3L2A6070 Desktop Resolutionཕྱི་ལོ་༢༠༡༦ ཟླ་༩ ཚེས་༦ རེས་གཟའ་མིག་དམར་ཉིན་ནས་ཉིན་གྲངས་ཉི་ཤུ་ཙམ་གྱི་རིང་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བའི་བཤེས་གཉེན་༸བློ་བཟང་དཀོན་མཆོག་རྒྱ་མཚོ་མཆོག་གིས་གྲྭ་ཚང་གི་དཔེ་མཛོད་ཁང་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད་དང་། ༸སྐྱབས་མགོན་༸ཀིརྟི་སྐུ་ཕྲེང་བརྒྱད་

པ་ཀུན་གཟིགས་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་སྔགས་ཀྱི་བསྡུས་དོན་གསང་ཆེན་བདུད་རྩིའི་སྙིང་པོ་གཉིས་ཀྱི་བཤད་ལུང་ལེགས་པར་གནང་། གསུང་ཆོས་དེ་ནི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ལ་ཉེ་བའི་དགེ་བཤེས་ལྷ་རམས་པ་དགེ་བྱང་ཆུབ་སངས་རྒྱས་མཆོག་གིས་སྔ་རྗེས་སུ་ཞུས་དོན་ལྟར་གནང་བ་ཞིག་ཡིན་པ་དང་། དེ་ཡང་གསུང་ཆོས་ཀྱི་ཉིན་དང་པོར་རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་གྱི་ལྗོངས་སུ་ཚད་མ་རིག་པའི་དར་འཕེལ་གྱི་བྱུང་རབས་དང་། ལྷག་པར་༸འཇམ་མགོན་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་ཆེན་པོ་ཡབ་སྲས་རྣམས་ཀྱིས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་དང་སྦྱར་བའི་ཚད་མའི་དགོངས་འགྲེལ་གྱི་

 

3L2A6075 Desktop Resolutionབསྟན་བཅོས་མང་དུ་མཛད་དེ་སློབ་དཔོན་ཕྱོགས་གླང་དང་དཔལ་ཆོས་ཀྱི་གྲགས་པ་སོགས་ནས་བརྒྱུད་པའི་ཚད་མ་རིག་པ་འདི་ཉིད་ཕྱིའི་རིགས་འཕྲུལ་གཅོད་བྱེད་ཙམ་མ་ཡིན་པར་ནང་གི་སེམས་རྒྱུད་འདུལ་བའི་ཐབས་སུ་གསལ་བར་མཛད་ཚུལ་སོགས་ཀྱི་སྔོན་འགྲོའི་གསུང་བཤད་ཟབ་རྒྱས་སུ་གནང་རྗེས་བཤད་ལུང་འགོ་འཛུགས་གནང་། སྔགས་ཀྱི་གསུང་ཆོས་དབུ་འཛུགས་སྐབས་སྤྱིར་གསང་སྔགས་ཀྱི་གོ་དོན་དང་དེ་ཉིད་རང་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་ཚུལ་སོགས་དང་། གཞན་ཡང་དམིགས་བསལ་སྔགས་ཀྱི་བསྡུས་དོན་འདི་ཉིད་མཛད་པ་པོ་ཀིརྟི་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར། སྔགས་བསྡུས་འདི་ཉིད་ཇི་ལྟར་མཛད་པའི་ཚུལ་ལམ་དགོས་པ། དེ་ཉིད་པཎ་ཆེན་བསོད་ནམས་གྲགས་པའི་གསང་འདུས་བསྐྱེད་རྫོགས་དང་མཐུན་པའི་སྒོ་ནས་འགྲེལ་ཚུལ་སོགས་སྔགས་བསྡུས་ཀྱི་ས་བཅད་སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་མཛད་པ་<<ལེགས་བཤད་ནོར་བུའི་མེ་ལོང་>>དང་སྦྱར་ནས་བཀའ་ཁྲིད་གནང་། ཐར་ལམ་གསལ་བྱེད་ཀྱི་བཤད་ལུང་གི་རྒྱུན་དངོས་སུ་གསན་ས་དེ་གཞིས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་ལྷོ་བ་དགེན་ཡེ་ཤེས་འཇམ་དབྱངས་མཆོག་ཡིན་ཞིང་། ཁོང་གིས་ཚུལ་ཁང་བླ་མ་རིན་པོ་ཆེ་དང་། ཚུལ་ཁང་བླ་མ་རིན་པོ་ཆེས་བྲག་ཡབ་བློ་ཡག་རིན་པོ་ཆེ་ལ་གསན་པ་ཡིན་འདུག སྔགས་བསྡུས་ཀྱི་བཤད་ལུང་གི་རྒྱུན་ནི་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པའི་དྲུང་ཡིག་མཁས་དབང་ཨ་ཁུ་སངས་རྒྱས་མཆོག་དང་། སྒིས་སྟིང་བློ་བཟང་དཔལ་ལྡན་བཅས་ནས་བརྒྱུད་ཅིང་། མཁན་རིན་པོ་ཆེས་དངོས་སུ་གསན་ས་དེ་བསེ་ཚང་བློ་བཟང་དཔལ་ལྡན་དང་། ཀིརྟིའི་མཚན་ཞབས་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་འཇིགས་མེད་དམ་ཆོས་རྒྱ་མཚོ།  རྔ་པ་ཀིརྟིའི་དགོན་གྱི་དགེ་བཤེས་ཨ་ཁུ་འཇིགས་རྒྱམ། རྔ་བ་ཀིརྟི་དགོན་གྱི་ཁྲི་རབས་སོ་ལྔ་པ་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་བསྟན་པ་རྒྱ་མཚོ་བཅས་ཀྱི་མདུན་ནས་ཐེངས་འགར་ཞུས་ཡོད་འདུག གསུང་ཆོས་ལ་ཕེབས་མཁན་དགེ་བཤེས་ལྷ་རམས་པ་དགེ་བྱང་ཆུབ་སངས་རྒྱས་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་ཟུར་ཨ་ལགས་ཐཱ་ལཱ་རིན་པོ་ཆེ་སོགས་བླ་སྤྲུལ་དང་དགེ་རྒན། དེ་བཞིན་སློབ་གཉེར་བ་སོགས་དགེ་འདུན་པ་དང་ཀོ་རི་ཡའི་བཙུན་མ་བཅས་ཁྱོན་གྲྭ་བཙུན་བཞི་བཅུ་ལྷག་རྒྱུན་ཕེབས་གནང་ཡོད་པ་བཅས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.