོ་ཁང་ཞིག་ཏུ་བཞུགས་མུས་ཀྱང་། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ ཉིན་གྱི་ཞོགས་ཀའི་ཆུ་ཚོད་༧།༡༠ ཐོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་།
            གནས་ཚུལ་དེ་བྱུང་མ་ཐག་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་སྒེར་དྲུང་ཆེ་བརྒྱུད་སྙན་སེང་དང་བསྔོ་རྟེན་ཕུལ་བར། ཐུགས་སྨོན་སྐྱབས་འཇུག་གནང་ངེས་ཀྱི་གསུང་ལན་ཡང་གནང་། དེ་བཞིན་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། རིས་མེད་དགོན་སྡེ་གྲྭ་ཚང་ཁག་ལ་བསྔོ་རྟེན་ཕུལ། འདི་ག་གྲྭ་ཚང་དུ་གྲྭ་མང་གིས་སྨོན་ལམ་གསུང་འདོན་གནང་ཞིང་། དགེ་འདུན་པ་གྲངས་བགོས་ཀྱིས་ཉིན་མཚན་གཉིས་ཀར་སྐུ་ཕུང་མདུན་དུ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་དང་། སྤྱོད་འཇུག་ཆེན་མོ། བླ་མ་མཆོད་པ་དང་། འཇིགས་བྱེད་དཔའ་བོ་གཅིག་པ་སོགས་དང་འབྲེལ་ནས་སྨོན་ལམ་ཁག་དང་། གཞུང་ཆེན་མོ་ཁག་སོགས་རྒྱུན་ཆད་མེད་པར་གསུངས་ཡོད་ཅིང་། ཕྱི་ཟླ་ ༡༢ ཚེས་ ༡ ཉིན་གྱི་ཞོགས་ཀ་ཆུ་ཚོད་དགུ་པའི་སྟེང་གྲྭ་ཚང་གི་དགེ་འདུན་པ་ཡོངས་རྫོགས་བདེ་ལེགས་སྨན་ཁང་དུ་ཡོད་པའི་སྐུ་ཕུང་སར་ཕེབས་ནས་བླ་མ་མཆོད་པ་དང་འབྲེལ་བའི་སྨོན་ལམ་རྒྱས་པ་གསུང་འདོན་གནང་བ་སོགས་རྗེས་འཇུག་གི་ཆོ་ག་ཡོངས་རྫོགས་གང་རྒྱས་བྱས་ཡོད་པ་དང་།
           ཕྱི་ཚེས་༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦།༣༠ ཐོག་མེ་ལོོའི་དུད་ཁྲོད་དུ་སྐུ་གཤེགས་དམ་པ་རྒན་ལགས་ཀྱི་དགེ་བའི་བཤེས་གཉེན་མཁས་པ་དང་གྲུབ་པའི་རྣལ་འབྱོར་བ་རྒན་རིག་འཛིན་བསྟན་པའི་ཡང་སྤྲུལ་མཆོག་དང་འདི་ག་གྲྭ་ཚང་གི་མཁན་རིན་པོ་ཆེས་དབུས་དགེ་འདུན་པ་ཡོངས་རྫོགས། གཞན་ཡང་ཕ་ཡུལ་གཅིག་པ་དང་འབྲེལ་ཡོད་དགེ་འདུན་པ་མང་པོས་བླ་མ་མཆོད་པ་དང་འབྲེལ་བའི་སྒོ་ནས་སྨོན་ལམ་གསུང་འདོན་གནང་ཞིང་། རང་གཞུང་དཔལ་འབྱོར་བཀའ་བློན་མཆོག་དང་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་དེ་བཞིན་བདེ་སྲུང་དྲུང་ཆེ་སོགས་གཞུང་ཞབས་ཁག་ཅིག གཞན་ཡང་རྡ་སའི་ཚོགས་པ་སྐྱིད་སྡུག་ཁག་གི་འགན་འཛིན་དང་སྐུ་ཚབ་སོགས་མི་མང་ཧ་ཅང་མང་པོས་སྐུ་གདུང་ལ་མཇལ་དར་ཕུལ་ནས་ཞུགས་འབུལ་ལེགས་པར་ཞུས།

01 2 01 1  01 3 
 001 5  006  001 2
001 1 001 4 P01
 P02  P04  P03


          དེ་རྗེས་ཕྱི་ཟླ་ ༡༢ ཚེས་༦ ཉིན་སྟེ་བདུན་ཚིགས་དང་པོ་དང་སྟབས་བསྟུན་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་དང་མར་མེ་སྟོང་མཆོད་འབུལ་བཤམས་དང་འབྲེལ། གྲུབ་པའི་དབང་ཕྱུག་རྒན་རིག་འཛིན་བསྟན་པའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཀྱིས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་། གསང་སྔགས་རྒྱུད་སྟོད་གྲྭ་ཚང་། འདི་ག་གྲྭ་ཚང་གི་དགེ་སློབ་ལས་བྱེད་ཡོངས་སོགས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་རྣམ་པ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་གཙོས་རྒྱུན་ལས་རྣམས་དང་། དེ་མིན་གྱི་སྤྱི་འཐུས་ཁག་ཅིག དཔལ་ལྡན་བཀའ་ཤག་གི་སྐུ་ཚབ་རང་གཞུང་འཕྲོད་སྟེན་བཀའ་བློན་མཆོག བདེ་སྲུང་དྲུང་ཆེ་སོགས་གཞུང་ཞབས་ལས་བྱེད་ཁག་ཅིག གཞན་ཡང་སེེར་སྐྱ་མི་མང་བཅས་གང་མང་འཛོམས་པའི་སྒོ་ནས་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཤིག་ལེགས་པར་གྲུབ་ཡོད་པ་བཅས་དང་།
              གྲྭ་ཚང་དུ་ཞེ་དགུའི་རིང་སྨོན་ལམ་གསུང་འདོན་སོགས་རྗེས་འཇུག་ཁག་མུ་མཐུད་ནས་འགྲོ་མུས་ཡིན་པ་བཅས། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༦ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.