སྟག་ལུང་ཤེས་རབ་རྒྱ་མཚོ།

༄༅།། དེ་ཡང་སྐྱེས་བུ་དམ་པ་གང་ཞིག་སྨོན་ལམ་དང་སྙིང་རྗེའི་དབང་གིས་འཇིག་རྟེན་དུ་སྐུ་བལྟམས་པ་ན། གསང་གསུམ་གྱི་མཛད་པ་མཐའ་དག་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བ་བཞིའི་སྒོ་ནས་ཉོན་མོངས་པའི་རྟོག་པ་ཀུན་ཏུ་འབྱམས་པའི་གདུལ་བྱ་རྣམས་ཀྱི་ཁམས་དང་མོས་པར་གཟིགས་ཏེ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་ཕྱེས་ནས་རང་རང་གི་རྒྱུད་ལ་མངོན་མཐོ་དང་ངེས་ལེགས་ཐོབ་པའི་ཐབས་འབའ་ཞིག་ལ་བརྩོན་པ་ནི་ས་ལ་གནས་པའི་བྱང་འཕགས་རྣམས་ཀྱི་ཐུགས་བསྐྱེད་ཀྱི་མཛད་པ་ཡིན་ལ། དེས་ན་སྤྱི་མཐུན་གྱི་བསོད་ནམས་ལས་འཁྲུངས་པའི་སྐྱེས་བུ་ཆེན་པོ་རྣམས་འཇིག་རྟེན་དུ་བྱོན་པའི་བསྐལ་བཟང་དགེ་བའི་ཉིན་དེར།

རྣམ་དཀར་གྱི་ལས་ལ་བརྩོན་པའི་སྐྱེ་བོ་དག་གིས་དམ་པའི་ཆོས་ཀྱི་དགའ་སྟོན་མངོན་པར་བགྱི་བ་ནི་སྔ་མོ་ནས་ད་ལྟའི་བར་བྱུང་བའི་ལམ་སྲོལ་བཟང་པོ་ཞིག་ཡིན་པས། ད་རེས་བདག་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་༧རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་མགོན་ཀིརྟི་སྐུ་འཕྲེང་བཅུ་གཅིག་པ་ཆེན་པོ་གང་ཉིད། ཇི་སྐད་དུ། བྱང་རྟ་མཆོག་གིས་སྟོང་གསུམ་བསྐོར་བའི་དུས། །དགུང་གཡུ་འབྲུག་གི་ཁ་ནས་གཏམ་སྙན་ཐོས། །ཤར་སྟག་མོའི་བུ་ལ་ཅོད་པན་འདོགས། །ཞེས་ཇི་ལྟར་ལུང་གིས་བསྔགས་པ་བཞིན་རབ་རྒྱལ་ཆུ་རྟ་ལོར་ཤར་སྟག་མོའི་སྒང་ལ་མཚན་དཔེའི་མེ་ཏོག་ཀུན་ནས་མཛེས་པར་བཞད་དེ། ཕྱི་ལུགས་བགྲང་བྱ་དོན་ལྔ་བཞེས་པའི་སྐུའི་འཁྲུངས་ཚེས་བཀྲ་ཤིས་དཔལ་གྱི་ཉིན་མོར། མགོན་པོ་གང་གི་མངའ་རིས་ཞིང་ཁམས་ཀུན་ཏུ་དགའ་དད་སྤྲོ་གསུམ་གྱིས་རྣམ་དཀར་དགེ་བའི་ལས་ལ་བྲེལ་བའི་སྐབས་འདིར། གུས་པས་ཀྱང་༧སྐྱབས་མགོན་མཐོང་བ་དོན་ལྡན་མཆོག་གིས་ཇི་ལྟར་འཁོར་ལོ་གསུམ་གྱིས་གཞན་དོན་རླབས་པོ་ཆེ་བསྐྱངས་པ་རྣམས་ཡིད་ལ་དྲན་བཞིན་ངག་གིས་བརྗོད་པ་དེའང་འཁྲུངས་ཚེས་བསུ་སྟངས་ཤིག་ཏུ་རློམ། དེས་ན་དུས་ཀྱི་ཡང་མཐའ་འདིར་ནག་ཕྱོགས་ཀླ་ཀློའི་དཔུང་གིས་གངས་ལྗོངས་བསྟན་སྲིད་སྐྱེ་རྒུའི་བདེ་སྐྱིད་དང་བཅས་པ་རྨེག་མེད་དུ་བཅོམ་པའི་གཉན་འཕྲང་ཅན་གྱི་སྐབས། ༧མགོན་པོ་མཆོག་སྐུ་ན་ཧ་ཅང་ཕྲ་ནའང་དུས་ཀྱི་འཕོ་འགྱུར་ལ་གཟིགས་ཏེ་འཕགས་ཡུལ་དུ་ཞབས་སོར་བདེ་བར་འཁོད་ནས་བོད་བསྟན་སྲིད་སྤྱི་དང་། སྒོས་སུ་བདག་ཅག་སློབ་འབངས་རྣམས་འཕྲལ་ཕུགས་བདེ་སྐྱིད་ཀྱི་དཔལ་ལ་འགོད་སླད། ལུགས་གཉིས་ཀྱི་མཛད་པ་ཇི་སྙེད་ཅིག་བསྐྱངས་པ་ལས་ཆ་ཙམ་གླེང་ན། དེང་གི་དུས་འདིར་དམ་པ་གོང་མའི་སྐྱེ་འཕྲེང་དུ་རློམ་པ་འགའ་རེ་འཇིག་རྟེན་རང་ག་བ་དང་ཁྱད་མེད་པར་དད་འབུལ་དངོས་རྫས་ལ་བག་མེད་ལོངས་སུ་སྤྱོད་ཅིང་། དགྲ་འདུལ་གཉེན་སྐྱོང་གི་ཉི་ཚེ་བའི་ལས་འབའ་ཞིག་ལ་གཞོལ་བ་མཐོང་ཆོས་སུ་གྲུབ་ཀྱང་། ༧མགོན་པོ་གང་གིས་ལོ་རྒྱུས་ཀྱི་རྒྱུན་ཐག་རིང་བའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་གྱི་འགྲོ་ལུགས་དེ་ཡང་བསྒྱུར་བཅོས་ཀྱིས་དེང་དུས་མང་གཙོའི་ཁྱད་ཆོས་ལྡན་པའི་ཀིརྟིའི་དགེ་རྩ་ཚོགས་པ་ཞེས་པ་གསར་དུ་བཙུགས་ཏེ། རྒྱ་མཚོའི་རྦ་རླབས་རྒྱ་མཚོར་ཐིམ་པའི་དཔེ་བཞིན་དད་འབུལ་དངོས་འབྱོར་གང་བྱུང་ཆུད་མི་ཟ་བར་ནད་པ་ཉམ་ཐག་དང་། རྒས་གཅོང་བདག་མེད། སློབ་ཡོན་བཅས་ཀྱི་ཐོག་རོགས་རམ། འབྲེལ་ཡོད་དགོན་སྡེ་ཁག་གི་ཆོས་འཆད་ཉན། བསླབ་པ་སློབ་གཉེར། སྒྲིགས་ལམ་ཀུན་སྤྱོད། འདོན་ཕྱག་ལེན་སོགས་ཉམས་པ་སླར་གསོ། མ་ཉམས་གོང་སྤེལ་དང་། རུ་ལྷ་སྡེ་ལའང་ཆོས་མཐུན་གྱི་རོགས་སྐྱོར་བྱེད་རྒྱུས་མཚོན་སྐྱེ་དགུའི་བདེ་རྩ་ཁོ་ནར་གཏོང་བའི་སྤྱི་ལ་སྨན་པའི་མཛད་བཟང་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་ལ་ཆེ་དགུ་དག་གིས་ཀྱང་ཡི་རང་གི་བསྔགས་པའི་མེ་ཏོག་གཏོར་མྱོང་ལ། འགྲོ་བ་རྣམས་ཀྱི་ཕན་བདེའི་འབྱུང་གནས་གཅིག་པུར་གྱུར་པ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ཞིང་། དེ་ལའང་ཚུལ་གནས་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱིས་འཛིན་སྐྱོང་གལ་ཆེ་བར་གཟིགས་ཏེ། རང་རེའི་གདན་ས་བཞིས་གཙོས་དགོན་མ་ལག་ཐམས་ཅད་ཀྱི་འཆད་ཉན་སློབ་གཉེར་དང་སྒྲིག་ལམ་གཅིག་གྱུར་གྱིས་དམ་ཆོས་འདུལ་བའི་དགོངས་དོན་གྱི་སྙིང་པོར་འདྲིལ་ཞིང་། ཡུལ་དུས་དང་མི་འཚམ་པའི་མ་དག་རྒྱུན་འབྱམས་སུ་གནས་པའི་སྔ་སྲོལ་མང་པོ་ཞིག་ལེགས་བཅོས་ཀྱིས་དེང་དུས་སྤྱི་ཚོགས་ཀྱི་གནས་བབས་དང་མཐུན་པའི་བཅའ་ཡིག་ཟུར་རྒྱན་དང་བཅས་མཛད་པར་དགོན་སྡེ་སོ་སོས་ཕྱག་བསྟར་ཉམས་བཞེས་ཀྱིས་སྔར་ལས་ལྷག་པའི་སྡེ་སྣོད་གསུམ་གྱི་འཆད་ཉན་ཇེ་རྒྱས་སུ་བཏང་ཞིང་། དེ་སྔ་གསང་ཕུར་བྱམས་ཆོས་སྡེ་ལྔའི་འཆད་ཉན་གཙོ་བོར་མཛད་པའི་ཕར་ཕྱིན་དབྱར་ཆོས་དང། སྡེ་བདུན་མདོ་དང་བཅས་པར་བརྒལ་བརྟག་གསན་བཞེས་མཛད་པའི་འཇང་དགུན་ཆོས་སོགས་དབུས་སུ་འཆད་ཉན་ཆེས་ཆེར་རྒྱས་ནའང་། མདོ་རོང་ཡུལ་དུ་དེ་ལྟ་བུའི་ཆོས་ཐོག་གི་མིང་ཙམ་ཡང་མེད་པས། ༧མགོན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་དབུ་སེམས་ཀྱི་ལྟ་བའི་རྣམ་བཞག་ཕྲ་ཞིང་ཞིབ་པར་གཏན་ལ་ཕབ་པའི་བསྟན་བཅོས་དྲང་ངེས་ལེགས་བཤད་སྙིང་པོ་ཞེས་བྱ་བའི་གཞུང་ཆེན་མོ་དེ་འཆད་ཉན་གྱི་གཞི་གཙོ་བོར་བཟུང་བའི་ཕར་ཕྱིན་དབྱར་ཆོས་དང་། ཚད་མའི་དགུན་ཆོས་ཆེན་མོ་སྟེ་གདན་ས་བཞི་སོགས་འབྲེལ་ཡོད་དགོན་སྡེ་ཁག་མཉམ་འདུས་ཀྱིས་རྩོད་སྒྲུབ་ཀྱི་རིག་པའི་སྒོ་འཕར་ཡངས་པོར་ཕྱེས། ད་དུང་རང་རེའི་དགོན་སྡེ་རྣམས་སུ་གནའ་ནས་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞིའི་ཐོས་བསམ་སློབ་གཉེར་གྱི་སྲོལ་ལེགས་པོ་ཞིག་ཡོད་ནའང་། ཐུན་མོང་རིག་གནས་ལ་དེ་ཙམ་དོ་སྣང་མེད་སྟབས། གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེན་མོའི་དོན་ཕྱིན་ཅི་མ་ལོག་པར་བདེ་བླག་ཏུ་རྟོགས་པའི་ཐབས་དང་། བོད་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ཉམས་པ་སླར་གསོ། མ་ཉམས་གོང་འཕེལ་དུ་དམིགས་ཏེ་སུམ་རྟགས་དག་གསུམ་དང་། སྒྲ་སྙན་སྨན་རྩིས་སོགས་བོད་རང་གི་རིག་གཞུང་གཙོ་བོ་དང་། དབྱིན་རྒྱའི་སྐད་ཡིག་སོགས་ཕྱི་ཡི་རིག་གནས་རྣམས་བསྟན་པ་ཡུན་དུ་གནས་པའི་ཆ་རྐྱེན་དུ་དགོངས་ཏེ་དགོན་སྡེ་ཁག་ཏུ་ནང་བསྟན་སྔོན་འགྲོའི་སློབ་གླིང་རེ་གསར་འཛུགས་སོགས་ཀྱིས་གནའ་དེང་ཟུང་དུ་འབྲེལ་བའི་ཤེས་ཡོན་གྱི་ཁོར་ཡུག་ལེགས་པར་བསྐྲུན་ཏེ། དུས་རབས་ཉེར་གཅིག་པའི་དགེ་འདུན་པ་རྣམས་ཕྱི་ནང་གི་རིག་གནས་འདབ་གཤོག་གཉིས་དང་ལྡན་པ་ཞིག་བསྐྱེད་བསྲིངས་གནང་འདུན་གྱིས། དབང་པོ་རྣོ་རྟུལ་དང་མོས་ཁམས་སྣ་ཚོགས་པ་དང་རྗེས་སུ་མཐུན་པའི་སློབ་དེབ་ཇི་སྙེད་ཅིག་དགུང་ལོའི་བགྲེས་བབས་ལ་མ་གཟིགས་པར། མཛད་བྲེལ་གྱི་བར་གསེང་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་སྐུ་ངལ་ཚད་མེད་གནང་བཞིན་པའི་བཀའ་དྲིན་ཤེས་ནས་༧མགོན་པོ་གང་ལ་མི་ཕྱེད་དད་པའི་ཐལ་མོ་སྙིང་གར་ཟུམ་སྟེ། མཛད་འཕྲིན་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བསོད་ནམས་ཀྱི་བགོ་སྐལ་དུ་སོར་རྩེས་བླངས་པ་འདི་ཡང་རྣམ་དཀར་དགེ་བའི་རྒྱུ་རུ་གྱུར་ནས་ཚེ་རབས་ཀུན་ཏུ་༧སྐྱབས་མགོན་རྡོ་རྗེ་འཆང་གི་ཞབས་ཀྱི་པདྨོ་དང་མི་འབྲལ་བའི་སྨོན་འདུན་བཅས། སྐུའི་འཁྲུངས་ཚེས་ཉིན་གུས་སྟག་ལུང་སྤྲུལ་མིང་པ་བློ་བཟང་ཤེས་རབ་རྒྱ་མཚོས། ཕྱི་ལོ་ ༢༠༡༦ ཟླ་ ཚེས་ ཉིན་ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.