20186.21 6༄༅།། ཕྱི་ལོ་༢༠༡༨ ཟླ་ པའི་ཚེས་༢༡ རེས་གཟའ་ཕུར་བུ། གཟའ་སྐར་འཕྲོད་སྦྱོར་མཆོག་ཏུ་དགེ་བའི་ཉིན་མོར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ལ། རབ་འབྱམས་རྒྱལ་བ་ཀུན་ཀྱི་བརྩེ་ཆེན་འཕྲིན་ལས་ཀྱི་རང་གཟུགས། ཚེ་ཡི་ལྷ་མཆོག་འཕགས་མ་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་བའི་སྒོ་ནས་འབྲེལ་ཡོད་གཞིས་བྱེས་གཉིས་ཀའི་ངོ་བོ་མཚོན་པའི་ཐོག་ནས་བརྟན་བཞུགས་ཟབ་རྒྱས་ཤིག་འབུལ་ལམ་ཞུས།

དེ་ཡང་ཉེ་ལམ་༸ཁོང་རིན་པོ་ཆེ་མཆོག་གིས་ཐའེ་ཝན་དུ་སྐུ་སྙུང་ཚབས་ཆེ་ཙམ་བཞེས་པས་དེར་སྨན་བཅོས་ཟླ་གཉིས་ལྷག་རིང་གནང་མཐར་ད་ཆ་སྐུ་སྙུན་གཞི་མེད་སྐུ་གཟུགས་གསལ་དྭངས་ངོས་བཞུགས་སྒར་དུ་ཕེབས་གྲུབ་ཙམ་ཡིན་པ་དང་། སྐུ་སྙུང་ཛ་དྲག་བཞེས་པའི་སྐབས་༸གོང་ས་ལྷ་མིའི་རྣམ་འདྲེན་ སྐྱབས་མགོན་༸རྒྱལ་བའི་དབང་མཆོག་གི་མདུན་སར་ཅི་དགེའི་བཀའ་སློབ་ལམ་སྟོན་དང་ཐུགས་དམ་བཀའ་ལུང་རིམ་ཞུས། རིགས་བརྒྱའི་ཁྱབ་བདག་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ། སྒོས་ཀྱི་བཀའ་སྲུང་རྒྱལ་ཆེན་ཀརྨ་བཛྲ་བཅས་ལ་སྔ་རྗེས་སུ་ལུང་ཞུ་ཕུལ་བའི་སྐུའི་ཞབས་རིམ་གྱི་ཁོངས་སུ་ཚེ་ལྷ་གང་རུང་གི་ཆོ་ག་སྟོང་ཚར་སྔོན་དུ་འགྲོ་བའི་སྒོ་ནས་བརྟན་བཞུགས་ཟབ་རྒྱས་ཤིག་འབུལ་དགོས་པའི་བཀའ་ལན་ཕེབས་པ་ལྟར། ཀིརྟིའི་བྱེས་པ་གྲྭ་ཚང་དང་། ཀིརྟིའི་དགེ་རྩ་ཚོགས་པ། ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས་ནསཀིརྟི་ཚང་གི་གཞིས་བྱེས་སློབ་བརྒྱུད་ཡོངས་ཀྱི་ངོ་བོ་མཚོན་པའི་ཐོག་ནས་༸སྐྱབས་མཆོག་ཀིརྟི་རིན་པོ་ཆེའི་མདུན་དེ་དོན་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྟར་ཞལ་བཞེས་བཟང་པོ་ཐོབ་ནས་གོ་སྒྲིག་གནང་བ་ཞིག་ཡིན། དེ་ཡང་གོང་ཚེས་ཉིན་ཀྱི་ཞོགས་པའི་ཆུ་ཚོད་ སྐྱབས་མཆོག་རིན་པོ་ཆེའི་གཟིམ་ཆུང་ལུགས་ཟུང་གཡས་སུ་འཁྱིལ་བའི་དགའ་ཚལ་ནས་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་དཀོན་མཆོག་རྒྱ་མཚོ་དང་། བོད་ནས་ཆེད་ཕེབས་གནང་བ་ཀིརྟིའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་འགྲུབ་གླིང་དགོན་གྲོང་གི་སྐུ་ཚབ། སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེན་ལྡན་བཀྲ་ཤིས་འཁྱིལ་དགོན་གྲོང་གི་སྐུ་ཚབ། རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་དགོན་གྲོང་གི་སྐུ་ཚབ། ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་དང་མཁར་དགུའི་དཔོན་པོ་བཅས་དགོན་གྲོང་གི་སྐུ་ཚབ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སོགས་ཀྱིས་སྤོས་སྣེ་རྒྱ་གླིང་དང་བཅས་ཚོམས་ཆེན་གྱི་བཞུགས་ཁྲི་རིན་པོ་ཆེར་གདན་འདྲེན་གྲུབ་འཕྲལ། སྐྱབས་མཆོག་རིན་པོ་ཆེ་ནས་བཀའ་སློབ་ཕེབས་དོན། ད་སྐབས་གཟུགས་པོའི་གནས་སྟངས་ཡག་པོ་ཡོད་པ་དང་ད་བར་ཁོང་གི་ཆེད་དུ་བོད་གཞིས་བྱེས་གཉིས་ནས་ དགེ་རྩ་ཧ་ཅང་མང་པོ་ཞིག་བསྒྲུབས་གནང་འདུག་པ་འདི་དག་འཛམ་གླིང་ཞི་བདེའི་དེད་དཔོན། གངས་ཅན་པ་ལྷ་མི་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པ་དང་། ཕ་ཡུལ་གྱི་འབྲེལ་ཡོད་དགོན་སྡེ་ཁག་གི་ནང་དུ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོས་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་ལ་རྐང་འགན་བཞེས་ནས་ཡོད་པས་དེ་དག་གི་སྐུ་ཚེ་བརྟན་པ། བླ་མེད་རྫོགས་བྱང་གི་རྒྱུར་འགྲོ་བ་བཅས་ལ་བསྔོ་སྨོན་རྣམ་པར་དག་པ་གནང་དགོས་པ། གཞན་ཡང་ཉེ་སྔོན་ང་ཚོ་ལ་བཀྲ་མ་ཤིས་པ་ཞིག་བྱུང་བའི་སྐབས་སུ་གཞིས་བྱེས་གཉིས་ནས་བོད་མདོ་དབུས་ཁམས་གསུམ་དང་འཛམ་གླིང་ས་ཆ་མང་པོར་གནས་པའི་བོད་མི་མང་པོས་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གནང་ནས་ངོས་ཀྱི་ཞབས་བརྟན་ཡིན་ཟེར་ནས་དགེ་སྒྲུབ་ཧ་ཅང་མང་པོ་གནང་སོང་པར་ངོས་དང་འབྲེལ་ཡོད་ཚང་མའི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་བ་དང། དེ་ལྟར་གནང་བ་ནི་ང་ཚོས་ད་བར་ལྷག་བསམ་རྣམ་དག་གིས་བོད་མི་རིགས་དང་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་ལས་ཀ་བྱས་པ་དག་ལ་ངོས་འཛིན་ལེགས་པོ་གནང་བ་ཞིག་ཏུའང་མཐོང་གི་ཡོད། མ་འོངས་པ་ཡིན་ན་ཡང་ང་ཚོས་བོད་མི་མང་གིས་ཡིད་ཆེས་གནང་བ་ལྟར་མུ་མཐུད་ནས་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་། བརྟན་བཞུགས་ཀྱི་ཆོ་ག་སོགས་བྱེད་སྒོ་ཁག་དང་གཏང་རག་མཎྜལ་མཚམས་སུ་སླར་ཡང་། ཐུགས་དགྱེས་ཉམས་ཆེན་པོའི་སྒོ་ནས་བཀའ་ཕེབས་དོན། ངོས་ཀྱིས་རྒྱུ་དངོས་པོས་ཐོག་ནས་གྲ་རྒྱས་པོ་མ་ཡིན་པར་དོན་དམ་པའི་བརྟན་བཞུགས་ཤིག་དང་། སེམས་ལ་འཛིན་རྒྱུའི་བྲོ་ལྟ་བུ་ཞིག་དགོས་ཞེས་བཤད་པ་ལྟར་ཕ་ཡུལ་གྱི་དགོན་གྲོང་ཁག་ནས་སྐྱ་སེར་རིས་མེད་ཀྱིས་བརྟན་བཞུགས་དང་འབྲེལ་ནས་དགེ་རྩ་མང་པོ་བསྒྲུབས་ཟིན་པའི་ཐོ་དང་བསྒྲུབ་རྒྱུ་ཁས་ལེན་བྱས་པའི་སྙན་ཞུ་སོགས་ཤོག་གྲངས་བརྒྱ་ཕྲག་ཁ་ཤས་འབྱོར་འདུག་པས། དད་པ་དམ་ཚིག་བསྲེ་ལྷད་མེད་པ་ཞིག་གིས་ཀུན་ནས་བསླངས་པ་ཡིན་དུས་བྱིན་རླབས་དང་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་རེད་ལ། གོང་དུ་ཞུས་པ་ལྟར་དགེ་རྩ་རྒྱ་ཆེན་པོ་འདི་དག་བསྔོ་བ་སྨོན་ལམ་ཡག་པོ་ཞིག་གནང་དགོས་པ་གལ་ཆེན་པོ་རེད། ངོས་ཀྱིས་ཀྱང་ཚེ་རིང་པོ་ཡོང་བའི་རེ་བ་དང་སྨོན་ལམ་རྒྱག་གི་ཡིན་ལ། འཕྲོད་བསྟེན་ལ་ཡང་དོ་སྣང་ཆེན་པོ་བྱེད་ཀྱི་ཡིན། མ་གཞི་ཉེ་སྔོན་གློ་བུར་དུ་ནད་གཞི་ཚབས་ཆེན་ཞིག་གིས་བཟུང་བ་རེད་མ་གཏོགས། རྒྱུན་དུ་གཟུགས་པོའི་གནས་སྟངས་ཡག་ཐག་ཆོད་ཡོད་པས་ཁྱེད་རྣམ་པས་བློ་བདེ་པོ་བྱོས། དེ་རིང་འདིར་དངུལ་དངོས་གང་འཚམ་ཞིག་ཀྱང་འབྱོར་འདུག་པ་དག་མི་མང་གི་ཆེད་དུ་གཏོང་རྒྱུ་ལས་ང་རང་གིས་བེད་སྤྱོད་རྩ་བ་བྱེད་ཀྱི་མིན་ལ། སྔོན་ཆད་ནས་དེ་ལྟར་བྱས་པ་ཡིན། ངོས་རང་གྲྭ་པ་གྲྭ་རྐྱང་རང་བྱས་ནས་བསྡད་ཡོད། རྒྱས་སྤྲོ་རྩ་བ་ནས་བྱེད་མྱོང་མེད། དགོས་པ་ཡང་མི་འདུག ཅེས་སོགས་ཕེབས། མཐར་གཏང་རག་མཎྜལ་དང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་གསུང་འདོན་གནང་ནས་བྱེད་སྒོ་ཁག་ལེགས་པར་གྲུབ།

                         ད་ཐེངས་བརྟན་བཞུགས་འབུལ་མཁན་ཁག་ནི་ཀིརྟིའི་བྱེས་པ་གྲྭ་ཚང་། ཀིརྟིའི་དགེ་རྩ་ཚོགས་པ་དང༌། ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས། ཚ་ཁོའི་ཀིརྟི་མ་དགོན་ཀ་ལ་རི་བཀྲ་ཤིས་ལྷུན་འགྲུབ་གླིང༌། སྟག་ཚང་ལྷ་མོ་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་འཁྱིལ། རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང༌། ཧོར་ཚང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང༌། ཚོ་བདུན་ཀིརྟི དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང༌། གདོང་རི་ཀིརྟི དགོན་དགེ་ལྡན་དམ་ཆོས་གླིང༌། མདོ་སྨད་དབུས་རྒྱུན་ལས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང༌། མདོ་སྨད་གླིང་གི་དྲ་ཚོམས་ནས་ཆེད་འཛུགས་བྱས་པའི་ཞབས་རིམ་ཚོགས་ཆུང༌། འབྲས་རོང་པོ་ཁང་ཚན། འབྲུག་དང་བལ་ཡུལ་དུ་གནས་སྡོད་ཀྱི་འབྲེལ་ཡོད་ཁག རྨེའུ་མགོན་པོ་མཚོ་དང་དབང་འཛིན་ལྷ་མོ་སོགས་ས་གནས་མ་འདྲ་བ་མང་པོ་ནས་ཕེབས་པ་རྣམས་ཀྱིས་བརྟན་བཞུགས་ཀྱི་ཆེད་དུ་སྐུ་གསུང་ཐུགས་རྟེན་སོགས་བསྟར་འབུལ་ཞུས་ཡོད་པ་བཅས།

20186.21 2 20186.21 1
20186.21 3 20186.21 4
20186.21 5  

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.