3L2A7927 Desktop Resolution༄༅།། ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༡༢ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁས་པའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་༸སྙན་སེང་ཞུས་དོན་ལྟར། སྙིགས་དུས་ཀྱི་འདུལ་བ་འཛིན་པ་མདོ་སྔགས་བསྟན་པའི་གཙུག་རྒྱན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་དངོས་ཕེབས་ཀྱིས་གྲྭ་ཚང་གི་མཁན་རིན་པོ་ཆེས་

དབུས་དགེ་སློབ་ལས་བྱེད་ཡོངས་ལ་དུས་རབས་གཉེར་གཅིག་པའི་ནང་པ་ཞིག་བྱེད་པའི་ཆ་རྐྱེན་དང་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་དང་མཇུག་ཏུ་དྲི་བ་ཁག་ལ་བཀའ་ལན་གནང་བ་བཅས་ཀྱི་སྐལ་བཟང་མངོན་དུ་གྱུར།

    དེ་ཡང་ཐོག་མར། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པའི། །གོའུ་ཏམ་དེ་ལ་ཕྱག་འཚལ་ལོ། ཞེས་པས་སྟོན་པ་ཐུགས་རྗེའི་བདག་ཉིད་མཉམ་མེད་ཟས་གཙང་སྲས་པོར་བསྟོད་ཕྱག་ཕུལ་ཞིང་། མཁན་རིན་པོ་ཆེས་གཙོས་འདུས་མང་ཡོངས་ལ་འཚམ་འདྲི་གནང་།

      དེ་ནས་བརྗོད་གཞི་དངོས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་པའི་ཆ་རྐྱེན་དང་འོས་འགན་ཞེས་པའི་ཐོག་གསུངས་དོན། དུས་ཀྱི་རྣམ་བཞག་དེ་དེང་གི་ཚན་རིག་པ་དང་ནང་པ་གཉིས་ཀྱི་བརྗོད་གཞི་གལ་ཆེན་ཞིག་ཡིན་ལ། ནང་པའི་གྲུབ་མཐའ་སྨྲ་བ་བཞི་སོ་སོར་ཡང་དུས་ལ་ལྟ་ཚུལ་མི་མཐུན་པ་ཡོད་ཚུལ་སོགས་དང་། དེ་འབྲེལ་དུས་རབས་ཉེར་གཅིག་པ་ཞེས་པ་ལས་འཕྲོས་ཏེ་དུས་རབས་ཀྱི་སྐོར་ལ་ནུབ་ཕྱོགས་པ་དང་རྒྱ་གར། བོད་སོགས་ལ་རང་རང་གི་ཐུན་མོང་མ་ཡིན་པའི་བརྩི་སྟངས་མི་འདྲ་བ་མང་པོ་ཡོད་པའི་སྐོར་ལ་ཅུང་རྒྱས་བཤད་གནང་ཞིང་། དེང་སྐབས་ནུབ་ཕྱོགས་པའི་དུས་རབས་བརྩི་སྟངས་ཀྱིས་ཤར་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་རང་རང་གི་དུས་རབས་བརྩི་སྟངས་ཧ་ལམ་རྒྱུས་མེད་ལྟ་བུར་འགྱུར་བཞིན་ཡོད་པ་འདིས་ནུབ་ཕྱོགས་པའི་རིག་གནས་སོགས་ཀྱིས་དབང་བསྒྱུར་འོག་འགྲོ་བཞིན་པ་མཚོན་ཚུལ་སོགས་དང་།

        དེ་བཞིན་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་པའི་ཆ་རྐྱེན་ཞེས་པ་ལས་འཕྲོས་ནས་སྤྱིར་ནང་པ་ཞིག་བྱེད་པའི་ཆ་རྐྱེན་ལ་སྤྱོད་པ་ཉམས་ལེན་གྱི་ཆ་ནས་སོ་སྐྱེས་ཕལ་བ་ཞིག་ནང་པར་ཚུད་པ་ལ་སྐྱབས་འགྲོ་རྒྱུད་ལ་ཡོད་དགོས་པ་དེ་ཨང་དང་པོ་རེད། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་ཙམ་གྱིས་སྐྱབས་སུ་འགྲོ་དགོས་ཀྱི་ཡོད་མེད་དེ་རྩོད་གཞི་ཡིན་ཙང་ཁས་ལེན་པ་ཙམ་གྱིས་ནང་པར་ཚུད་ཀྱི་ཡོད་མེད་དེ་ཡང་དཔྱད་གཞི་རེད། གཞུང་མང་པོའི་ནང་ལ་བསྟན་པའི་འཇུག་སྒོ་དམ་པ་སྐྱབས་འགྲོ་གསུངས་ཡོད་པས་སྐྱབས་འགྲོ་རྒྱུད་ལ་མ་སྐྱེས་པར་ནང་པར་ཚུད་ཀྱི་མེད་སྐོར་སོགས་དང་། ལྟ་བའི་ཆ་ནས་ནང་པར་ཚུད་པ་ལ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་དགོས་པའི་སྐོར་དང་།

        དེ་གཞི་ལ་བཞག་པའི་ཐོག་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་པའི་ཆ་རྐྱེན་ལ་གང་ཞིག་དགོས་པའི་སྐོར་ལ་ཡང་དཔེ་མཚོན་དང་བཅས་ཏེ་གསུངས་གནང་ཞིང་། མདོར་བསྡུར་ན་དུས་རབས་ཉེར་གཅིག་པའི་ནང་པ་ཚད་ལྡན་ཞིག་བྱས་ནས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་ཕན་ཐོགས་པ་ཞིག་བྱེད་རྒྱུའི་འདོད་པ་ཡོད་ན། དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཀྱི་ནང་ལ་དཔུང་བ་བསྡུར་ནས། མགྲིན་པ་གཟེངས་སུ་བསྟོད་དེ། འདྲ་མཉམ་གྱི་ཐོག་ནས་འགྲོ་ཐུབ་པ་དགོས་པ་དེ་གལ་ཆེན་པོ་རེད། དུས་རབས་ཉེར་གཅིག་པའི་མིའི་ཁམས་དང་བསམ་པ་དང་བག་ལ་ཉལ་རགས་རིམ་ཙམ་ཞིག་མ་མཐོང་ན་འབེན་མ་མཐོང་བར་མདའ་འཕངས་པ་ནང་བཞིན་ཆགས་འགྲོ་ཡི་རེད། དེ་མཐོང་བ་ལ་དེང་རབས་ཀྱི་འཇིག་རྟེན་ལྟ་ཚུལ་དེ་ཤེས་དགོས་པ་གལ་ཆེན་པོ་རེད། དེ་ལ་ཕྱིའི་སྐད་ཡིག་རེ་ཟུང་ཤེས་དགོས་པ་དང་། དགོས་ངེས་ཀྱི་འཕྲུལ་རིགས་བེད་སྤྱོད་གཏོང་སྟངས་ཤེས་དགོས་པ་སོགས་གསུངས།

           ཡང་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་པའི་གང་ཟག་ཅིག་གིས་རང་གི་མི་ཚེ་དེ་ནང་པ་སངས་རྒྱས་པ་རང་བྱས་ནས་བསྐྱལ་རྒྱུའི་འདོད་པ་ཡོད་པ་དང་། སྤྱི་ཚོགས་དེ་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ནང་ལ་བསྡད་དགོས་པ་ཆགས་དུས་དེ་འགལ་ཟླ་ཆེན་པོ་ཡིན་པའི་སྐོར་དང་། ༸གོང་ས་སྐྱབས་མགོན་ཆེན་པོས་འདས་པའི་ལོ་སུམ་ཅུ་སོ་གྲངས་ཤིག་ལ་ཚན་རིག་པ་དང་འབྲེལ་བ་གནང་བའི་དབང་གིས་ད་ལྟ་འཇིག་རྟེན་ཁྱོན་ཡོངས་ཀྱི་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་ཀྱི་ལམ་ཕྱོགས་ལ་འགྱུར་བ་ཞིག་གམ་ཤུགས་རྐྱེན་ཞིག་ཐེབས་འགྲོ་ཡི་ཡོད་པ་རེད། ཤུགས་རྐྱེན་དེ་དུས་ཐུང་ནང་རྫོགས་འགྲོ་བ་ཞིག་མ་ཡིན་པར་ཤུགས་ཆེ་རུ་འགྲོ་བ་དང་། དེའི་དབང་གིས་དུས་ཀྱི་གནས་བབ་ཁོ་རང་ལ་འགྱུར་བ་ཞིག་གཏོང་འགྲོ་ཡི་ཡོད་པ་སོགས་ཀྱི་གལ་གནད་ཆེ་བ་མང་པོ་གསུངས་པར་མ་ཟད། མཇུག་ཏུ་ཡིག་ཐོག་ནས་ཕུལ་བའི་དྲི་བ་ཁག་ལ་བཀའ་ལན་ཟབ་ཅིང་གསལ་བ་གནང་བ་སོགས་ཀྱི་སྒྲ་ཆ་ཚང་གཤམ་གྱི་དྲ་ཐག་བརྒྱུད་ཉན་ཐུབ་པ་བཟོས་ཡོད་པས། སྐྱེས་བུ་དམ་པར་གུས་ཤིང་དམ་པའི་ལེགས་བཤད་དོན་དུ་གཉེར་བ་རྣམས་ཀྱིས་དགྱེས་བཞིན་དུ་གསན་པར་རིགས་སོ་ཞེས་ཀྱང་ཞུའོ།།

སྒྲ་ཆ་ཚང་ལ་འདི་ནས་ཉན་ཐུབ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.