སློབ་དཔོན་རེ་མདོ་དཀོན་མཆོག་སེངྒེ།

༄༅།། བོད་ཀྱི་ཤེས་ཡོན་ལོ་རྒྱུས་ནང་རྩོམ་རིག་ཅེས་པའི་ཐ་སྙད་འདི་བྱུང་བ་མི་སྔ་ཞིང༌། གོ་དོན་གཏིང་ཚུགས་པ་ཞིག་ཀྱང་ཕལ་ཆེར་ཆགས་ཡོད་ཚོད་མི་འདུག བོད་ཕྱི་ནང་གི་རྩོམ་རིག་མཁས་པའི་ཁྲོད་སྙན་ངག་དང་རྩོམ་རིག་གཉིས་གོ་བ་གཅིག་དང་ཐ་དད་དུ་འཁྱེར་བའི་འགྲེལ་ལུགས་མི་འདྲ་བ་ཇི་སྙེད་ཡོད་ཚོད་ཀྱང༌། ང་ཚོས་ཐ་སྙད་འདིའི་གོ་དོན་དཔྱིས་ཕྱིན་པ་རྟོགས་དགོས་ན་ཐ་སྙད་འདི་སྐད་ཡིག་གང་ནས་འགྱུར་བའི་མ་སྐད་ཀྱི་ཐ་སྙད་དེའི་གོ་དོན་དང༌། རྩོམ་རིག་ཅེས་པའི་ཐ་སྙད་ཧྲིལ་པོ་འདི་ལ་བོད་རང་གི་སྐད་ཀྱི་གྲུབ་སྟངས་དང་གཤིས་ཀའི་ཐོག་ནས་གོ་བ་ཅི་ཞིག་འབབ་ཀྱི་ཡོད་མེད་ལ་བརྟག་པ་ཞིག་ངེས་པར་བྱ་དགོས། བོད་སྐད་ཀྱི་གྲུབ་སྟངས་དང་གཤིས་ཀའི་ཐོག་ནས་རྩོམ་རིག་ཅེས་པ་ཡང་རྩོམ་རིག་པ་ཞེས་པའི་བསྡུས་ཚིག་སྟེ་ནང་དོན་རིག་པ་དང༌། ཚད་མ་རིག་པ། སྒྲ་རིག་པ། བཟོ་རིག་པ། གསོ་བ་རིག་པ་ཞེས་པ་དང་འགྲོས་གཅིག་པའི་གོ་བ་ཞིག་ཀྱང་ཡོད་ངེས་པར་མ་ཟད།

རྩོམ་རིག་པ་ཞེས་པ་རྩོམ་གྱི་རིག་གནས་སམ་རྩོམ་གྱི་མཚན་ཉིད་སྟོན་པའི་གཞུང་ལུགས་ཤིག་ལ་གོ་བ་ཐ་སྙད་རང་བབ་ཀྱི་ཐོག་ནས་བཙན་ཚུགས་མི་དགོས་པར་འབྱུང༌། གོ་བ་འདིའི་དབང་དུ་བྱས་ན་རྩོམ་རིག་གམ་རྩོམ་རིག་པ་ཞེས་པ་ནི་རྩོམ་གྱི་ངོ་བོ་དང༌། དབྱེ་བ། རྣམ་གྲངས་བཅས་སྟོན་པའི་རྩོམ་གྱི་རིག་གནས་ཏེ། སྒྱུ་རྩལ་རྩོམ་རིགས་དང་སྒྱུ་རྩལ་རྩོམ་རིགས་མིན་པའི་རྩོམ་གྱི་རིགས་རྣམས་ཇི་ལྟར་འབྲི་བའི་ཐབས་སྟོན་པའི་གཞུང་ལུགས་ཤིག་ཡིན་དགོས།

 

                འོན་ཀྱང་བོད་ཀྱི་རྩོམ་རིགས་ལོ་རྒྱུས་ནང་རྩོམ་རིག་ཅེས་པའི་ཐ་སྙད་ཐོག་མར་སྒྱུ་རྩལ་གྱི་ཁྱད་ཉམས་ལྡན་པའི་ཕུལ་བྱུང་སྐད་ངག་གི་རང་བཞིན་ལ་གོ་བ་དང་བཀོལ་སྤྱོད་ཤུགས་ཆེར་གྱུར་འདུག་པར་བརྟེན། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་སོགས་གསུངས་པ་ལྟར་སྒྲ་ནི་མིའི་རྟོག་པའི་བརྗོད་འདོད་ཀྱི་རྗེས་སུ་འབྲངས་པ་ལས་སྒྲ་དོན་ལ་ཆོས་ཉིད་ཀྱི་འབྲེལ་བ་གཏན་འཁེལ་བ་ཞིག་མེད་པས། རྩོམ་རིག་ཅེས་པ་སྒྱུ་རྩལ་གྱི་ཁྱད་ཉམས་ལྡན་པའི་ཕུལ་བྱུང་སྐད་ངག་གི་རང་བཞིན་ལ་གོ་བའི་ལུགས་སུ་བྱས་ཀྱང་རིགས་པས་གནོད་པ་བསྟན་དུ་མེད། ཕྱི་ནང་རིག་གནས་གསར་རྙིང་ཀུན་ལ་མཁས་པའི་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་དང༌། ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་སོགས་ཡིད་ཆེས་འཕེར་བའི་མཁས་པ་གསར་པ་མང་པོ་ཞིག་གིས་ཀྱང་རྩོམ་རིག་ཅེས་པ་སྒྱུ་རྩལ་གྱི་ཁྱད་ཉམས་ལྡན་པའི་ཕུལ་བྱུང་སྐད་ངག་ལ་གོ་བ་འཐད་ཕྱོགས་སུ་བཞེད་པ་ཡང་དགོངས་པའི་གཞི་རྩ་འདི་འདྲ་ཞིག་ལ་གཏད་པ་ཡིན་ངེས་པས། འདིར་ཡང་རྩོམ་རིག་ཅེས་པ་སྒྱུ་རྩལ་རྩོམ་རིགས་སྤྱི་ལ་ཁྱབ་པ་སྟེ་སྙན་ངག་དང་གོ་བའི་གནད་གཅིག་པའི་ཐ་སྙད་ཅིག་ལ་བྱ།

                དེ་ལྟར་ན་རྩོམ་རིག་ཅེས་པ་སྒྲ་ཡངས་འཇུག་གི་དབང་དུ་བྱས་པའི་སྙན་ངག་དང་གོ་བ་གཅིག་ཏུ་འབབ་པས། བོད་ཀྱི་རྩོམ་རིག་གམ་སྙན་ངག་ལ་རྩོམ་ལུས་ཀྱི་དབང་དུ་བྱས་ན། སྙན་ངག་མེ་ལོང་ལས། ཚིགས་བཅད་རྐང་བཞི་པ་དེ་ཡང༌། །ཞེས་སོགས་དང༌། ཡང༌། སྔོན་བྱུང་གཏམ་ལས་གྱུར་པའམ། །ཅིག་ཤོས་ལེགས་པ་ལ་བརྟེན་པ། །ཞེས་དང༌། ཡང༌། རྐང་པ་མེད་པའི་ཚིག་རྒྱུན་ནི། །ལྷུག་པ་བརྗོད་པ་དག་དང་གཏམ། །ཞེས་དང༌། ཡང༌། སྒེག་དང་རོལ་དང་སྟབས་ལ་སོགས། །ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང༌། །ཞེས་སོགས་གསུངས་པ་ལྟར། རྩོམ་རིག་ལ་ནང་དོན་དང་བརྗོད་ཐབས་ཀྱི་ཁྱད་པར་མ་འདྲ་བ་ལ་བརྟེན་པའི་སྙན་ཚིག་སྟེ་ཚིགས་བཅད་སྙན་ངག་དང༌། སྒྲུང་རྩོམ་སྙན་ངག ལྷུག་རྩོམ་སྙན་ངག ཟློས་གར་སྙན་ངག་བཅས་རྩོམ་ལུས་ཀྱི་ཁྱད་པར་མ་འདྲ་བ་བཞིར་དབྱེ་བའི་སྲོལ་གནའ་སྔ་མོ་ནས་རང་རེའི་རྩོམ་རིག་གཞུང་ལུགས་དང་ལག་ལེན་གཉིས་ཀར་དར་ཁྱབ་མི་ཆུང་བ་ཞིག་ཡོད། དབྱེ་བའི་རྣམ་གཞག་འདིའི་ལུགས་སུ་བྱས་ན་རང་རེའི་སྲོལ་རྒྱུན་གྱི་རྣམ་ཐར་རྩོམ་རིག་ནི་སྤྱི་ཡོངས་ཀྱི་ཆ་ནས་ལྷུག་རྩོམ་སྙན་ངག་གི་རིགས་སུ་བསྡུ་དགོས་པར་བསམས། འོན་ཀྱང་རྣམ་ཐར་རྩོམ་རིག་ལ་ཚིགས་བཅད་ཀྱི་ལུགས་སུ་བརྩམས་པ་ཡང་ཇི་སྙེད་མཆིས་པས་ཁྱབ་མཐའ་མི་འཆའ་བ་རྟོགས་དགོས། རྣམ་ཐར་རྩོམ་རིག་གིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ས་མིག་གལ་གནད་ཆེ་བ་ཞིག་བཟུང་ཡོད་ཀྱང༌། བོད་ཀྱི་རྣམ་ཐར་རྩོམ་རིག་ཐོག་མཐིལ་ཕྱིན་པའི་རྟོག་དཔྱོད་ཀྱིས་འབྲི་རྩོམ་བགྱིས་པ་ཤིན་ཏུ་དཀོན་པས་འདིར་གཤམ་དུ་རྣམ་ཐར་ཞེས་པའི་མཚན་དོན་དང་ངོ་བོ། རྣམ་ཐར་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས། རྣམ་ཐར་རྩོམ་རིག་གི་སློབ་གསོའི་རང་བཞིན། རྣམ་ཐར་རྩོམ་རིག་རྒྱུན་འཛིན་གྱི་ཐབས་ལམ་བཅས་ཀྱི་ཐད་རང་གི་རྒྱུན་ལྡན་གྱི་ལྟ་ཚུལ་འགའ་ཤས་ནག་འགྲོས་སུ་འགོད་པར་འདོད།

 

དང་པོ། རྣམ་ཐར་ཞེས་པའི་མཚན་དོན་དང་ངོ་བོ།

                སྤྱིར་རྣམ་ཐར་ཞེས་པ་ནི་མཚོན་ཐབས་སྒྱུ་རྩལ་གྱི་ཁྱད་པར་རམ་ཕྱི་ཚུལ་གྱི་རྣམ་པས་བཏགས་པ་ཞིག་མིན་པར་བསྟན་བཅོས་ཀྱི་ནང་དོན་ནམ་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཞིག་སྟེ། རྣམ་ཐར་གང་ཡིན་པ་ནི་སྤྱི་ཡོངས་ཀྱི་ཆ་ནས་རྗེ་ཙོང་ཁ་པའི་རྣམ་ཐར་ཐུབ་བསྟན་མཛེས་རྒྱན་ལས། བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་དེ་ལ་བརྟེན་ནས་མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུར་འགྱུར་བ་ཞིག་དགོས། ཞེས་དང༌། སློབ་དཔོན་དཔའ་བོས། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། །བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་རབ་ཏུ་དད་པར་འགྱུར། །ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། ཞེས་དང༌། རང་གཞན་རྒྱུད་ལ་དད་པ་སྤེལ་བར་བྱ་བ་དང༌། །ཆོས་དང་ལྡན་པའི་གཏམ་གྱིས་མགུ་ཕྱིར་དུ། །གསར་པའི་གཏམ་འགའ་འགོད་ལ་སྤྲོ་བ་བསྐྱེད། །ཅེས་སོགས་གསུངས་པ་ལྟར་དམ་པ་གང་གིས་རྒྱལ་བའི་བཤད་སྒྲུབ་ཀྱི་བསྟན་པ་ལ་ཐོས་བསམ་སྒོམ་པ་དང༌། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བ་གཞིར་བྱས་ཏེ། སྐུ་ཚེ་ཧྲིལ་པོར་ཀུན་ཁྱབ་གཞན་ཕན་གྱི་མཛད་འཕྲིན་བསྐྱངས་པའི་བྱུང་བ་ཡིག་ཐོག་ཏུ་བཀོད་པའི་རྩོམ་གཞུང་ཁྱད་པར་བའམ་ངག་རྒྱུན་རིགས་པས་དཔྱད་པ་བཟོད་པ་ཞིག་ཡིན་དགོས། ཚིག་དུམ་འདིའི་ཐོག་ནས་རྣམ་ཐར་གྱི་ངོ་བོའམ་རང་བཞིན་ཡང་ཇི་འདྲ་ཞིག་ཡིན་དགོས་པ་རྟོགས་ཐུབ་ཅིང༌། རྣམ་ཐར་མཛད་པ་པོའམ་རྩོམ་ལུགས་ཀྱི་ཁྱད་པར་མ་འདྲ་བ་བཻ་རོ་ལོ་ཙཱ་བས་མཛད་པའི་བཻ་རོའི་རང་རྣམ་པདྨའི་དགའ་ཚལ་ཞེས་པ་དང༌། སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའི་རང་རྣམ་དྲི་བྲལ་ཤེལ་གྱི་མེ་ལོང་ལྟ་བུ་རང་ཉིད་ཀྱི་སྐུ་ཚེའི་བྱུང་བ་རང་ཉིད་ཀྱིས་མཛད་པའི་རང་རྣམ་གྱི་རིགས་དང༌། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་མཉམ་མེད་ཇོ་བོ་ཆེན་པོའི་རྣམ་ཐར་རྒྱས་པ་ཡོངས་གྲགས་དང༌། གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱིས་མཛད་པའི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་ལྟ་བུ་གཞན་གྱིས་མཛད་པའི་གཞན་རྣམ་གྱི་རིགས། ཐུན་མོང་བའི་མཛད་པ་བརྗོད་བྱ་བྱས་པའི་ཐུན་མོང་བའི་རྣམ་ཐར་དང༌། གདུལ་བྱ་ཐུན་མོང་བ་ལ་བསྒྲགས་པར་མི་རུང་བའི་ཐུན་མོང་མིན་པའི་མཛད་པ་བརྗོད་བྱ་བྱས་པའི་གསང་རྣམ། གཞན་ཡང་ཉིན་རེའི་མཛད་པ་མཐའ་ཆགས་སུ་བཀོད་པའི་ཉིན་རྣམ། དེ་བཞིན་ཟླ་རྣམ་དང་ལོ་རྣམ་སོགས་རིགས་མ་ངེས་པ་ཇི་སྙེད་ཡོད། རྣམ་པའི་ཁྱད་པར་མ་འདྲ་བ་དེ་ལྟར་ཡང་རང་བཞིན་གྱི་ཆ་ནས་རྣམ་པར་ཐར་པའི་བསྟན་བཅོས་འདི་རིགས་ལ། རྗེས་འཇུག་གདུལ་བྱ་དང༌། ཀློག་པ་པོ་སྐྱེ་བོ་གཞན་རྒྱུད་ལ་རྣམ་པར་ཐར་པའི་ས་བོན་བསྐྲུན་པ་དང༌། མི་ཚེ་ཡང་དག་པའི་ལུགས་གཉིས་ཀྱི་བཅས་པ་དང་མ་འགལ་བར་བདེ་སྐྱིད་ལྡན་པའི་ངང་ནས་དོན་ལྡན་དུ་བསྐྱེལ་བའི་སློབ་སྟོན་དང་བསམ་བློའི་གཞི་མ་བསྐྲུན་པའི་རང་བཞིན་གྱི་ནུས་པ་ཞིག་ཐུན་མོང་དུ་ཡོད་དགོས། འོན་ཀྱང་དུས་ཕྱིས་སུ་རྩོམ་རིག་གི་སྒྲོ་བཏགས་ཀྱི་འབྲི་སྲོལ་ཆེས་ཆེར་དར་བས་ཆོས་ཀྱི་ཉམས་ལེན་གྱི་རིམ་པ་དང་མ་འབྲེལ་བའི་འཇིག་རྟེན་གྱི་བྱ་གཞག་དཀྱུས་མ་དགྲ་འདུལ་གཉེན་སྐྱོང་དང༌། ཁྱིམ་ཚང་དང་མི་ཚེའི་བྱ་གཞག་ཕལ་བའི་བྱུང་བ། རང་རྒྱལ་གཞན་ཕམ་དང་མི་གསོད་ཁྲག་སྦྱོར་གྱི་ལས་དོན་ལ་མི་ཚེའི་སྙིང་པོ་སྦྱར་བའི་ལོ་རྒྱུས་ཀྱི་རིགས་འགའ་ཤས་ཏེ། དཔེར་ན། བྱུང་བ་དངོས་ཡིན་མིན་གང་ལྟར་ཡང་ཨ་ཁུ་སྟོན་པས་གཡོ་ཐབས་སྣ་ཚོགས་ཀྱིས་འཚོ་བ་འཕྱིད་པའི་མི་ཚེའི་བྱུང་བ་དང༌། རྒྱ་ནག་པའི་གསར་བརྗེའི་དཔའ་བོར་གྲགས་པ་སུན་ཀྲུང་ཧྲན་གྱིས་དམག་ཐབས་དང་གཡོ་ཐབས་སྣ་ཚོགས་ཀྱིས་རང་གི་རྒྱལ་ཁ་འཐབ་རྩོད་བྱས་པའི་མི་ཚེའི་བྱུང་བ་ལྟ་བུ་སོགས་ལ་རྣམ་ཐར་ཅེས་འདོགས་པའི་སྲོལ་ཞིག་དར་ཡང༌། མཁས་དབང་ཨ་ལགས་ཚེ་ཏན་ཞབས་དྲུང་གིས། འཁོར་བའི་འདམ་ལས་སོར་གང་མ་འཕགས་ཕྱིར། །རྣམ་ཐར་བྱ་བའི་མིང་འདོགས་བྱེད་མི་འོས། །ཞེས་གསུངས་པ་ལྟར་ཡིན་པས་འདི་རིགས་ལ་རྣམ་ཐར་ཅེས་པའི་མིང་འདོགས་བྱ་མི་རུང་བར་མ་ཟད།

 

སྤྱིར་རྟོགས་བརྗོད་ཅེས་པ་ནི་ས་ལམ་གྱི་གནས་ཚད་མཐོ་བོར་གཤེགས་པའི་དམ་པ་རྣམས་ཀྱིས་སྐུ་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་པ་མཛད་པའི་འབྲས་རྟགས་སུ་རང་གི་ཉམས་དང་རྟོགས་པ་ཀློང་དུ་གྱུར་པའི་ཚུལ་སྐལ་བ་དང་ལྡན་པའི་རྗེས་འཇུག་གདུལ་བྱ་རྣམས་ལ་བརྗོད་པ་རྗེ་བླ་མའི་རྟོགས་བརྗོད་འདུན་ལེགས་མ་ལྟ་བུ་བཅོས་མིན་གྱི་ཉམས་རྟོགས་ཁོང་ནས་འཕྱུར་བ་ཞིག་དགོས་ཀྱང༌། དུས་ཕྱིས་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་མཛད་པ་བོད་ཀྱི་སྲིད་སྐྱོང་ཕོ་ལྷ་བའི་མི་ཚེའི་བྱུང་བ་ལ་མི་དབང་རྟོགས་བརྗོད་ཅེས་པ་དང༌། རང་གི་མི་ཚེའི་བྱུང་བ་བརྗོད་པ་ལ་བཀའ་བློན་རྟོགས་བརྗོད་ཅེས་བཏགས་པ་དག་ཀྱང་མཁས་དབང་ཨ་ལགས་ཚེ་ཏན་ཞབས་དྲུང་གིས། ཉམས་རྟོགས་ཡོན་ཏན་རི་བོང་རྭ་མཚུངས་ཕྱིར། །རྟོགས་བརྗོད་བྱ་བའི་མིང་ཡང་ཇི་ལྟར་རིགས། །ཞེས་གསུངས་པ་ལྟར་ཡིན་པས་འདི་རིགས་ཀྱི་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་གང་རུང་རུང་ཞིག་མིན་པར་གཟབ་དགོས་པའི་གནད་ཅིག་ཡོད།

 

གཉིས་པ། རྣམ་ཐར་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས།

                རྣམ་ཐར་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དངོས་མ་བཤད་པའི་གོང་དུ་ཁོ་བོའི་རྣམ་ཐར་དང་རྩོམ་རིག་བར་གྱི་འབྲེལ་བའི་ལྟ་ཚུལ་གནད་བསྡུས་ཤིག་ཀྱང་ངེས་པར་བཤད་དགོས་པར་སྣང༌། རྣམ་ཐར་ལ་རྩོམ་གིས་ཁྱབ་པ་དང༌། རྩོམ་རིག་ལ་རྣམ་ཐར་གྱིས་ཁྱབ་པའི་རྣམ་རྟོག་ཁོ་བོར་ཐོག་མཐའ་བར་གསུམ་དུ་འཆར་མ་མྱོང་ཡང༌། ཁོ་བོའི་མཐོང་ཚུལ་དུ་གནའ་བོའི་རྣམ་ཐར་རྙིང་པ་ཕལ་མོ་ཆེར་དཔེ་གཟུགས་དང་རབ་བཏགས་ཀྱི་ཁྱད་ཉམས་ཚད་མཐོ་བོ་ལྡན་མིན་ལ་མ་ལྟོས་པར་སྒྱུ་རྩོམ་གྱི་མཛེས་ཉམས་སྣ་ཚོགས་པ་ཞིག་རང་བཞིན་གྱིས་ལྡན་པར་སྣང༌། གནའ་བོའི་རྣམ་ཐར་རྙིང་པ་ཕལ་མོ་ཆེའི་བསྟན་བཅོས་སྤྱིའི་རྩོམ་འགྲོས་དྲང་པོར་བརྗོད་ཅིང་ཤིན་ཏུ་ལྷོད་ཆགས་པ། གསོན་ཉམས་ལྡན་ཞིང་དོན་གནད་དུ་གཞོལ་བ། གོ་རིམ་ཞིབ་ཚགས་དང་ནང་དོན་ཟབ་བརྗོད། ཁོར་ཡུག་གི་སྣང་བརྙན་དང་སྤྱི་ཚོགས་ཀྱི་གནས་བབ་ཞིབ་འབྲི། སྐུ་ཚེའི་བྱུང་བ་རྒྱས་བཤད་དང་བསྡུས་དོན་རྩལ་བཤད་བཅས་བྱུང་རབས་ལ་རྩོམ་རིག་གི་ཁྱད་ཆོས་སྣ་མང་ལྡན་པས་རྣམ་ཐར་རྩོམ་རིག་ཅེས་བྲིས་པ་ཡིན་མོད། རྩོམ་རིག་གི་ཁྱད་ཉམས་མི་ལྡན་པའི་རྣམ་ཐར་དང་རྟོགས་བརྗོད་ཀྱང་ཇི་སྙེད་ཡོད་པ་སྨོས་མ་དགོས། དེས་ན་གོང་དུ་བཤད་པ་ལྟར་རྣམ་ཐར་ཡིན་མིན་རྩོམ་གྱི་ཁོག་གཞུང་གི་ནང་དོན་སྤྱིའི་བབ་ཀྱི་ཐོག་ནས་འབྱེད་དགོས་པ་ལས་ཚིགས་བཅད་ལྷུག་དང༌། སྒྱུ་རྩལ་རྩོམ་རིག་གི་ཁྱད་ཆོས་ལྡན་མིན་ཙམ་གྱི་ཐོག་ནས་དབྱེ་མི་རུང་བ་ཡང་རྟོགས་དགོས།

 

                སྤྱིར་རྣམ་ཐར་ནི་མིའི་བྱུང་རབས་ཀྱི་ཆར་གཏོགས་ཡིན་ཞིང་མི་གྲུབ་པ་དང་མིའི་བྱུང་བ་རང་བཞིན་གྱིས་གྲུབ་པ་གཏམ་གྱི་སྤྲོས་པ་མ་དགོས་པའི་གནད་དོན་སླ་བོ་ཞིག་ཡིན། འགྲོ་བ་མིའི་འཚོ་བ་དངོས་ཀྱི་ནང་ལེགས་ཉེས་གཉིས་དང་བར་མ་ལུང་མ་བསྟན་བཅས་གསུམ་ཐོག་མ་ཉིད་ནས་བྱུང་ཡོད་པ་ལས། ལེགས་པ་སྟེ་གཞན་ཕན་གྱི་རང་བཞིན་ལྡན་པའམ་དོན་སྙིང་ལྡན་པའི་མི་ཚེའི་བྱུང་བ་རྣམས་རྣམ་ཐར་གྱི་རིགས་སུ་གཏོགས་པ་དང༌། ཉེས་པ་སྟེ་རང་རྒྱལ་གཞན་ཕམ་གྱིས་མི་ཚེ་འཕྱིད་པའི་བྱུང་བའི་རིགས་ལ་བྱུང་བ་ནག་པོའམ་ལོ་རྒྱུས་ནག་ཉེས་ཅན། ལེགས་ཉེས་གཉིས་སུ་མ་གཏོགས་པའི་བར་མ་ལུང་མ་བསྟན་གྱི་རིགས་རྣམས་མི་ཚེ་དཀྱུས་མའི་བྱུང་བ་བཅས་རིགས་མ་འདྲ་བ་གསུམ་གྱི་ཁོངས་སུ་བསྡུ་རུང་བའི་ལུགས་སུ་བྱས་ན། རྣམ་ཐར་གྱི་རིགས་སུ་གཏོགས་པའི་བྱུང་བ་ཤིན་ཏུ་སྔ་བ་བཤད་མ་དགོས། འོན་ཀྱང་ཡིག་ཐོག་ཏུ་འཁོད་པའི་རྣམ་ཐར་དངོས་ནི་ད་ལྟའི་དཔྱད་གཞིའི་ཡིག་ཆ་ལྟར་ན། རྒྱ་གར་དུ་སྔོན་སངས་རྒྱས་ཀྱི་བཀའ་མདོ་མཛངས་བླུན་སོགས་བྱང་ཆུབ་སེམས་པའི་ནང་རྟོགས་པའི་ཡོན་ཏན་བརྗོད་པ་སྐྱེས་རབས་ཀྱི་སྡེ་དང༌། དེ་བཞིན་སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པ། སློབ་དཔོན་རྒྱལ་པོའི་སྲས་སེངྒེ་ཞབས་འབྲིང་བས་མཛད་པའི་སྐྱེས་པའི་ཕྲེང་བ་སུམ་ཅུ་རྩ་ལྔ་པ། རྒྱལ་པོ་དགེ་དབང་ཡབ་སྲས་ཀྱིས་མཛད་པ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང༌། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ། མཐོ་བཙུན་གྲུབ་རྗེས་མཛད་པ་ཁྱད་པར་འཕགས་བསྟོད། བདེ་བྱེད་བདག་པོས་མཛད་པ་ལྷ་ལས་ཕུལ་བྱུང་གི་བསྟོད་པ་སོགས་བྱམས་བརྩེའི་མཛད་སྤྱོད་དང་ཡང་དག་པའི་ལྟ་བ་ཕྲ་རགས་བརྗོད་བྱའི་སྲོག་ཏུ་བྱས་པའི་ཚིགས་བཅད་རྟོགས་བརྗོད་ཚིག་ལ་སྒྱུ་རྩལ་གྱི་མཛེས་ཉམས་ཆེ་ཞིང༌། ནང་དོན་ལ་ཀུན་ཁྱབ་ཕན་བསྐྱེད་དང༌། རླབས་ཆེན་ལྟ་སྤྱོད་ཀྱི་ཟབ་ཁྱད་ལྡན་པ་འདི་འདྲ་སྐབས་དེའི་རྒྱ་གར་པའི་སྤྱི་ཚོགས་ནང་དར་འཕེལ་ཤུགས་ཆེན་བྱུང་འདུག་ཅིང༌།

 

                བོད་དུ་རྣམ་ཐར་གྱི་ཁྱད་ཆོས་ལྡན་པའི་རྩོམ་རིགས་དང་པོ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་ཀ་འཁོལ་མ་དང་སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ་དག་ཡིན། འདི་གཉིས་ཆ་གཏེར་ཆོས་ཡིན་པ་སྦྱར་བྱང་དུ་གསལ་ཞིང༌། རང་རྣམ་ཡིན་པའི་བཤད་ཚུལ་ཡོངས་གྲགས་སུ་ཡོད་ཀྱང༌། བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལ་སྤྱི་ཡོངས་ཀྱི་ཆ་ནས་རང་རྣམ་གྱི་རྣམ་པ་ལྡན་ཡང་བཀའ་ཆེམས་ཀ་འཁོལ་མའི་བརྗོད་ཚུལ་ལ་རང་རྣམ་གྱི་རྣམ་པ་ཡེ་ནས་མེད། གང་ལྟར་འདི་གཉིས་ལོ་རྒྱུས་ཀྱི་བཤད་སྲོལ་བཞིན་རང་གིས་རང་ཉིད་ཀྱི་བྱུང་བ་བརྗོད་པའི་རང་རྣམ་ཡིན་པ་ལ་བདེན་པའི་གཞི་རྩ་གཞན་ཞིག་ཡོད་ན། འདི་དག་བོད་ཀྱི་རྩོམ་རིགས་ལོ་རྒྱུས་ཙམ་དུ་མ་ཟད། འཛམ་གླིང་རྩོམ་རིགས་ལོ་རྒྱུས་སྟེང་ནས་ཀྱང་རང་གི་མི་ཚེའི་ལོ་རྒྱུས་རང་ཉིད་ཀྱིས་བྲིས་པའི་རྩོམ་རིག་སྔ་ཤོས་ཀྱི་གྲས་ཡིན་ཚོད་འདུག དེ་ནས་འབྲོམ་གྱིས་མཛད་པའི་མཉམ་མེད་ཇོ་བོ་ཆེན་པོའི་རྣམ་ཐར་རྒྱས་པ་ཡོངས་གྲགས་ཞེས་པ་དང༌། འཇིག་རྟེན་མིག་གྱུར་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་གསོལ་འདེབས། རྗེ་མི་ལ་རས་པའི་རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན། ཀརྨ་ཀམ་ཚང་གི་བླ་མ་བརྒྱུད་པའི་རྣམ་ཐར་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་སྟོད་ཆ་དང་སྨད་ཆ། མཁས་གྲུབ་རིན་པོ་ཆེས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་སོགས་རྣམ་ཐར་ཤིན་ཏུ་མང༌། བོད་ཀྱི་སྐད་ཡིག་ཐོག་ཏུ་ཡོད་པའི་བོད་མིའི་མཁས་གྲུབ་ཀྱི་རྣམ་ཐར་སྤྱིའི་སྡོམ་གྲངས་ནི་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། རྡ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་དཔེ་མཛོད་ཁང་དུ་ཡོད་པ་རྐྱང་པར་མཚོན་ན། དུས་རབས་ཉི་ཤུ་པའི་ཡར་སྔོན་གྱི་བོད་ཀྱི་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་བརྒྱ་ཕྲག་ལྔ་ལས་བརྒལ་བ་བཞུགས། འདིར་རང་རེའི་མཁས་གྲུབ་ཚོའི་རྣམ་ཐར་སྤྱིའི་བརྒྱ་ཆའི་ཉུང་ངུ་ཞིག་ལས་འཚོལ་བསྒྲིགས་བྱེད་ཐུབ་མེད་པ་འདི་རིགས་ལ་དོ་སྣང་ཡོད་པ་རྣམས་ཀྱིས་མཁྱེན་གསལ་ཡིན། 

 

                རྣམ་ཐར་གྱི་རྩོམ་སྟངས་ལ་ཡང་སྤྱི་ཡོངས་ཀྱི་ཆ་ནས་སྔ་མ་དག་ལས་ཕྱི་མ་རྣམས་ནང་དོན་ཁྱབ་རྒྱ་ཆེ་ཞིང་ཟབ་དོན་གྱི་རང་བཞིན་ལྡན་པའི་ཐོག བྱུང་བ་ཞིབ་འབྲི་དང་སྒྲིག་གཞི་ཞིབ་ཚགས། བརྗོད་པ་གསལ་ཞིང་བརྗོད་ཚིག་དང་མཚོན་ཐབས་ཕུལ་བྱུང་སྒྱུ་རྩལ་གྱི་མཛེས་ཉམས་ལྡན་པ་སོགས་ཁྱད་ཆོས་སྣ་མང་ལྡན་ཡང༌། རྣམ་ཐར་སྔ་ཕྱི་ཀུན་ལ་ཐུན་མོང་བའི་ཁྱད་ཆོས་ཤིག་ཡོད་པ་ནི། མི་སྣའི་སྐུ་ཚེའི་གཞན་དོན་བསྡུ་བཞིའི་ཉམས་ལེན་དང༌། རང་དོན་ཕྱིན་དྲུག་གི་ཉམས་ལེན། མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་གསུམ་བཅས་ཀྱི་ཡོན་ཏན་གཙོ་བོར་བརྗོད་པ་འདྲ་ཞིང༌། ཐུན་མོང་བའི་མཛད་པ་ཇི་སྙེད་ཅིག་བརྗོད་པ་དང་མཉམ་དུ་ཐུན་མོང་མིན་པ་ལྐོག་གྱུར་རྟོགས་པའི་ཡོན་ཏན་རྣམས་རྣམ་ཐར་གྱི་བརྗོད་དོན་གཙོ་བོར་མཛད། གཞན་ཡང༌། གནའ་སྔ་མོའི་རྣམ་ཐར་ཕལ་མོ་ཆེར་བྱུང་རབས་ཀྱི་ནང་དོན་ལྡན་པ་གང་ཞིག་ལ་སྔོན་བྱོན་བླ་མའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་འཁྱེར་ཤེས་པ་དང༌། སྐྱེ་བོ་གཞན་རྒྱུད་ལ་དད་པའི་བག་ཆགས་བསྐྲུན་པ་གཙོ་བོ་བྱས་ཏེ་ཆོས་ཕྱོགས་ཀྱི་ཡོན་ཏན་དང་བསླབ་བྱ་རྩལ་དུ་བཏོན་ནས་བྲིས་པ་ཤ་སྟག་ཏུ་སྣང་བ་ལས། བླ་མ་དེ་དང་དེ་དག་དང་འབྲེལ་བའི་སྤྱི་ཚོགས་ཀྱི་འཚོ་བ་དང༌། དཔལ་འབྱོར། ཞིང་ལས་ཕྱུགས་ལས། ཆབ་སྲིད་འཛིན་སྐྱོང༌། ཤེས་རིག་བཅས་ཀྱི་གནས་སྟངས་རྩལ་དུ་བཏོན་ནས་མཚོན་པ་ཤིན་ཏུ་ཉུང་ཞིང་ཕལ་ཆེར་མེད་པ་ལྟ་བུ་ཡིན་ཡང༌། ཕྱིས་སུ་སྤྱི་ཚོགས་དང་ཤེས་ཡོན་གསར་པའི་འོག་ནས་འཚར་ལོངས་བྱུང་བའི་རྣམ་ཐར་རྩོམ་འབྲི་པ་རྣམས་ཀྱིས་བྲིས་པ་ནི་ཆོས་ལུགས་ཀྱི་ཆེ་བ་དང༌། དད་པ་ཅན་ལ་འཆར་བའི་དག་སྣང་གི་བཤད་པ་རྩལ་དུ་བཏོན་པ་ཙམ་མ་ཡིན་པར། རྣམ་ཐར་གྱི་རང་བཞིན་མ་བརླག་པའི་ཐོག་ནས་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བའི་གནས་སྟངས་མང་པོ་ཞིག་ཀྱང་བླ་མའི་རྣམ་ཐར་དང་མཉམ་དུ་མཚོན་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་ཅིང༌། རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀུ་ལའི་གོས་བཟང་གིས་མཚོན་པའི་སྔ་མོའི་རང་རྣམ་ཕལ་མོ་ཆེར་སྤྱི་ཡོངས་ཀྱི་ཆ་ནས་མི་ཐུན་མོང་བའི་དངོས་ཡོད་འཚོ་བ་དང་མཐུན་པའི་ཉིན་རེའི་བྱུང་བ་བརྗོད་པ་ཤུགས་ཆེན་པོ་མཛད་ཡོད།

 

གསུམ་པ། རྣམ་ཐར་རྩོམ་རིག་གི་སློབ་གསོའི་རང་བཞིན།

                སྤྱིར་གོང་དུ་བཤད་པ་ལྟར་རྣམ་ཐར་རྩོམ་རིག་འདི་བྱུང་རབས་ཀྱི་ཆར་གཏོགས་པའི་རིག་གནས་ཤིག་ཡིན་ཡང༌། བྱུང་རབས་སྤྱིར་བཏང་བ་དང་མི་འདྲ་བར་ཆོས་ལུགས་ཀྱི་སློབ་གསོ་དང༌། ཀུན་སྤྱོད་ཀྱི་སློབ་གསོ། བསམ་བློའི་སློབ་གསོ། མི་ཚེའི་སློབ་གསོ་བཅས་ཤིན་ཏུ་དོན་སྙིང་ཆེ་བའི་སློབ་གསོའི་ནང་དོན་སྣ་མང་ལྡན་པར་མ་ཟད། མ་ལག་ཚང་བའི་སྲོལ་རྒྱུན་གྱི་ཤེས་ཡོན་ལམ་སྲོལ་དང༌། དུས་སྐབས་སོ་སོའི་རྩོམ་རིག་གི་གནས་བབ་ཀྱང་གསལ་པོ་མཚོན་ཐུབ་པའི་ཁྱད་ཆོས་ཁྱད་པར་བ་ཞིག་ཡོད། དེ་ལྟ་བུའི་ཟབ་ཅིང་བརླིང་བའི་སློབ་གསོའི་དོན་སྙིང་ལྡན་པ་སྐྱེས་ཆེན་ཚོའི་སྐུ་ཚེའི་བྱུང་རབས་བརྗོད་པའི་རྩོམ་སྲོལ་འདིས་སྔ་ནས་ད་བར་འགྲོ་བ་མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་འོ་ཅག་ཁ་བ་རི་པའི་ལོ་རྒྱུས་ནང་མིའི་བསམ་བློའི་ལྟ་གྲུབ་དང་ཀུན་སྤྱོད་ལ་ཡང་དག་པའི་སྣེ་ཁྲིད་བྱས་པས་མི་ཚད། གཞན་ཕན་སློབ་གསོའི་བག་ཆགས་ཀྱིས་སེམས་རྒྱུད་བརླན་པར་མཛད་ནས་སྤྱི་ཚོགས་ཞི་འཇམ་དང་བདེ་སྐྱིད་ལྡན་པ་ཞིག་ཏུ་གནས་ཐུབ་པར་ཕན་ནུས་ངེས་ཅན་ཐོན་ཡོད། ཁ་གསལ་པོ་བྱས་ནས་བཤད་ན་བོད་མི་རིགས་དང་དེའི་བསམ་བློའི་རྟེན་ཁུངས་ཀྱི་རིག་པའི་གཞུང་ལུགས་གཉིས་ཀར་གཞན་དང་མི་འདྲ་བ་ཞིག་ཡིན་ཞེས་ཚིག་སྦྱོར་བདེ་མོས་དྲིལ་སྒྲོགས་བྱས་པ་ཙམ་མ་ཡིན་པར། ཡུལ་དུས་དང་གདུལ་བྱའི་ཁམས་མོས་མ་འདྲ་བའི་གནས་བབ་དང་བསྟུན་རྣམ་པ་མི་འདྲ་བའི་སྒོ་ནས་སྐུ་ཚེ་ཧྲིལ་པོ་གཞན་དོན་དུ་གཞོལ་བར་མཛད་པའི་གཏམ་རྩོམ་རིག་སྒྱུ་རྩལ་སྣ་ཚོགས་པའི་ལམ་ནས་བསྟན་བཅོས་ཀྱི་ལུགས་སུ་བརྩམས་པའི་རྣམ་ཐར་རྩོམ་རིག་འདི་རྣམས་ནང་དོན་དེ་དག་མཚོན་པའི་འགྱུར་མེད་གསོན་གཟུགས་ཀྱི་རྡོ་རིང་ངོ་མ་ཞིག་ཡིན།

 

                སྤྱིར་སྒྱུ་རྩལ་རྩོམ་རིག་དང་སྒྱུ་རྩལ་རྩོམ་རིག་མིན་པའི་སློབ་གསོའི་རྣམ་གཞག་ཤིན་ཏུ་མང་ཡང༌། རྣམ་ཐར་རྩོམ་རིག་གི་སློབ་གསོའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ནི། ཞལ་སྤྱི་ཚོགས་ལ་ཕྱོགས་ནས་ཁྱོད་ཀྱིས་འདི་དང་འདི་བྱོས་ཞེས་བླང་དོར་གྱི་གལ་གནད་ཡིག་ཕྲེང་དུ་འཆད་སྤེལ་བྱས་པ་ཙམ་མ་ཡིན་པར། རྣལ་འབྱོར་པ་རང་ཉིད་ཀྱིས་བླང་དང་དོར་བྱའི་གནད་མ་འཕྱུག་པར་མཛད་པའི་ཉམས་ལེན་གྱི་རིམ་པ་དང༌། ཉམས་ལེན་གྱི་འབྲས་རྟགས་བཅས་རང་གི་སྐུ་ཚེའི་བྱུང་རབས་ཀྱི་ཐོག་ནས་ཡོངས་སུ་གསལ་བར་མཛད་ཅིང༌། དོན་མཐུན་པ་དང་དོན་སྤྱོད་པའི་རྣམ་པར་ཐར་པས་གདུལ་བྱ་རྗེས་སུ་འཛིན་པ་སྟེ་མཐུན་མིན་གྱི་ཕན་ནུས་ལྡན་པའི་སློབ་གསོའི་བྱེད་ཐབས་ཤིག་ཡིན་པར་མ་ཟད། སློབ་གསོའི་དམིགས་ཚད་དང་རྒྱ་ཁྱོན་གྱི་དབང་དུ་བྱས་ན། སྐྱེ་བ་གཅིག་གི་མི་ཚེ་ཐུང་ངུ་ཞིག་གི་ཆེད་དུ་དགྲ་འདུལ་གཉེན་སྐྱོང་གིས་མཚོན་པའི་རང་རྒྱལ་གཞན་ཕམ་གྱི་གཡོ་སྒྱུའི་བྱ་ཐབས་ཤིག་མ་ཡིན་པར། འཇིག་རྟེན་ཡོངས་ཁྱབ་དང་སྐྱེ་བ་གཏན་གྱི་འདུན་མ་ལ་ཁྱབ་པའི་སློབ་གསོའི་རང་བཞིན་ལྡན་པ་ཞིག་སྟེ། འཇིག་རྟེན་ཕྱི་མ་དོན་དུ་གཉེར་བའི་ཆོས་པ་ཞིག་ལ་མཚོན་ན། ཐོས་བསམ་སྒོམ་པ་དང༌། འཆད་རྩོད་རྩོམ་པ། མཁས་བཙུན་བཟང་གསུམ་བཅས་བཤད་པ་དང་སྒྲུབ་པའི་ཉམས་ལེན་གྱི་རིམ་པ་སྣ་ཚོགས་བརྒྱུད། སྐྱེས་བུ་རང་འགའ་བ་ཅི་ཡང་མི་ཤེས་པའི་ཐ་མལ་བའི་ས་ནས་རང་གཞན་གྱི་དོན་གཉིས་མཐར་སོན་པའི་སྐྱེས་བུ་མཆོག་གི་གོ་འཕང་མངོན་དུ་བྱེད་པའི་བར་ཐབས་ཚང་ལ་མ་ནོར་བར་བསྟན་པར་མཛད་པ་དང༌། འཇིག་རྟེན་རང་འགའ་བ་ཞིག་གི་དབང་དུ་བྱས་ན། ལས་རྒྱུ་འབྲས་དང་ཡ་རབས་བཟང་སྤྱོད། ཞི་དུལ་བག་ཡོད། ཕྱུག་པོས་ཕྱུག་པོའི་ཚོད་ཀྱིས་འཚོ་བ་བསྐྱེད་ལུགས་དང༌། དབུལ་བོས་དབུལ་བོའི་ཚོད་ཀྱིས་འཚོ་བ་བསྐྱེལ་ལུགས། དེ་བཞིན་བླུན་པོས་བླུན་པོའི་ཚོད་དང༌། མཁས་པས་མཁས་པའི་ཚོད་ཀྱིས་མི་ཚེ་དོན་ལྡན་དུ་བསྐྱེལ་ལུགས་ཏེ། མདོར་ན། བྱམས་བརྩེ་དང་ཡིད་ཆེས་ཀྱིས་ཕྱུག་པའི་མི་ཚེ་བདེ་སྐྱིད་ལྡན་པར་བསྐྱེལ་བའི་སློབ་གསོའི་དོན་སྙིང་རླབས་ཆེན་ལྡན་ཡོད། དེར་མ་ཟད་ཤེས་ཡོན་དོན་དུ་གཉེར་པ་ཞིག་ལ་མཚོན་ན། ཕུལ་བྱུང་གི་རིག་གཞུང་ཞིག་ཚད་མཐོ་བོའི་གནས་ཚད་ལོན་པའི་ཤེས་ཡོན་ལམ་སྲོལ་མ་ལག་ཚང་བ་ཡིག་ཐོག་གི་ཚིག་རིས་སྐམ་པོ་ཙམ་མ་ཡིན་པར། དངོས་མྱོང་གི་ཞལ་གདམས་དང༌། སྐུ་ཚེའི་བྱུང་བ་དངོས་ཀྱིས་དམར་ཁྲིད་མཛད་ཡོད། འདི་ལ་བསམས་ན་རྗེ་གུང་ཐུང་བསྟན་པའི་སྒྲོན་མེས། གདོལ་སྤྱོད་ཁྱིམ་པའི་རྗེས་འཇུག་གཡོ་ཁྲམ་མཁན། །ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ། །ལྟོ་སྐྱ་གོས་ཧྲུལ་ཐོས་དང་ཚུལ་ཁྲིམས་ཀྱི། །བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང༌། །གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་ནོ་ཨང༌། །ཞེས་སོགས་གསུངས་པ་ནི། མྱོང་བ་དངོས་ཀྱི་ཞལ་གདམས་དམར་རྗེན་པ་དད་པ་ཁོང་ནས་འཕྱོ་བ་ཞིག་སྟེ། ལེགས་བཤད་འདི་དག་གསུངས་པའི་སྐབས་དམ་པ་ཁོང་ཚོ་དེང་སྐབས་ཀྱི་ཚིག་རིས་སྐམ་པོའི་མཛེས་བཀོད་པ་དག་དང་མི་འདྲ་བར། རང་གི་མྱོང་བ་དངོས་ཀྱི་གདེང་ཚོད་ཆེན་པོ་ཞིག་གིས་གསུངས་ཡོད་པར་གོར་མ་ཆག

 

                དབུལ་ཕྱུག་དང༌། མཁས་བླུན། ཆོས་ལུགས་ཡོད་མེད། ཤར་ནུབ་ཀྱི་མི་རིགས་སུ་འདྲ་ཞིག་ཡིན་ཀྱང་ཀུན་གྱིས་མ་གྲོས་གཅིག་ཏུ་འདོད་པ་ནི། འཁོན་འཁྲུགས་དང་འགྲན་རྩོད་མེད་པའི་འཇིག་རྟེན་ཞིག་དང༌། ཞི་འཇམ་བག་ཕེབས་ཀྱི་དག་ཞིང་ཞིག ཡིད་ཆེས་དང་བྱམས་བརྩེས་ཕྱུག་པའི་ཁོར་ཡུག་ཅིག སྤྲོ་སྣང་དང་བདེ་དྲོད་འཁྱུག་པའི་མི་ཚེ་ཞིག་ཡིན་པ་མྱོང་བས་གྲུབ་པས་བསྐྱར་དུ་བསམ་གཞིགས་བྱ་དགོས་པ་མ་མཆིས་ལ། ང་ཚོས་འདོད་པའི་ཚད་མཐོ་བའི་བདེ་སྐྱིད་འདི་དག་དེང་རབས་ཚན་རིག་རིག་གནས་དང༌། དེང་རབས་འཛིན་སྐྱོང་རིག་གནས། དེང་རབས་ཁྲིམས་ལུགས་རིག་གནས། དེང་རབས་སྒྱུ་རྩལ་རིག་གནས། དེང་རབས་དམག་དོན་རིག་གནས། དེང་རབས་བཟོ་རིག་སོགས་གང་ལ་ཡང་མེད་པར། དེ་ནི་སེམས་དོན་རིག་པ་རྩལ་དུ་བཏོན་ནས་འཆད་པའི་ནང་བསྟན་གྱི་སྲོལ་རྒྱུན་རིག་གནས་འབའ་ཞིག་ཏུ་ངེས་ལ། ནང་བསྟན་སྲོལ་རྒྱུན་རིག་གནས་གཞུང་ལུགས་ནས་གསོན་གཟུགས་སུ་གྲུབ་པ་ནི་ངེས་པ་དོན་དུ་མཁས་པ་དང་གྲུབ་པའི་གོ་འཕང་མངོན་དུ་མཛད་པའི་སྐྱེས་བུ་དམ་པ་རྣམས་ཡིན་ལ། ཁོང་དག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་ཡིག་ཐོག་ཏུ་མཚོན་པར་བྱས་པ་ནི་རྣམ་ཐར་རྩོམ་རིག་ཡིན་པས། རྣམ་ཐར་རྩོམ་རིག་ནང་བསྟན་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་འདུས་པའི་སློབ་གསོའི་མ་ལག་ཚང་བ་ཞིག་ཡིན་ལ། གནས་ལུགས་འདི་རིགས་ལམ་གྱིས་ཕུག་འདེད་བྱེད་ནུས་ན། ད་གཟོད་འགྲོ་བ་སྤྱི་ཡོངས་ཀྱིས་འདོད་པའི་ཚད་མཐོ་བའི་བདེ་སྐྱིད་དེ་དག་མངོན་གྱུར་གྱི་བྱེད་ཐབས་རྣམ་ཐར་རྩོམ་རིག་ལ་མངའ་བའི་གཏིང་མའི་གོ་བ་བརྙེས་ཐུབ། གཞན་ཡང༌། རྣམ་ཐར་རྩོམ་རིག་ནི་ཆོས་ལུགས་ཀྱི་ནང་དོན་ཆ་ནས་དང༌། བྱུང་རབས་ཀྱི་ངོ་བོའི་ཐོག་ནས། རྩོམ་ཐབས་སྒྱུ་རྩལ་སོགས་ཀྱི་ཐད་ནས་ཀྱང་ཤིན་ཏུ་དོན་སྙིང་རླབས་ཆེན་ལྡན་པའི་རིག་གནས་ཕུལ་བྱུང་ཞིག་ཡིན་པ་ངེས་པ་རྙེད་ན་སྤྲོ་བ་ཁོང་ནས་འཕྱུར་བའི་དང་བ་ཞིག་རང་བཞིན་གྱིས་འབྱུང༌།

 

བཞི་པ། རྣམ་ཐར་རྩོམ་རིག་རྒྱུན་འཛིན་གྱི་ཐབས་ལམ།

                སྤྱིར་རིག་པའི་གཞུང་ལུགས་ཤིག་གསར་སྤེལ་དང་རྒྱུན་འཛིན་བྱ་དགོས་མིན་སྤྱི་ཚོགས་ཀྱི་ངོས་ནས་དང༌། གཞུངལུགས་དེའི་ནང་དོན་དང་སློབ་གསོའི་རང་བཞིན་གཉིས་ཀྱི་ཐོག་ནས་བལྟ་དགོས་པར་བརྟེན། རྣམ་ཐར་རྩོམ་རིག་གི་མ་འོངས་པའི་གནས་བབ་ཀྱང་ཆོས་ཉིད་འདི་ལ་བརྟེན་ནས་ཐག་གཅོད་བྱ་དགོས། དེང་སང་གི་སྤྱི་ཚོགས་དང་ཤེས་ཡོན་པ་མང་པོ་ཞིག་གི་མངོན་འདོད་དང་བསམ་བློའི་གནས་བབ་ཐོག་ནས་བལྟས་ན། དབང་ཤེས་འཁོར་གྱི་ཚོར་བ་བདེ་བ་དང་དཔལ་འབྱོར་གྱི་ཁེ་ཕན་གཙོ་བོ་ཆེ་བ་དོན་དུ་གཉེར་ཞིང༌། ཁེ་ཕན་དེ་དག་གང་ནས་འབྱུང་ཞིང་བསྐྲུན་པའི་རིག་གནས་དང་སྒྱུ་རྩལ་གྱི་རིགས་གསར་སྤེལ་དང་རྒྱུན་འཛིན་བྱེད་པ་མ་གཏོགས། གཏིང་ཟབ་མོའི་རིག་གཞུང་ལུས་ཚོར་རགས་པ་དང་ཐད་ཀར་མ་འབྲེལ་བའི་རིགས་རྒྱུན་འཛིན་དང་དར་སྤེལ་གྱི་ལས་དོན་ལ་བརྩོན་མཁན་ཤིན་ཏུ་དཀོན་པར་སྣང༌། ཁོར་ཡུག་འདིའི་དཀྱིལ་འཁོར་ན་བཟང་སྤྱོད་དང༌། བསམ་བློའི་ལྟ་གྲུབ་ནང་དོན་བྱེད་པའི་རིག་གཞུང་ཕལ་མོ་ཆེ་ནུས་མེད་དུ་འགྱུར་བཞིན་ཡོད་པར་བརྟེན། རྣམ་ཐར་རྩོམ་རིག་གིས་མཚོན་པའི་སྲོལ་རྒྱུན་གྱི་བསམ་བློ་དང་ལྟ་གྲུབ་ཀྱི་གཞུང་ལུགས་རྒྱུན་འཛིན་དང་དར་སྤེལ་བྱ་བའི་དགོས་གནད་གཏན་ནས་གཟིགས་ཀྱི་མེད་ཚོད་དུ་འདུག་པར་མ་ཟད། དེང་རབས་ཀྱི་ནོར་སྲིད་རིག་གནས་དང༌། འཛིན་སྐྱོང་རིག་གནས། དམག་དོན་རིག་གནས། ཚན་རིག་རིག་གནས་ལྟ་བུར་མིའི་བདེ་སྐྱིད་དང་མི་ཚེའི་ལམ་སྟོན་ཡོངས་རྫོགས་ཚང་བའི་རིག་གནས་མ་ལག་ཚང་བ་ཞིག་ཡིན་པའི་ཁེངས་སེམས་ཤིག་དང་ཨ་འཐས་ཀྱི་ཞེན་འཛིན་ཞིག་བསམ་བློའི་གཏིང་རིམ་ན་ཡོད་ཚོད་འདུག འོན་ཀྱང་དངོས་ཡོད་གནས་ཚུལ་ལ་ྋགོང་ས་རྒྱལ་དབང་མཆོག་གིས། དེང་སྐབས་ཚན་རིག་དང་འཕྲུལ་ལས་ཀྱིས་ཤུགས་རྐྱེན་མ་ཐེབས་པའི་འགྲོ་བ་མིའི་འཚོ་བའི་ཆ་ཞིག་ཕལ་ཆེར་མེད། འོན་ཀྱང་ང་ཚོའི་འཚོ་གནས་ཀྱི་ནང་དུ་ཚན་རིག་གི་གོ་གནས་ཅི་ཞིག་བཟུང་ཡོད་དམ། ཚན་རིག་གིས་དོན་ངོ་མར་ལས་དོན་ཅི་ཞིག་བྱེད་དགོས་སམ། ཅི་ཞིག་གིས་ཚན་རིག་ལ་ཁ་ལོ་བསྒྱུར་དགོས་མིན་བཅས་ང་ཚོས་གསལ་པོ་ཤེས་ཀྱི་ཡོད་དམ། དྲི་བ་མཐའ་མ་འདི་ནི་ཤིན་ཏུ་གལ་ཆེན་ཞིག་སྟེ། ཀུན་སྤྱོད་དང་མཐུན་པའི་ཀུན་སློང་ཞིག་གམ། ལྷག་པར་སྙིང་རྗེ་ལྟ་བུ་ཞིག་གིས་ཆེད་དུ་ཚན་རིག་ལ་ལམ་སྟོན་མ་བྱས་ཚེ། ཚན་རིག་གི་གྲུབ་འབྲས་ཀྱིས་ཁེ་ཕན་བསྒྲུབ་པ་ལས་དོན་ངོ་མར་གནོད་འཚེ་ཚབས་ཆེན་བྱེད་སྲིད། ཅེས་སོགས་བཀའ་བསྩལ་ཕེབས་པ་ནི་གནའ་དེང་ཤེས་ཡོན་གྱི་ཉིང་བཅུད་མཐའ་དག་མཁྱེན་པའི་ཀློང་དུ་བསྐྱིལ་བའི་ལེགས་བཤད་ཀྱི་སྡོམ་ཆེན་པོ་ཞིག་ཏུ་གྲུབ་ཅིང༌། བདེ་སྐྱིད་འདོད་པའི་ཤར་ནུབ་ཀྱི་མི་རིགས་ཡོངས་ཀྱིས་མཉམ་འཇོག་བྱ་དགོས་པའི་ལེགས་བཤད་སྣག་ཐོག་བཙགས་འཁེལ་ལྟ་བུ་ཞིག་ཀྱང་ཡིན།

 

                གནས་ལུགས་འདིའི་ཐོག་ནས་འཇིག་རྟེན་འདིར་ཕུགས་བརྟན་པའི་བདེ་སྐྱིད་བྱམས་བརྩེའི་གཞི་རྩ་ལ་བརྟེན་པ་ཞིག་དགོས་པར་འདོད་ན། བདེ་སྐྱིད་དེ་ནི་བཟང་པོའི་ཀུན་སྤྱོད་དང༌། བྱམས་བརྩེའི་རིན་ཐང༌། ཡང་དག་པའི་བསམ་བློའི་ལྟ་གྲུབ་བཅས་ཀྱི་ནང་དོན་ལྡན་པའི་རིག་གཞུང་ཞིག་ལ་མི་བརྟེན་མི་རུང་བ་ཡིན། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་ཞེན་ཁོག་གིས་ཕྱོགས་འཐེན་བྱས་པ་ཙམ་མ་ཡིན་པར། དོན་ངོ་མར་མིའི་བཟང་པོའི་ཀུན་སྤྱོད་དང་ཚད་མཐོའི་ལྟ་གྲུབ་མ་ལག་ཚང་བ་བོད་བརྒྱུད་ཀྱི་ནང་བསྟན་རིག་གནས་མ་གཏོགས་མ་མཆིས་ཤིང༌། རྣམ་ཐར་རྩོམ་རིག་ནི་ཟབ་བརླིང་གི་རིག་གཞུང་འདིའི་ཉིང་བཅུད་གསོན་གཟུགས་སུ་བཞེངས་པའི་རིན་ཆེན་དང་པོའི་གླེགས་བམ་ཞིག་ལགས་པས། བསམ་བློ་གནད་དུ་གཞོལ་བ་ཞིག་དང༌། མི་ཚེ་སྤྲོ་སྣང་ལྡན་པ། འཆམ་མཐུན་དང་བྱམས་བརྩེའི་གཞི་རྩ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་འདོད་མཁན་ཞིག་ཡིན་ན། བཟང་པོའི་ཀུན་སྤྱོད་དང་བསམ་བློའི་སློབ་གསོའི་གོ་རིམ་འགྲིགས་ཤིང་མ་ལག་ཚང་བ་འདི་འདྲ་ཕོངས་ཕྱིས་ཀྱི་རྡོ་ལྟར་རང་དགར་འདོར་མི་རུང་བའི་གལ་གནད་གཏིང་ཟབ་ས་ནས་ཤེས་པར་བྱ་དགོས། དེ་ལྟ་བུའི་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་གཏིང་ཟབ་མོའི་གོ་བ་ཞིག་རྙེད་ན་ད་གཟོད་རྣམ་ཐར་རྩོམ་རིག་རྒྱུན་འཛིན་གྱི་བསམ་བློ་ལྡོག་མེད་ཅིག་འབྱུང་ངེས།

 

                ཇི་ལྟར་རྒྱུན་འཛིན་བྱ་བའི་ཐབས་ནི། རིག་གཞུང་དང་དངོས་པོ་རང་འགའ་བའི་རྒྱུན་འཛིན་གྱི་བྱ་ཐབས་གཏན་ནས་མི་འདྲ་ཞིང༌། དངོས་པོ་རང་འགའ་བ་རྣམས་ཅི་ཙམ་བེད་སྤྱོད་མང་བ་བྱས་པའི་ཚོད་ཀྱིས་མཐའ་མ་ཟད་མཐའ་ལ་གཏུགས་པ་ཞིག་ཡིན་ཀྱང༌། མཁས་པའི་རྣམ་དཔྱོད་དང་འབྲེལ་བའི་བསམ་བློ་དང་ལག་ལེན་གྱི་རིག་གཞུང་རྣམས་ཅི་ཙམ་གྱིས་བཀོལ་སྤྱོད་མང་པོ་བྱས་པ་དེའི་ཚོད་ཀྱིས་དར་ཁྱབ་ཇེ་ཆེ་དང་སྤུས་ཀ་ཇེ་དག རྣམ་གྲངས་ཇེ་མང་དུ་འགྲོ་བ་སྟེ་མདོར་ན། འཛད་མཐའ་མེད་པའི་ཡར་རྒྱས་ལ་ཁ་ཕྱོགས་ཏེ། མཐའ་མ་དཔྱད་མཐའ་རྫོགས་པའི་རིག་པའི་གཞུང་ལུགས་ཤིག་ཏུ་འགྱུར་བས། མཁས་མཆོག་དབྱིག་གི་གཉེན་པོས། དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པ་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་རིག་པའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་གྱིས་བཀོལ་སྤྱོད་བྱེད་པ་ནི། རིག་པའི་གཞུང་ལུགས་རྒྱུན་འཛིན་གྱི་བྱེད་ཐབས་རྨད་དུ་བྱུང་བ་ཡིན་པར་བརྟེན། འཇིག་རྟེན་ཧྲིལ་པོའི་སྤྱི་ཚོགས་ལ་དགོས་གལ་ཆེ་ཞིང་ཕན་བདེའི་གཞི་མར་གྱུར་པའི་གཞུང་ལུགས་ཤིག་མི་ཉམས་རྒྱུན་འཛིན་བྱ་འདོད་པ་རྣམས་ཀྱིས། ངེས་པར་གཞུང་ལུགས་དེ་ལ་བཤད་པ་དང་སྒྲུབ་པའི་བྱ་བ་བྱེད་དགོས་ཤིང༌། བཤད་སྒྲུབ་ཀྱི་བྱ་བ་ལ་ཐོས་བསམ་སྔོན་དུ་འགྲོ་དགོས། ཐོས་བསམ་གྱི་གཞི་མར་གཞུང་ལུགས་ཀྱི་རང་བཞིན་དུ་བརྩམས་པའི་སློབ་གསོའི་བསྟན་བཅོས་མ་ལག་ཚང་བ་མེད་མི་རུང་བ་ཡིན། གནས་ལུགས་འདིའི་གཞི་རྩ་ལ་བརྟེན་ནས་རང་རེའི་མེས་པོ་དྲིན་ཅན་གོང་མ་དག་གིས། གཞུང་ལུགས་གསར་རྩོམ་དང་དཔར་བསྐྲུན་འགྲེམས་སྤེལ་གྱི་བྱ་བ་དག་ཀྱང་ཤིན་ཏུ་གལ་གནད་དུ་མཛད། འདི་དག་ནི་རྣམ་ཐར་རྩོམ་རིག་གིས་མཚོན་པའི་ཡང་དག་པའི་གཞུང་ལུགས་རྒྱུན་འཛིན་བྱེད་པའི་གཙོ་ཕལ་གྱི་བྱ་ཐབས་ཉིད་དུ་ངེས་པར་མ་ཟད། ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་གཙོ་གནད་ཆེ་བས་རྣམ་ཐར་རྩོམ་རིག་རྒྱུན་འཛིན་བྱ་བའི་འདོད་པ་བཅོས་མ་མ་ཡིན་པ་ཡོད་པ་རྣམས་ཀྱིས། རྣམ་ཐར་རྩོམ་རིག་གི་ནང་བཅུད་བཟང་པོའི་ཀུན་སྤྱོད་དང་བསམ་བློའི་ལྟ་གྲུབ་ལ་སློབ་སྦྱོང་ནན་ཏན་དུ་བྱས་ནས། བཟང་པོའི་ཀུན་སྤྱོད་དང་བསམ་བློ་རྣམས་རང་གི་མི་ཚེའི་འཚོ་བའི་ནང་གང་ཐུབ་ལག་ལེན་དུ་འཁྱེར་ཐུབ་པ་བྱེད་པ་ནི་རྣམ་ཐར་རྩོམ་རིག་བཤད་སྒྲུབ་ཀྱིས་རྒྱུན་འཛིན་བྱེད་པ་ལགས་པས། རྣམ་ཐར་རྩོམ་རིག་ལ་ཐོས་བསམ་བྱེད་པའི་སྐབས་སུ་ཚིག་རིས་ཀྱི་འབྲུ་འདེད་ཙམ་མ་ཡིན་པར། སློབ་ཚན་ཡོངས་རྫོགས་རང་གི་མི་ཚེའི་བླང་དོར་གྱི་གནད་དུ་འཁྱེར་ཐུབ་པ་གཙོ་གནད་དུ་འཛིན་དགོས།

 

                མདོར་ན། གོང་དུ་བཤད་པ་ལྟར་རྣམ་ཐར་རྩོམ་རིག་ནི། སློབ་གསོའི་ནང་དོན་དང༌། བྱུང་རབས། ཀུན་སྤྱོད་དང་བསམ་བློའི་ལྟ་གྲུབ། རྩོམ་རིག་སྒྱུ་རྩལ་སོགས་རིག་གནས་སྣ་མང་གི་ཉིང་བཅུད་ལྡན་པའི་རིག་གནས་ཤིག་ཡིན་པས། རྣམ་ཐར་རྩོམ་རིག་ཉམས་ཆག་ཏུ་འགྱུར་བ་ནི། བོད་ཀྱི་གྱོང་གུད་ཙམ་མ་ཡིན་པར་འཛམ་གླིང་གི་འགྲོ་བ་སྤྱི་ཡོངས་ཀྱི་འཕོངས་སེམས་ཆེ་བའི་གྱོང་གུད་ཅིག་ཡིན་པས། འཛམ་གླིང་གི་རིག་གཞུང་བང་མཛོད་ནང་གི་རིན་ཆེན་དང་པོ་ལྟ་བུའི་གཅེས་ནོར་འདི་ཉམས་མེད་རྒྱུན་འཛིན་བྱ་དགོས་པ་བོད་མི་རིགས་ཀྱིས་གཙོས་པའི་བསམ་ཤེས་པའི་མི་སྤྱི་ཡོངས་ཀྱི་ལས་འགན་ཡིན་པ་ངོས་ཟིན་པ་དགོས་པ་འདུག་ཅེས་ཞུའོ། །ཞེས་ལས་ཀའི་བྲེལ་ཟིང་བར་ནས་རྒྱུན་ལྡན་གྱི་བསམ་ཚུལ་འགའ་ཡིག་ཐོག་ཏུ་ཕབ་པ་ལགས་ན། ཟློས་འགལ་ནོར་འཁྲུལ་གང་ཡོད་ལ་མཁྱེན་སྤྱན་ལྡན་པ་ཚོར་མཐོལ་བཤགས་ཞུ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.