སློབ་དཔོན་ཆེན་མོ་འབྲིང་བ་དཀོན་མཆོག་འཇིགས་མེད།

གླེང་གཞི།

༄༅།། བདག་ལེགས་སུ་འདོད་པ་རྣམས་ཤེས་ཉོན་གྱི་སྒྲིབ་པའི་འཆིང་བ་ལས་གྲོལ་བའི་དངོས་བརྒྱུད་ཀྱི་ཐབས་སྣ་ཚོགས་པ་ལས། རྗོད་བྱེད་ཀྱི་སྒྲའི་ལམ་ནས་དོན་བརྡ་སྤྲད་དེ་རྨོངས་པ་སེལ་བར་བྱེད་པའི་རིག་ལམ་སྤྱི་དང༌། ཁྱད་པར་སྐད་ཆའི་སྒྱུ་རྩལ་གྱི་བརྗོད་ཐབས་ཕུན་སུམ་ཚོགས་པའི་སྙན་ངག་གམ་སྙན་ཚིག་གི་མཛེས་སྡུག་ཉམས་འགྱུར་གང་ཞིག་ཡིན་ཡང་ཚིག་སྦྱོར་གྱི་ཕྲེང་བ་ལ་མ་བརྟེན་པར་སྟོན་ཐབས་ཡེ་ནས་མེད་པས། ཚིག་ཕྲེང་ནི་སྙན་ངག་གི་ཤིན་ཏུ་གལ་གནད་ཆེ་བའི་གྲུབ་ཆ་ཞིག་ཡིན་ཞིང༌། གྲུབ་ཆ་དེ་ལ་སྙན་ངག་གི་ལུས་ཞེས་གྲགས་པ་དང༌། དེ་ལ་བཅད་ལྷུག་སྤེལ་གསུམ་གྱི་རིགས་མི་འདྲ་བ་གསུམ་ཡོད། དེའང་སྙན་ངག་གི་ལུས་ལ་བཅད་ལྷུག་སྤེལ་གསུམ་ཡོད་ཀྱང༌། བཅད་ལྷུག་སྤེལ་གསུམ་ནི་སྙན་ངག་ཁོ་ནའི་ལུས་ཤིག་མ་ཡིན་པར།

སྒྲུང་རྩོམ་དང་ཟློས་གར་སོགས་སྒྱུ་རྩལ་རྩོམ་རིགས་གཞན་དག་དང༌། ནང་རིག་དང་གསོ་རིག་གི་གཞུང་སོགས་སྒྱུ་རྩལ་རྩོམ་རིགས་མ་ཡིན་པའི་རྩོམ་རིགས་རྣམས་ལའང་ཡོད་པས། སྤྱིར་བཅད་ལྷུག་སྤེལ་གསུམ་ལ་སྙན་ངག་གི་ལུས་ཞེས་བཏགས་ན་ཁྱབ་ཆུང་བར་ཟད་ཅིང༌། དེང་སྐབས་རྩོམ་ལུས་ཞེས་འགའ་ཞིག་གིས་འབོད་མུས་ལྟར་བཏགས་ན་དོན་དང་འབྱོར་བར་སེམས། དེས་ན་བཅད་ལྷུག་སྤེལ་གསུམ་གྱི་ངོ་བོར་གྲུབ་པའི་རྩོམ་ལུས་ཀྱི་གོ་དོན་དང་དབྱེ་བ་སོགས་ནི་སྙན་ངག་ཡིན་མིན་ལ་མ་ལྟོས་པའི་རྩོམ་གང་ཡང་རུང་བ་འབྲི་མཁན་དང་སྦྱོང་མཁན། འཆད་མཁན། དཔྱོད་མཁན་ཀུན་གྱིས་ངེས་པར་ཤེས་དགོས་པའི་རྩོམ་གྱི་ཤེས་བྱ་གལ་ཆེན་ཞིག་ཏུ་གྲུབ་པས། དེ་སྐོར་ལ་དགོས་ངེས་ཀྱི་དཔྱད་པ་གཏོང་རྒྱུ་ལས་སུ་བྱ་བ་དང་འོས་སུ་བབ་པར་མཐོང༌།

 

དང་པོ། རྩོམ་ལུས་ཀྱི་གོ་དོན།

                སྙན་ངག་མེ་ལོང་རྩ་འགྲེལ་རྣམས་སུ་གསུངས་པའི་སྙན་ངག་གི་ལུས་ཞེས་པའི་སྙན་ངག་དེ་སྙན་ངག་མེ་ལོང་མ་རང་གི་གསུང་སྟངས་ལ་གཞིགས་ན་རྩོམ་རིག་གི་རྣམ་པ་བྱེ་བྲག་པ་ཞིག་ཏུ་གྱུར་པའི་སྙན་ཚིག་རང་ལ་གོ་བ་འདྲ་ཡང༌། རྩོམ་རིག་དང་དོན་གཅིག་ཏུ་བྱས་ནས་སྒྱུ་རྩལ་རྩོམ་རིགས་སྤྱི་ལ་གོ་བར་བྱས་ནའང་འགལ་བ་མེད་པས། སྙན་ངག་མེ་ལོང་ལས་གསུངས་པའི་སྙན་ངག་གི་ལུས་དེའང་སྙན་ཚིག་དང་དེས་མཚོན་པའི་སྒྱུ་རྩལ་རྩོམ་རིགས་སྤྱིའི་ལུས་ལ་བཤད་ཆོག་པ་དང༌། དེང་སང་གི་རྩོམ་རིག་གཞུང་ལུགས་གསར་པ་རྣམས་སུ་བཤད་པའི་རྩོམ་ལུས་ཞེས་པའི་རྩོམ་དེའང་རྩོམ་རིག་སྟེ་སྒྱུ་རྩལ་རྩོམ་རིགས་ཀྱི་རྩོམ་ལ་བྱས་ནས་འཆད་བཞིན་ཡོད་པས། ལུགས་དེ་གཉིས་གང་ཡིན་ཡང་སྒྱུ་རྩལ་རྩོམ་རིགས་ཀྱི་རྩོམ་ལུས་མ་གཏོགས་སྒྱུ་རྩལ་རྩོམ་རིགས་མ་ཡིན་པའི་རྩོམ་གྱི་ལུས་ལ་བཤད་ཀྱི་མེད། དེ་ལ་ལུགས་དང་པོ་ནི། སྙན་ངག་མེ་ལོང་ལས། ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱིས་རྣམ་བཅད་ཚིག་གི་ཕྲེང༌། །ཞེས་གསུངས་ཤིང༌། འདིའི་རྐང་པ་ཕྱི་མ་འདོན་ལུགས་ལ་མི་འདྲ་བ་སྣ་ཚོགས་འབྱུང་སྟེ། དཔང་ལོའི་འགྲེལ་པར། དོན་གྱི་རྣམ་ཅན་ཚིག་གི་ཕྲེང༌། ཞེས་དང༌། རིན་སྤུངས་པའི་སྙན་འགྲེལ་ལས། དོན་གྱི་རྣམ་བཅད་ཚིག་གི་ཕྲེང༌། ཞེས་དང༌། བོད་མཁས་སྙན་འགྲེལ་ལས། དོན་གྱི་རྣམ་དཔྱད་ཚིག་གི་ཕྲེང༌། ཞེས་དང༌། ཀུན་གཟིགས་ལྔ་པའི་དབྱངས་ཅན་དགྱེས་གླུར་རྩ་ཚིག་འགོད་པའི་སྐབས་སུ། དོན་གྱི་རྣམ་བཅད་ཅེས་འབྱུང་ཡང༌། ཐད་ཀའི་འགྲེལ་པར་རྣམ་པར་དཔྱད་པ་ཞེས་འབྱུང༌། འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་དུ། དོན་གྱིས་རྣམ་བཅད་ཚིག་གི་ཕྲེང༌། ཞེས་བྱེད་སྒྲ་འབྱུང༌། དེ་ལྟར་རྣམ་བཅད་དང་རྣམ་དཔྱད། དོན་གྱི་དང་དོན་གྱིས་ཞེས་མི་འདྲ་བ་དུ་མ་འབྱུང་བ་སོ་སོར་འགྲེལ་ཚུལ་ཡང་མི་འདྲ་བ་རེ་ཡོད་པས་གང་ཚད་མར་འཛིན་དགོས་ཤེ་ན། དཔང་ལོའི་འགྲེལ་པར་འབྱུང་བ། དོན་གྱི་རྣམ་ཅན་ཚིག་གི་ཕྲེང༌། ཞེས་གོང་དུ་དང་པོར་བཀོད་པ་དེའི་ཐད་ཀྱི་འགྲེལ་པར། ལུས་ནི་སྨྲ་བ་པོའི་བརྗོད་པར་འདོད་པའི་དོན་ཐུབ་པའི་ཡོན་ཏན་ལ་སོགས་པའི་བརྗོད་བྱ་ཅན་ཚིག་རྒྱན་གྱི་བསྟན་བཅོས་སུ་བཤད་པའི་ངེས་པ་ལས་མ་འདས་པས་རྣམ་པར་བཅད་ཅིང་ངེས་པ་དང་ལྡན་པའི་ཚིག་སུཔ྄འི་མཐའ་ཏིང྄འི་མཐའི་ཕྲེང་བའོ། ཞེས་གསུངས་པ་དེ་ཁུངས་དག་ཤོས་སུ་བགྲང་འོས་མོད། འོན་ཀྱང་རཏྣཤྲཱིའི་རྒྱ་འགྲེལ་ལས་གསུངས་པ་ཁམས་སྤྲུལ་སྙན་འགྲེལ་དུ་དྲངས་པར། སྙན་ངག་མཁན་གྱིས་བརྗོད་པར་འདོད་པ་སྟེ་བསམ་པའི་དོན་ནི་འགའ་ཞིག་ཏུ་ར་གྷུ་བམ་ཤ་ལ་སོགས་པ་རྣམ་པར་བཅད་པ་སྟེ་ལུང་གི་ངེས་པ་དང་ལྡན་པས་སོ། འདོད་པའི་དོན་སྨྲ་བ་པོའི་བསམ་པས་རང་དབང་དུ་བྱས་པའམ་ཁྱད་པར་དུ་བྱས་པའོ། དེས་ན་འདོད་པའི་དོན་རྣམ་པར་བཅད་པའི་ཚིག་གི་ཕྲེང་བ་ནི་སྙན་ངག་གི་ལུས་སུ་ཤེས་པར་བྱ་སྟེ་རབ་ཏུ་གྲགས་པའི་ཕྱིར་ཏེ་ ཞེས་སོགས་འབྱུང་ལ། དེའི་མཇུག་ཏུ་ཁམས་སྤྲུལ་རང་གིས། དེས་ན་དོན་དང་ལྡན་པའམ་དོན་ཅན་ཞེས་ཆེད་དུ་བཤད་མི་དགོས་ཤིང༌། རྣམ་བཅད་ཅེས་པའང་ཚིགས་ལེགས་པར་སྡེབ་པའམ་དོན་ངེས་པར་བྱས་པའི་དོན་ཡིན་པས་སྡེ་ཚན་དུ་བཅད་པར་བཀྲལ་བ་མི་འཐད་དོ། ཞེས་གསུངས་པ་དང༌། ལུས་ཀྱི་མཚན་ཉིད་ཐོག་མར་འཆད་པ་ནའང༌། ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱིས་རྣམ་བཅད་ཚིག་གི་ཕྲེང༌། །བསྟན་པར་བྱ་བ་ལུས་རྒྱན་གཉིས་པོ་དེ་ལས་དང་པོ་རེ་ཞིག་ལུས་ནི། སྨྲ་བ་པོས་བརྗོད་པར་འདོད་པའི་དོན་གཏམ་རྒྱུད་སོགས་གང་ཡིན་པའི་བརྗོད་བྱའི་དོན་དེ་ངེས་པར་བྱས་ནས་ཚིགས་ལེགས་པར་སྡེབ་པ་ཉིད་ནི་འདོད་པའི་དོན་གྱིས་རྣམ་པར་བཅད་པའི་ལུས་དང༌། སྦྱར་བ་ལ་སོགས་པ་སྒྲའི་རྒྱན་དང་རིགས་ལ་སོགས་པ་དོན་གྱི་རྒྱན་རྣམས་ཀྱིས་མཛེས་པའམ་བརྒྱན་པར་བྱ་བའི་ཡུལ་ཚིག་སུཔ྄་དང་ཏིང྄འི་མཐའ་ཅན་རྣམས། བོད་སྐད་སོགས་ལའང་དེ་དང་རྗེས་སུ་མཐུན་པའི་ཕྲེང་བ་སྟེ་ངག་ཆེན་པོའམ་འགྲོ་བ་ལ་སོགས་པའི་ཡན་ལག་ཕྲན་ཚེགས་གཞན་རྣམས་སོ། ཞེས་གསུངས་ལ། འདི་དག་ནི་རྒྱ་འགྲེལ་གྱི་དགོངས་པ་དང༌། སྙན་ངག་མེ་ལོང་ལ་ཐུགས་རྒྱུས་ཟབ་པའི་སི་ཏུ་པཎ་ཆེན་གྱི་དགོངས་པ་ལྟར་གསུངས་པ་ཡིན་ཞིང་དོན་ལ་འབྱོར་ཚབས་ཀྱང་ཆེ་བར་མཐོང་བས་གོས་སྨོས་རྩ་ཚིག་ཕྱི་མ་ལ། དོན་གྱིས་རྣམ་བཅད་ཚིག་གི་ཕྲེང༌། ཞེས་འདོན་པ་ཚད་མར་འཛིན་འོས་པར་སེམས་སོ། དེས་ན་སྙན་ངག་གི་ལུས་ཞེས་པ་མདོར་བསྡུས་ན་སྙན་ངག་གི་རྒྱན་གྱིས་བརྒྱན་པར་བྱ་བའི་ཡུལ་ཚིག་གི་ཕྲེང་བའམ་ཚིག་ཚོགས་ལ་ཟེར་བས།  སྔོན་གྱི་མཁས་པ་འཇམ་དབྱངས་ཁ་ཆེ་དང༌། སྣར་ཐང་པ་སོགས་ཀྱིས་བརྗོད་བྱ་སྡེ་བཞི་སོགས་སྙན་ངག་གི་ལུས་སུ་འཆད་པ་དེ་མི་འཐད་ཚུལ་ྋགོང་ས་ལྔ་པ་ཆེན་པོས་གསུངས་པ་ ལྟར་རོ།།

 

                ལུགས་ཕྱི་མ་དེང་སང་གི་རྩོམ་ལུས་ཞེས་པ་ནི། འགའ་ཞིག་གིས། སྒྱུ་རྩལ་རྩོམ་རིག་གི་རྩོམ་ལུས་ཞེས་པ་ནི། རྩོམ་རིག་འཕེལ་རྒྱས་ཀྱི་བྱུང་རིམ་ཁྲོད་སྤྱི་ཚོགས་འཚོ་བའི་སྣང་བརྙན་བཞེངས་པ་དང༌། བསམ་པའི་ཚོར་འདུ་སྣ་ཚོགས་ལྷག་མེད་དུ་བརྗོད་པ་ལ་བྱེད་ཐབས་དང་མཚོན་ཐབས་ཁྱད་པར་ཅན་ནམ་བརྗོད་སྟངས་དང་རྩོམ་སྟངས་ཐུན་མོང་མ་ཡིན་པ་ཞིག་རྩོམ་རིག་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་རིམ་གྱིས་ཆགས་པ་ལ་གོ་ ཞེས་བཤད་པ་ལྟར་ན་སྒྱུ་རྩལ་གྱི་མཚོན་ལུགས་ཤིག་གམ་རྩོམ་ལུགས་ཤིག་ལ་གོ་བ་དང༌། ཡང་འགའ་ཞིག་གིས། རྩོམ་ལུས་(རྩོམ་ལུས་དང་རྩོམ་རིག་བརྩམས་ཆོས་ཀྱི་རྣམ་པ་བྱེ་བྲག་པ་སོགས་མིང་གི་རྣམ་གྲངས།) ཞེས་བྱ་བ་འདི་ནི་རྩོམ་རིག་བརྩམས་ཆོས་ཀྱི་ཞིབ་ཕྲའི་རྣམ་པ་སྟེ། དཔེར་ན་རྣམ་ཐར་དང༌། རྟོགས་བརྗོད་དང༌། ལེགས་བཤད་དང༌། བསླབ་བྱ་དང༌། མགུར་མ་དང༌། འབྲས་དཀར་དང༌། ཀ་བཤད་དང༌། བསྟོད་པ་དང༌། སྙན་ངག་དང༌། སྒྲུང་གཏམ་དང༌། ཟློས་གར་འཁྲབ་གཞུང་དང༌། ལྷུག་རྩོམ་དང༌། འབེལ་གཏམ་ལ་སོགས་ནང་དོན་དང་རྣམ་པ་གང་ཅིར་རང་གི་ཁྱད་ཆོས་རེ་དམིགས་སུ་བཀར་ནས་ཡོད་པའི་བརྩམས་ཆོས་ཀྱི་རྣམ་པའི་ཁྱད་པར་ཞིག་ལ་ཟེར་ ཞེས་བཤད་པ་ལྟར་ན་རྩོམ་རིག་བརྩམས་ཆོས་ཀྱི་རྣམ་པའམ་གྲུབ་ཚུལ་ལ་གོ་བ་སྟེ་གོ་ཚུལ་གཉིས་མཆིས། དེ་ཡང་གསལ་པོར་བཤད་ན་སྔ་མ་ནི་རྩོམ་སྟངས་ཤིག་དང་ཕྱི་མ་ནི་རྩོམ་སྟངས་དེའི་སྒོ་ནས་བརྩམས་པའི་བརྩམས་ཆོས་ཀྱི་རྣམ་པ་ཞིག་ལ་གོ་བ་ཡིན་ཏེ། དཔེར་ན། སྒྲུང་གཏམ་ལྟ་བུར་མཚོན་ན་དེ་ནི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྟངས་ཤིག་གམ་རྩོམ་ལུགས་ཤིག་རེད་ཅེས་པ་དང༌། ཡང་དེ་ནི་རྩོམ་ལུགས་དེའི་སྒོ་ནས་བརྩམས་པའི་བརྩམས་ཆོས་ཀྱི་རྣམ་པ་ཞིག་རེད་ཅེས་འདོད་པ་ཡིན་འདུག་པས། སྔ་མ་ལྟར་སྒྱུ་རྩལ་གྱི་རྩོམ་འབྲི་སྟངས་སམ་འབྲི་ལུགས་ཤིག་ལ་འདོད་པ་དེར་རྩོམ་ལུགས་ཞེས་བརྗོད་ན་བདེ་ཞིང༌། ཕྱི་མ་ལྟར་བརྩམས་ཆོས་སམ་རྩོམ་ཡིག་གི་རྣམ་པ་ཞིག་ལ་འདོད་པ་དེར་རྩོམ་རྣམ་ཞེས་བརྗོད་ན་བདེ་བ་ལས། གཉིས་ཀར་རྩོམ་ལུས་ཞེས་པའི་ཐ་སྙད་འདི་མི་འབྱོར་སྙམ་སྟེ། རྩོམ་ལུས་ཞེས་པའི་ཚིག་ཟུར་གྱི་ལུས་ཞེས་པ་ནི་སྤྱིར་གཟུགས་པོའི་དོན་ཡིན་པས། འདིར་ཡང་གང་ཟག་གི་གཟུགས་པོ་ལ་དཔེ་སྦྱར་ནས་རྩོམ་གྱི་གཟུགས་པོའམ་ལུས་ཞེས་རྗོད་ཀྱི་ཡོད་ཙ་ན། རྩོམ་གྱི་གཟུགས་པོ་ནི་རྩོམ་ཡིག་གམ་བརྩམས་ཆོས་ཀྱི་ཕྱིའི་གྲུབ་ཆ་ཚིག་གི་ཕྲེང་བའམ་ཚིག་ཚོགས་རང་ལ་ངོས་འཛིན་དགོས་པ་ནི་སྐབས་འདིའི་དཔེ་དོན་སྦྱར་ཚུལ་དང་མཐུན་ཞིང་འཇིག་རྟེན་གྱི་གྲགས་པ་དང་ཡང་མཐུན་ལ། སྙན་ངག་མེ་ལོང་གི་དགོངས་པའང་དེ་ཡིན་པར་གསལ་བས། དེ་ལྟ་ན་གོང་གི་འདོད་ཚུལ་གཉིས་ཀ་ངོས་འཛིན་འདི་ལས་རིང་དུ་འཁྱམས་པར་སྣང་ངོ༌། ། འོན་ཀྱང་དེ་གཉིས་ཀར་རྩོམ་ལུས་ཞེས་བརྗོད་པ་མི་འཐད་པ་མ་གཏོགས་རིམ་བཞིན་རྩོམ་ལུགས་དང་རྩོམ་རྣམ་ཞེས་བརྗོད་དེ། སྒྲུང་གཏམ་དང་སྙན་ངག་སོགས་ཀྱི་དབྱེ་བ་དགར་ན་གཉིས་ཀར་དགར་དུ་ཡོད་པ་ཡིན་ཏེ། དཔེར་ན། སྙན་ངག་རྩོམ་སྟངས་ཀྱི་རིག་པ་ལ་སྙན་ངག་ཟེར་བ་དང༌། རིག་པ་དེའི་སྒོ་ནས་བརྩམས་པའི་རྩོམ་ལ་སྙན་ངག་ཟེར་བ་གཉིས་ཀ་དེང་སང་འཐད་ལྡན་དུ་བརྩི་བཞིན་པ་ལྟར་ཡིན་པས། མདོར་ན་སྔ་མ་ནི་རྩོམ་རིག་སྒྱུ་རྩལ་གྱི་རིག་ཚན་དགར་བ་ཞིག་དང༌།   ཕྱི་མ་ནི་རྩོམ་རིག་བརྩམས་ཆོས་ཀྱི་རྣམ་པ་དགར་བ་ཞིག་ཡིན་འདུག་པས་གཉིས་ཀར་རིག་ལམ་རེ་ཡོད་པ་ཡིན་ཞིང༌། དེ་ལྟར་དགར་ཚེ་སྒྲུང་གཏམ་དང་སྙན་ངག་སོགས་རིགས་ཅི་ཙམ་ཡོད་མེད་དང་ཇི་ལྟར་དགར་ཚུལ་སོགས་ནི་དཔྱད་གཞི་རྒྱ་ཆེ་བས་རྒྱ་ནག་གི་རྩོམ་རིག་སྨྲ་བ་ཚོས་དེའི་སྐོར་དམིགས་བསལ་རིག་ཚན་ཞིག་ལོགས་སུ་ཕྱེ་བཞིན་ཡོད་པར་ཡང་བཤད་དེ། གང་ལྟར་རྩོམ་ཐུང་འདི་ཙམ་གྱི་ནང་ཚིག་ཉུང་ངུས་བརྗོད་ཐུབ་པ་ཞིག་མིན་ལ། འདིར་དཔྱད་བྱ་གཙོ་བོའང་མིན་པས་བཞག་གོ།  དེས་ན་གོང་གསལ་་རྩོམ་ལུས་ཀྱི་གོ་དོན་དེ་གཉིས་ཀ་དོན་གྱིས་རྩོམ་ལུགས་སམ་རྩོམ་རྣམ་གྱི་གོ་དོན་ཞིག་ཡིན་འདུག་པས་དེ་དག་ལ་རྩོམ་ལུས་མི་ཟེར་ཞིང༌། རྩོམ་ལུས་ཞེས་པ་ནི་སྒྲ་དོག་འཇུག་གི་དབང་དུ་བྱས་ན་སྒྱུ་རྩལ་རྩོམ་རིགས་ཀྱི་རྗོད་བྱེད་ཚིག་གི་ཕྲེང་བ་ལ་བཤད་ཆོག་ཀྱང་དེ་ངེས་པར་སྒྱུ་རྩལ་རྩོམ་རིགས་ཁོ་ན་ལ་སྦྱར་དགོས་དོན་མེད་པས། སྒྲ་ཡངས་འཇུག་གི་དབང་དུ་བྱས་ནས་སྒྱུ་རྩལ་རྩོམ་རིགས་ཡིན་མིན་གཉིས་ཀའི་རྩོམ་ཡིག་སྤྱིའི་ལུས་ལ་བཤད་ན་ལེགས་ཤིང༌། དེ་ལྟར་བྱས་ཚེ། རྩོམ་ཡིག་གང་ཡང་རུང་བའི་ཕྱིའི་གྲུབ་ཆ་རྗོད་བྱེད་ཚིག་གི་ཕྲེང་བ་ལ་རྩོམ་ལུས་ཞེས་བརྗོད་པར་འདོད་དོ། འོ་ན་རྩོམ་ཡིག་གི་རྣམ་པ་དང་རྩོམ་ཡིག་གི་ལུས་གཉིས་ཀ་རྩོམ་ཡིག་གམ་བརྩམས་ཆོས་ཀྱི་ཕྱི་ཚུལ་ནས་བཤད་པ་འདྲ་བས་རྩོམ་རྣམ་དང་རྩོམ་ལུས་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། དེ་གཉིས་ལ་འདིར་རྩ་བའི་ཆ་ནས་སྒྱུ་རྩལ་རྩོམ་རིགས་ཁོ་ནའི་དབང་དུ་བྱས་མ་བྱས་ཀྱི་ཁྱད་པར་ཡོད་ཀྱང་དེ་གཙོ་བོ་མིན་ལ། གཙོ་བོ་ནི་ལུས་དང་རྣམ་པ་གཉིས་ཀྱི་གོ་དོན་མི་འདྲ་བས་ཡིན་ཏེ། ལུས་ནི་གཟུགས་པོའི་དོན་ཡིན་པ་གོང་དུ་བཤད་ཟིན་ལྟར་ལ། རྣམ་པ་ནི་གཟུགས་པོའི་ཆགས་དབྱིབས་ལ་གོ་བ་ཡིན་ཏེ། ཆགས་དབྱིབས་མཛེས་མི་མཛེས་ལ་རྣམ་པ་མཛེས་མི་མཛེས་དང༌། ཆགས་དབྱིབས་མི་འདྲ་བ་ལ་རྣམ་པ་མི་འདྲ་བ་ཟེར་བས། འདིར་ཡང་རྩ་བའི་ཆ་ནས་རྩོམ་ཡིག་གམ་བརྩམས་ཆོས་ཀྱི་ཆགས་དབྱིབས་ལ་གོ་བ་ཡིན། དེ་ཡང་དཔེར་ན། ངོ་བོ་ཡེ་ཤེས་ལ་རྣམ་པ་ནང་མཆོད་དང་མཆོད་རྫས་སོ་སོའི་རྣམ་པ་ཞེས་གསུངས་པ་ལྟར། ངོ་བོ་སྒྱུ་རྩལ་རྩོམ་རིགས་ཡིན་པ་ལ་རྣམ་པ་སྙན་ངག་དང་སྒྲུང་གཏམ་དང་ཟློས་གར་སོགས་ཐ་དད་པ་དུ་མ་ཡོད་པ་ཡིན། འོན་ཀྱང་འདི་ནི་རྩོམ་ཡིག་གི་ཕྱིའི་ཚིག་ཕྲེང་གི་ཆགས་དབྱིབས་ཙམ་ལ་གོ་རྒྱུ་མིན་པར། རྩོམ་གྱི་སྤྱི་ཁོག་གི་ཆགས་དབྱིབས་ལ་གོ་དགོས། དེའང་སྤྱི་ཁོག་གི་ཆ་ནས་རྩོམ་གཞི་འདིང་སྟངས་དང༌། གོ་རིམ་ཆགས་ཚུལ། ཚིག་སྦྱོར་སྤེལ་ལུགས། སྒྱུ་རྩལ་གྱི་སྣང་བརྙན་བསྐྲུན་སྟངས་སོགས་མདོར་ན་སྒྱུ་རྩལ་གྱི་མཚོན་ལུགས་མི་འདྲ་བའི་ཆ་ནས་རྩོམ་གྱི་སྤྱི་ཁོག་གི་ཆགས་དབྱིབས་མི་འདྲ་བར་གྱུར་པའི་རྩོམ་གྱི་རྣམ་པ་ཞིག་ལ་ཟེར་ཏེ། འདི་ནི་སྙན་རྩོམ་དང་སྒྲུང་རྩོམ་གཉིས་ལྟ་བུ་བསྡུར་ཏེ་དཔྱད་ན་གསལ་པོར་རྟོགས་ཐུབ་བོ།

 

གཉིས་པ། རྩོམ་ལུས་ཀྱི་དབྱེ་བ།

                གོང་སྨོས་ལྟར་རྩོམ་ལུས་ཞེས་པ་རྩོམ་གྱི་ཚིག་ཕྲེང་ལ་གོ་བར་བརྟེན། དེ་ལ་ནི་རིགས་མི་འདྲ་བ་གསུམ་དུ་གྲུབ་པས་སྙན་ངག་མེ་ལོང་ལས། དེ་ཡང་ཚིགས་བཅད་ལྷུག་པ་དང༌། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། །ཞེས་གསུངས་ཤིང༌། ས་པཎ་མཁས་འཇུག་ཏུ། བསྟན་བཅོས་བྱེད་པས་ཚིགས་བཅད་དང༌། །རྐྱང་པ་དང་ནི་སྤེལ་བ་གསུམ། །ཞེས་རྐྱང་པ་དང་ལྷུག་པ་རྣམ་གྲངས་སུ་གསུངས་པ་དང༌། ཡང་ཁོང་གི་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོར། ཚིགས་སུ་བཅད་དང་རྐྱང་པ་དང༌། །རྒྱུན་ཆགས་ཞེས་བྱ་རྣམ་པ་གསུམ། །ཞེས་སྤེལ་མ་དང་རྒྱུན་ཆགས་རྣམ་གྲངས་སུ་གསུངས། མདོ་དོན་རྐང་པར་བཅད་པ་ལ་ཚིགས་བཅད་དང་མ་བཅད་པ་ལ་ལྷུག་པའམ་རྐྱང་པ་དང༌། བཅད་ལྷུག་གཉིས་བསྲེས་ཏེ་སྤེལ་བ་ལ་སྤེལ་མའམ་རྒྱུན་ཆགས་ཞེས་བཞེད་ཅིང༌། རྒྱུན་ཆགས་ཞེས་པ་འདིའི་སྐོར་ལ་སྔ་མོ་ནས་མཁས་པའི་རྩོད་པ་ཕྲན་བུ་ཡོད་པ་ནི་ས་པཎ་གྱི་གསུང་ལ་བརྟེན་ནས་བྱུང་བ་ཡིན་ཏེ། དེ་ཡང་ཁོང་གིས་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོར། རྒྱུན་ཆགས་པ་དེའང་གཉིས་ཏེ། རྒྱུན་ཆགས་བཅད་པ་དང༌། མ་བཅད་པའོ། དེ་ལ་རྒྱུན་ཆགས་བཅད་པ་ནི། འདིར་ཚིགས་སུ་བཅད་པའི་བྱེ་བྲག་ཡིན་པས་ཚིགས་སུ་བཅད་པ་ཉིད་ཀྱི་ནང་དུ་བཤད་པར་བྱའོ། རྒྱུན་ཆགས་མ་བཅད་པ་ནི། སྡེབ་སྦྱོར་གྱི་མཚན་ཉིེད་ལྕི་ཡང་ལ་སོགས་པས་ཕྱེ་ལ། བྱ་བ་སྟོན་པའི་སྒྲ་ཡོད་པ། རྐང་པ་བཞིར་མ་བཅད་པ་སྟེ། དེ་སྐད་དུ་ཡང་སྡེབ་སྦྱོར་གྱི་ཚོམས་ལས། རྐང་པ་དག་གིས་མ་བཅད་པ། །གང་ལ་ཡི་གེ་སྦྲེལ་ལེགས་ཡོད། །བྱ་བའི་ཚིག་གིས་གསལ་བྱས་པ། །དེ་ནི་རྒྱུན་ཆགས་ལས་གཞན་མིན། །ཞེས་འདོན་པའི་ཕྱིར་རོ། འདིའི་དཔེར་བརྗོད་པ་ནི་ཁོ་བོའི་བླ་མ་ཆོས་ཀྱི་རྗེ་དཔལ་ས་སྐྱ་པ་རྒྱལ་མཚན་གྱི་མཐས་བརྒྱན་པའི་ཞལ་སྔ་ནས་མཛད་པའི་བསྟོད་པ་འགའ་ཞིག་(ཀྱེ་རྡོ་རྗེའི་བསྟོད་པ་)ལས་འབྱུང་བ་ལྟ་བུའོ། འདི་ལྟ་བུའི་སྡེབ་སྦྱོར་ནི། དེང་སང་རྒྱ་གར་ན་སྡེབ་སྦྱོར་པ་ཆེས་ཆེ་བ་མང་དུ་ཐོས་པ་འགའ་ཞིག་ལ་གྲགས་པ་ཙམ་དུ་ཟད་ཀྱི། ཐམས་ཅད་ལ་གྲགས་པ་མ་ཡིན་ལ། སྦྱོར་བ་ཡང་ཆེས་ཤིན་ཏུ་ཉུང་བར་སྣང་ངོ༌། ཞེས་གསུངས་པ་དང༌། མཁས་འཇུག་ཏུའང༌། བསྟན་བཅོས་ལ་འཇུག་པ་རྣམས་ཀྱི་ལམ་ནི་གསུམ་སྟེ། ཚིགས་སུ་བཅད་པ་དང༌། རྐྱང་པ་སྟེ་ལྷུག་པ་དང༌། དེ་གཉིས་སྤེལ་བའི་རྒྱུན་ཆགས་བཅད་པ་ནི་ཚིགས་སུ་བཅད་པའི་ཁོངས་སུ་འདུ་ལ། རྒྱུན་ཆགས་མ་བཅད་པ་ནི་སྡེབ་སྦྱོར་རྒྱུན་ཆགས་འདྲ་བ་ལ་རྐང་པར་མ་ཕྱེ་བས་རྐྱང་པ་དང་འདྲ་བའོ། ཞེས་གསུངས་པ་འདི་དག་ལ་བརྟེན་ནས་བྱུང༌། དེ་ལ་དཔང་ལོ་ཙཱ་བ་ཆེན་པོ་དང༌། ཟུར་མཁར་བློ་གྲོས་རྒྱལ་པོ། རྒྱལ་དབང་ལྔ་པ་རྗེས་འབྲང་དང་བཅས་པས་དགག་པ་བཏང་ཡོད་ལ། སྣར་ཐང་ལོ་ཙཱ་བ་དང༌། རིན་སྤུངས་ངག་དབང་འཇིག་གྲགས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་ཀྱིས་དགག་ལན་གནང་ཡོད། དཔང་ལོ་སོགས་ཀྱིས་སྐྱོན་བསྟན་པའི་སྙིང་པོ་ནི། རྒྱུན་ཆགས་ཞེས་པ་ཚེག་བར་ཉེར་བདུན་ཡན་གྱི་ཚིགས་བཅད་ཀྱི་མིང་ཡིན་པས་དེ་ཚིགས་བཅད་ལས་ལོགས་སུ་ཕྱེ་བ་མི་འཐད་ཚུལ་དང༌། ལྷག་པར་དེ་ལ་བཅད་མ་བཅད་རིགས་གཉིས་ཕྱེས་པའི་མ་བཅད་པ་ལ་སྡེབ་སྦྱོར་ཡོད་གསུངས་པ་དང༌། དེ་ལྷུག་པ་དང་འདྲ་གསུངས་པ་གཉིས་ནང་འགལ་ཚུལ་བསྟན་པ་དེ་ཡིན་པ་ནི་དཔང་ལོའི་འགྲེལ་པ་དང་དབྱངས་ཅན་དགྱེས་གླུ་སོགས་སུ་གསལ་ཞིང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་དབྱངས་ཅན་ཞལ་ལུང་དུ་དེའི་དོན་བསྡུས་འདི་ལྟར་འབྱུང་སྟེ། ཚིགས་བཅད་ལས་གཞན་རྒྱུན་ཆགས་མེད་པའི་ཕྱིར། །རྒྱུན་ཆགས་ཟུར་དུ་འབྱེད་པ་ཤིན་ཏུ་འཁྲུལ། །རྒྱུན་ཆགས་མ་བཅད་སྡེབ་སྦྱོར་བཞིན་ཡིན་ན། །རྐང་པས་གཅོད་དགོས་རང་གི་ཚིག་དང་འགལ། །གང་ཡང་རྐང་པས་མ་བཅད་ལྷུག་པ་ལ། །སྡེབ་སྦྱོར་པྲསྟཱ་མི་འབྱུང་ཚིགས་བཅད་ལ། །རྐང་བཞི་མི་དགོས་མངོན་པས་རྒྱས་འགེབ་པ། །ཞྭ་དཔེ་ལྷམ་ལ་འགེབ་པ་ཁོ་ནར་ཟད། །ཅེས་གསུངས། དེ་དག་ལ་རིན་སྤུངས་ས་སྤྱོད་དབང་པོས་ལན་མཛད་པ་ནི། གོང་དུ་(མེ་ཏོག་ཆུན་པོར་) གསུངས་པ་དེ་དག་ནི་རྣམ་གྲངས་གཞན་ལ་དགོངས་ནས་རྒྱུན་ཆགས་ཀྱང་ལུས་སུ་བཞེད་པ་ཙམ་མ་གཏོགས། སྤེལ་མ་མི་བཞེད་པ་ནི་མ་ཡིན་ཏེ། ཞེས་མཁས་འཇུག་གི་བསྟན་བཅོས་བྱེད་པས་ཞེས་སོགས་ཀྱི་ལུང་དེ་དག་དྲངས་ཡོད་པ་དང༌། ཡང་མུ་མཐུད་ཁོང་གིས། རྗེ་བཙུན་དེ་ཉིད་ནི་རྐང་པས་མ་བཅད་པའི་རྒྱུན་ཆགས་དེ། ལྷུག་པ་དང་འདྲ་བ་ཙམ་ལས་ལྷུག་པ་དངོས་སུ་མི་བཞེད་དེ། མཁས་འཇུག་ལས། རྒྱུན་ཆགས་མ་བཅད་པ་ནི་སྡེབ་སྦྱོར་རྒྱུན་ཆགས་འདྲ་བ་ལ་རྐང་པར་མ་ཕྱེ་བས་རྐྱང་པ་དང་འདྲ་བའོ་ཞེས་གསུངས་པའི་ཕྱིར། ཡི་གེ་ལྕི་ཡང་གི་སྡེབ་སྦྱོར་སྦྲེལ་ལེགས་སུ་ཡོད་པས་ལྷུག་པ་དངོས་ནི་མ་ཡིན་ཞིང༌། རྣམ་པ་གཅིག་ཏུ་རྐང་པས་མ་བཅད་པའི་ཕྱིར་ལྷུག་པ་དང་འདྲའོ། ༡༠ ཞེས་གསུངས། འདིའི་སྐོར་ལ་སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་ཀྱིས་འདི་ལྟར་གསུང་སྟེ། རྒྱུན་ཆགས་མ་བཅད་པ་དང་དེ་སྟོན་པའི་གཞུང་གཉིས་ཀའི་རྒྱ་དཔེ་སྔར་མཐོང་ནི་མ་མཐོང༌། རྒྱ་བོད་ཀྱི་མཁས་པ་ཡོངས་གྲགས་ཀྱི་སྡེབ་སྦྱོར་ལ་མེད་པ་ས་པཎ་རང་གི་གསུང་ལས་ཀྱང་གསལ་མོད། འོན་ཀྱང་ཤིན་ཏུ་གྲགས་ཆུང་ཞིང་སྦྱོར་བ་ཉུང་བ་མ་གཏོག་དཎྜ་ཀར་གྲགས་པའི་སྡེབ་སྦྱོར་རྒྱུན་ཆགས་མ་བཅད་པ་ཞིག་རྒྱ་གར་ནའང་ཡོད་པ་ཡིན་འདུག་ཀྱང་གཞུང་འདི་དང་སྡེབ་སྦྱོར་རིན་འབྱུང་སོགས་ལ་ནི་སྒྲིག་ཏུ་མེད་ ༡༡ ཅེས་གསུངས། འདི་ལ་བལྟས་ན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་དེ་དག་ཚིག་ཅུང་ཟད་ཐལ་དྲགས་པ་མིན་ནམ་སྙམ། གང་ལྟར་རྩོད་གཞིའི་གཙོ་བོ་རྒྱུན་ཆགས་མ་བཅད་པ་ཟེར་བ་དེ་རྒྱ་གར་མ་གཏོགས་བོད་ལ་མེད་ཅིང༌། རྒྱ་གར་ལའང་ཤིན་ཏུ་གྲགས་ཆུང་ཞིང་སྦྱོར་བ་ཉུང་བ་ཞིག་ཡིན་འདུག་གཤིས་མང་དུ་རྩོད་པ་ལ་དགོས་པ་མེད་པས་བཞག་ན་ལེགས་སོ།

 

                བཅད་ལྷུག་སྤེལ་གསུམ་སོ་སོར་ཡང་དབྱེ་བ་ཡོད་མེད་དཔྱད་དུ་ཡོད་དེ། ཚིགས་བཅད་ལ་དབྱེ་བ་མང་བས་འོག་ཏུ་འཆད་པར་འགྱུར་ཞིང༌། ཚིག་ལྷུག་ལ་སློབ་དཔོན་བྷཱ་མ་ཧས་གཏམ་དང་བརྗོད་པ་གཉིས་སུ་ཕྱེ་བ་སློབ་དཔོན་དཎྜིས་སྙན་ངག་མེ་ལོང་དུ་བཀག་ཟིན་པ་དེ་ལྟར་ཡིན་པས་འདིར་ཚིག་ལྷུག་ལ་དབྱེ་བ་མེད་ཅིང༌། སྤེལ་མ་ལ་སྙན་ངག་མེ་ལོང་དུ། སྤེལ་མ་ཟློས་གར་ལ་སོགས་ཏེ། །དེ་དག་རྣམས་ནི་གཞན་ན་རྒྱས། །ལྷུག་པ་ཚིགས་བཅད་རང་བཞིན་འགའང༌། །ཙམྤཱུ་ཞེས་པར་མངོན་པར་བརྗོད། །ཅེས་གསུངས་ཤིང༌། འདིའི་ཚིག་རྐང་གསུམ་པར་དཔང་ཊཱིཀ་དང་ཁམས་སྤྲུལ་འགྲེལ་པ་གཉིས་སུ་རང་བཞིན་འགའང་ཞེས་གོང་དུ་བཀོད་མ་ཐག་པ་ལྟར་འབྱུང་ལ། གཞན་རིན་སྤུངས་པ་དང༌། རྒྱལ་དབང་ལྔ་པ། བོད་མཁས་སཽགས་ཀྱི་འགྲེལ་པ་རྣམས་སུ་རང་བཞིན་གང་ཞེས་འབྱུང་བས་འགྲེལ་ཚུལ་ཡང་མི་འདྲ་བ་འབྱུང༌། སྤེལ་མ་ལ་རིགས་གཉིས་ཡོད་པར་འགྲེལ་པ་ཀུན་ཞལ་མཐུན་ཀྱང་གཉིས་པོ་འདྲེན་ཚུལ་ལ་མི་མཐུན་ཏེ། ཁམས་འགྲེལ་མ་གཏོགས་པའི་འགྲེལ་པ་གཞན་ཀུན་ཏུ་ལེགས་སྦྱར་སོགས་སྐད་རིགས་བཞི་ག་ཚང་བའི་བཅད་ལྷུག་སྤེལ་མ་དང༌། བཞི་ག་མི་ཚང་བར་གང་རུང་རེ་ལ་བརྟེན་པའི་བཅད་ལྷུག་སྤེལ་མ་གཉིས་འདྲེན་ཞིང༌། ཁམས་འགྲེལ་དུ་སྐད་རིགས་བཞི་སྤེལ་བའི་སྤེལ་མ་དང༌། བཅད་ལྷུག་སྤེལ་བའི་སྤེལ་མ་གཉིས་འདྲེན་པར་མཛད། ད་དུང་ཁམས་འགྲེལ་དུ། འགའང་ཞེས་པའི་འང་སྒྲས་རྒྱུན་ཆགས་མ་བཅད་པ་ཙ ཙམྤཱུ་ཡིན་པར་མ་ཟད་བཅད་ལྷུག་སྤེལ་མའང་ཙམྤཱུ་ཡིན་པར་སྟོན་པ་གཞུང་གི་དགོངས་པ་ཡིན་གསུངས་ ༡༢ པས་རྩ་ཚིག་འགོད་སྟངས་དང་འབྲུ་གཉེར་སྟངས་དེ་བཞིན་འཐད་སྙམ། འོན་ཀྱང་སྐད་རིགས་སྤེལ་མ་སྐབས་འདིའི་རྩོམ་ལུས་སུ་བཤད་པ་ནི་འཐད་པར་མ་མཐོང་སྟེ། སྐད་རིགས་བཞི་ག་ཚང་མ་ཚང་དང་སྤེལ་མ་སྤེལ་གྱིས་རྩོམ་གྱི་ལུས་ལ་ཁྱད་པར་གང་ཡང་མི་འོང་བས། འདིར་སྤེལ་མ་ལ་བཅད་ལྷུག་སྤེལ་བའི་སྤེལ་མ་གཅིག་པུ་ལས་དབྱེ་བ་གཞན་མེད་པར་སེམས་ཏེ། ས་པཎ་གྱིས་ཀྱང་རྒྱུན་ཆགས་སམ་སྤེལ་མ་ལ་བཅད་མ་བཅད་གཉིས་ཕྱེས་པའི་བཅད་པ་ནི་ཚིགས་བཅད་ཁོངས་སུ་བསྡུས་ཏེ་མ་བཅད་པ་ཉིད་བཟུང་ཡོད་པ་ལྟར་རོ།

 

                ཚིགས་བཅད་ལ་ནི་ས་པཎ་མཁས་འཇུག་ལས། ཚིགས་བཅད་ལུང་ལས་གྲགས་པ་དང༌། །སྡེབ་སྦྱོར་མཁན་ལ་གྲགས་པ་གཉིས། །ཞེས་གསུངས་པ་ལྟར་བཅོམ་ལྡན་འདས་ཀྱི་ལུང་ལ་གྲགས་པ་དང༌། སྡེབ་སྦྱོར་མཁན་ལ་གྲགས་པའི་ཚིགས་བཅད་གཉིས་ཡོད་ཅིང༌། སྔ་མ་ནི་མངོན་པ་ཀུན་བཏུས་ལས་གསུངས་པ་ལྟར་ན་ཚིགས་བཅད་རེར་རྐང་པ་གཉིས་ཅན་དང༌། གསུམ་ཅན། བཞི་ཅན། ལྔ་ཅན། དྲུག་ཅན་བཅས་ཡོད་ལ། བདུན་པ་ཡན་ཆད་མེད་པར་གྲགས། ༡༣ འདིར་བཤད་བྱ་ནི་ཕྱི་མ་སྡེབ་སྦྱོར་མཁན་ནམ་སྙན་ངག་མཁན་ལ་གྲགས་པའི་ཚིགས་བཅད་དེ། འདི་ལ་ནི་ཚིགས་བཅད་ཡིན་ཚེ་ངེས་པར་དུ་རྐང་པ་བཞི་ཅན་ཡིན་དགོས་ཏེ། སྡེབ་སྦྱོར་རིན་འབྱུང་ལས། ཚིགས་བཅད་རྐང་བཞི་དེ་ཡང་ནི། ཞེས་གསུངས། དེར་ཡང་སྡེབ་སྦྱོར་གྱི་སྒོ་ནས་དབྱེ་ན་བྲྀཏྟ་དང་ཛཱ་ཏི་གཉིས་དང༌། དེ་དག་ལའང་མཉམ་མི་མཉམ་ཕྱེད་མཉམ་སོགས་ཀྱི་དབྱེ་བ་དུ་མ་ཡོད་པ་རྣམས་ནི་རྒྱ་སྐད་ལས་བོད་སྐད་ལ་ཇི་བཞིན་སྦྱོར་དུ་མེད་ཅིང༌། རྐང་པའི་ཚེག་བར་མང་ཉུང་དང་ཆ་ཡའི་སྒྲིག་སྟངས་སོགས་ནི་བོད་ཀྱི་ཚིགས་བཅད་ལ་གསལ་བར་ཡོད་ལ་གལ་ཡང་ཆེ་བས་དེ་དག་གི་སྒོ་ནས་ཚིགས་བཅད་ལ་རིགས་ཅི་ཙམ་ཡོད་མེད་མདོ་ཙམ་སྨོས་ན། དེ་ཡང་གཞུང་རྣམས་སུ་ཡི་གེ་མང་ཉུང་ཞེས་གསུངས་ཀྱང་དཻ་ཡིག་འབྲུ་མང་ཉུང་དང་ནོར་ཉེན་ཆེ་བས་ཚེག་བར་མང་ཉུང་ཞེས་བརྗོད་ན་ལེགས་ཚུལ་ཨ་ལགས་དོར་ཞིས་གསུངས་པ་ ༡༤ ཐུགས་མད་པས་འདིར་ཡང་དེ་བཞིན་དུ་འཆད་པར་བགྱིའོ།

 

                སྔོན་གྱི་མཁས་པ་དག་གི་ཚིགས་བཅད་འབྲི་སྲོལ་ལ་སྤྱིར་བཏང་ཚིག་རྐང་རེར་ཚེག་བར་དྲུག་ཅན་ནས་ཉེར་བདུན་ཅན་བར་འབྲི་སྲོལ་དར་བས། སློབ་དཔོན་རིན་ཆེན་འབྱུང་གནས་ཀྱིས་ཀྱང་སྡེབ་སྦྱོར་རིན་འབྱུང་དུ་དེ་དག་གི་མིང་དང་དཔེར་བརྗོད་བཀོད་ཡོད་ལ། དྲུག་པ་ཡན་ཆད་དང་ཉེར་བདུན་མན་ཆད་ལ་རེ་ཟུང་ལས་བཀོད་མེད་ཅིང༌། ཉེར་བདུན་མན་ལ་རྒྱུན་ཆགས་སམ་རབ་བསགས་ཞེས་གསུངས། སློབ་དཔོན་གྱིས་ཚེག་བར་དྲུག་པ་མན་ཆད་ལ་ཚིགས་བཅད་མཚན་ཉིད་པར་བཞེད་ཅེས་ས་པཎ་གསུངས། ༡༥ སྤྱིར་ཚིགས་བཅད་གང་གི་རྐང་པ་བཞི་གའི་ཚེག་བར་མང་ཉུང་མཉམ་དགོས་པ་གལ་ཆེ་བ་མ་གཏོགས།   ཚེག་བར་གྱི་མང་ཉུང་ཅི་ཙམ་བྱེད་ལ་མཐའ་གཅིག་ཏུ་ཚད་འཛིན་མེད་པས་གང་འོས་བྱས་ཆོག་ཀྱང་ཚིག་སྦྱོར་རིང་དྲགས་ན་སྙན་པོ་འོང་དཀའ། ཚེག་བར་དྲུག་པ་ནས་ཉེར་དྲུག་པ་བར་གྱི་སོ་སོའི་མིང་སྡེབ་སྦྱོར་རིན་འབྱུང་ལས་གསུངས་པ་འདི་ལྟར་ཏེ། ཚེག་བར་དྲུག་པ་དབྱངས་སྒྲོག བདུན་པ་རབ་དགའ། བརྒྱད་པ་རྗེས་བསྔགས། དགུ་པ་བྲྀཧ་ཏི། བཅུ་པ་ཕྲེང་ལྡན། བཅུ་གཅིག་པ་སུམ་བསྔགས། བཅུ་གཉིས་པ་སྐྱེ་འགྲོ། བཅུ་གསུམ་པ་ཤིན་ཏུ་སྐྱེ་འགྲོ། བཅུ་བཞི་པ་ནུས་ལྡན། བཅོ་ལྔ་པ་ཤིན་ཏུ་ནུས་ལྡན། བཅུ་དྲུག་པ་ལེགས་སྤྱོད། བཅུ་བདུན་པ་ཤིན་ཏུ་ལེགས་སྤྱོད། བཅོ་བརྒྱད་པ་བརྟན་འཛིན། བཅུ་དགུ་པ་ཤིན་ཏུ་བརྟན་འཛིན། ཉི་ཤུ་པ་བྱེད་ལྡན། ཉེར་གཅིག་པ་རབ་བྱེད་ལྡན། ཉེར་གཉིས་པ་ཀུན་བྱེད་ལྡན། ཉེར་གསུམ་པ་རྣམ་བྱེད་ལྡན། ཉེར་བཞི་པ་ལེགས་བྱེད་ལྡན། ཉེར་ལྔ་པ་ཤིན་ཏུ་ལེགས་བྱེད་ལྡན། ཉེར་དྲུག་པ་ལྷག་པར་བྱེད་ལྡན་ཏེ། ཉེར་བདུན་པ་མན་ཆད་ལ་རྒྱུན་ཆགས་སམ་རབ་བསགས་ཞེས་བྱ་ཞིང༌། རྒྱུན་ཆགས་དང་རབ་བསགས་གཉིས་ཀྱང་དོན་གཅིག་ཁྱད་མེད་ཅིག་མ་ཡིན་ཏེ། སྡེབ་སྦྱོར་མེ་ཏོག་ཆུན་པོར། རབ་བསགས་རྒྱུན་ཆགས་འདྲ་བ་ལ། །འོན་ཀྱང་ཁྱད་པར་ཡ་ལ་སྦྱོར། ། ཞེས་གསུངས་པ་ལྟར་རྒྱ་སྐད་ཀྱི་སྡེབ་སྦྱོར་སྟེང་ན་ཁྱད་པར་ཕྲན་བུ་ཡོད་པ་ཞིག་ཡིན། ཨ་ལགས་དོར་ཞིས་རྒྱུན་ཆགས་ཉེར་བདུན་པ་དང་རབ་བསགས་སོ་ལྔ་པའི་ཆེད་མིང་དུ་བཏགས་པ་ ༡༦ ནི་རྒྱ་སྐད་ཀྱི་ཚིགས་བཅད་ལ་མ་ངེས་པས་སྡེབ་སྦྱོར་རིན་འབྱུང་རྩ་འགྲེལ་གྱི་དགོངས་པ་དང་ཅུང་མི་མཐུན་ཀྱང་བོད་སྐད་ཀྱི་ཚིགས་བཅད་ལ་ནི་མི་འགྲིག་པ་མེད་དོ།   མེ་ཏོག་ཆུན་པོ་ལས་ཉེར་གཅིག་པ་མན་ལ་མིང་འདི་དང་ཅུང་མི་མཐུན་པ་འབྱུང་སྟེ། ཉེར་གཅིག་པ་ལ་ཤིན་ཏུ་བྱེད་ལྡན་དང༌། ཉེར་དྲུག་པ་ལ་ལྷག་པར་ལེགས་བྱེད། ཉེར་གཉིས་ནས་ཉེར་ལྔ་བར་ལ་ལྡན་ཞེས་པའི་ཚིག་ཟུར་དེ་མེད་པར་ཀུན་བྱེད་ཅེས་སོགས་སུ་འབྱུང་ངོ༌།

 

                ཚེག་བར་ལྔ་པ་ཡན་གྱི་ཚིགས་བཅད་སྦྱར་སྲོལ་དར་ཁྱབ་ཤིན་ཏུ་ཆུང་ནའང་དེ་དག་གི་མིང་དང་སྦྱོར་ཚུལ་མེད་པ་མིན་ཏེ།  སྡེབ་སྦྱོར་མེ་ཏོག་ཆུན་པོར་བཀོད་པ་ ༡༧ ལྟར་ན།  བློ།། མཆོག། དཔལ།། དབྱངས།། ལྟ་བུ་ཚེག་བར་གཅིག་ཅན་ལ་བརྗོད་པ། དབྱངས་ཅན།། ཁྱོད་བསྒྲུབས།། སྤོབས་པ།། བརྟན་ཐོབ།། ལྟ་བུ་ཚེག་བར་གཉིས་ཅན་ལ་ཤིན་ཏུ་བརྗོད་པ། ཁྱོད་ཀྱི་གསུང༌།། གཉིས་མེད་བློ།། ལྕགས་སྒྲོག་གིས།། སྦྲེལ་ལེགས་འདྲ།། ལྟ་བུ་ཚེག་བར་གསུམ་ཅན་ལ་ལྷན་ཅིག་བར་མ། རྒྱལ་སྲས་དབང་པོ།། འཇམ་དབྱངས་ཁྱོད་ཀྱིས།། ལེགས་བཤད་ནོར་རྒྱུན།། བདག་བློ་ཚིམ་མཛད།། ལྟ་བུ་ཚེག་བར་བཞི་ཅན་ལ་རབ་གནས། བརྩེ་ལྡན་ཁྱོད་ཀྱི་གསུང༌།། དྲི་ཟའི་པི་ཝང་ལྟར།། སྙན་ཅིང་འཇེབས་པ་ཡིས།། གདུལ་བྱ་ཡིད་འཕྲོག་བྱེད།། ལྟ་བུ་ཚེག་བར་ལྔ་ཅན་ལ་ལེགས་པར་རབ་གནས་ཞེས་བྱ། དེ་སྐད་དུ་ཡང༌། བརྗོད་དང་ཤིན་ཏུ་བརྗོད་བར་མ། །རབ་གནས་ལེགས་པར་རབ་གནས་དང༌། །དབྱངས་སྒྲོག་རབ་དགའ་གོ་རིམ་བཞིན།། དམར་སེར་གྱིས་ནི་བཤད་པ་ཡིན། །ཞེས་པའི་ལུང་ཚིག་འདི་སྡེབ་སྦྱོར་རིན་འབྱུང་ལས་འབྱུང་ཞེས་ས་པཎ་གསུངས་ ༡༨ ཀྱང་རིན་འབྱུང་རང་འགྲེལ་དུ་ཡོད་ན་མ་གཏོགས་རྩ་བར་མི་སྣང་བས་དཔྱད།   ཨ་ལགས་དོར་ཞིས་བོད་སྐད་ཚིགས་བཅད་ཀྱི་ཐུང་མཐའ་ཚེག་བར་ལྔ་ཅན་ལ་བྱེད་དགོས་གསུངས་པ་༡༩ཡོངས་གྲགས་རྒྱུགས་ཆེ་བའི་སྦྱོར་ཚུལ་ལ་དགོངས་པ་ཡིན་སྲིད་ནའང་དེའི་མིང་ལ་ཡལ་འདབ་ཅན་ཞེས་བཏགས་པའི་ཁུངས་མ་རྙེད།  རྒྱལ་དབང་ལྔ་པས་ཚིག་གི་རྐང་པ་དང་ཚེག་བར་ནོར་ཏེ་རྐང་པ་གཅིག་ཅན་སོགས་ཀྱི་ཚིགས་བཅད་ཀྱི་དཔེར། བློ། མཆོག རྒྱལ། གྱུར། ཞེས་ཚེག་བར་གཅིག་ཅན་སོགས་བཀོད་པ་ ༢༠ ནི་ཐུགས་མཉམ་མ་བཞག་པའི་སྐྱོན་ཆེ་ཙམ་ཞིག་གོ།

 

                ཚེག་བར་གཅིག་ཅན་ནས་བཟུང་ཉེར་དྲུག་ཉེར་བདུན་ཅན་སོགས་ཚེག་བར་མང་ཉུང་ཅི་རིགས་ཅན་གྱི་ཚིགས་བཅད་སོ་སོར་རྒྱ་གར་ལྟར་ན་ཡི་གེའི་ལྕི་ཡང་དང་དབྱངས་གསལ་གྱི་གྲངས་སོགས་ཀྱི་སྟེང་ནས་ནང་གསེས་མང་པོ་དབྱེར་ཡོད་ལ། བོད་སྐད་ལ་དེ་ལྟར་དབྱེ་སྲོལ་ད་དུང་བྱུང་མེད་ཀྱང་ཆ་ཡའི་སྡེབ་སྦྱོར་སྟེང་ནས་དབྱེ་སྲོལ་ཡོད་པ་མཁས་དབང་དུང་དཀར་ཚང་དང་བསེ་ཚང་སོགས་ཀྱི་སྙན་འགྲེལ་དུ་གསལ་བ་ལྟར་ཡིན་ལ། ཨ་ལགས་དོར་ཞིའི་ཚིགས་བཅད་སྡེབ་སྟངས་ཀྱི་ཤེས་བྱའི་རྣམ་གཞག་ཅེས་པ་ནི་དེའི་སྐོར་གྱི་བཤད་པ་སྔ་མ་རྣམས་ལས་ཅུང་རྒྱས་པ་དེ་ཡིན།

 

                ཆ་ཡའི་སྡེབ་སྦྱོར་སྟེང་ནས་དབྱེ་ཚུལ་ནི། དཔེར་ན། ཚེག་བར་བདུན་མ་ལ་མཚོན་ན། དོར་ཞིའི་ཚིགས་བཅད་སྡེབ་སྟངས་ལས།  བརྩེ་ལྡན་གྱི་གྲོགས་པོ་ཁྱོད་ཀྱིས། །མཛའ་སེམས་ཀྱི་མདུད་པ་མ་ལྷོད། །ལྟ་བུ་ཆ་གཅིག་དང་ཡ་གཅིག་རྗེས་སླར་ཡང་ཆ་གཉིས་ཅན་གྱི་རིགས་དང༌། ལྡེམ་ལྡེམ་གཡོ་བ་ཡི་གར་གྱིས། །བདག་ཡིད་དབང་མེད་དུ་འཕྲོགས་སོང༌། །ལྟ་བུ་ཆ་གཉིས་དང་ཡ་གཅིག་རྗེས་སླར་ཡང་ཆ་གཅིག་ཅན་གྱི་རིགས་དང༌། ཡིད་ཀྱི་ཆུ་མཚོ་དྭངས་པའི་ངོགས། །ཟླ་བཞིན་སྣང་བརྙན་འགོག་མེད་ཤར། །ལྟ་བུ་ཆ་གསུམ་རྗེས་ཡ་གཅིག་ཅན་གྱི་རིགས་དང༌། སྐྱབས་བསླུ་མེད་རིན་ཆེན་རྣམ་གསུམ། །མགོ་སྤྱི་གཙུག་རྒྱན་དུ་མཛེས་སོ། །ལྟ་བུ་ཡ་གཅིག་རྗེས་ཆ་གསུམ་ཅན་གྱི་རིགས་ཏེ་རིགས་མི་འདྲ་བ་བཞི་ཡོད་པ་ལྟ་བུའོ།  རིགས་མི་འདྲ་བའི་ཁྱད་པར་གཙོ་བོ་ནི་ཡ་ཚིག་དེ་རྐང་པའི་ཐོག་མཐའ་བར་གསུམ་གང་དུ་ཡོད་མེད་ཀྱི་ཐོག་ནས་ཡོང་གི་ཡོད་ཅིང༌། ཚེག་བར་བདུན་མ་ལ་མཚོན་ན་རིགས་བཞི་པོ་འདི་མ་གཏོགས་མེད།  ཚེག་བར་གཞན་དག་ཀུན་ལ་ནང་གསེས་ཀྱི་རིགས་དབྱེ་སྟངས་འདི་ཇི་བཞིན་ཡིན་པས་རིགས་འགྲེ་བྱས་ན་ཤེས་སླ་ཞིང༌། ཚེག་བར་དྲུག་ཅན་ནས་བཅོ་ལྔ་ཅན་བར་ལ་ནི་སོ་སོར་རིགས་ཅི་ཡོད་དཔེ་བརྗོད་དང་བཅས་དུང་དཀར་ཚང་དང་བསེ་ཚང་གི་སྙན་འགྲེལ་དུ་གསལ་བར་འབྱུང་བ་དེ་ལྟར་ལ། དོར་ཞིས་དེ་དག་གི་ཐོག་ལ་ད་དུང་ཚེག་བར་བཅུ་དགུ་ཅན། ཉེར་གཅིག་ཅན། ཉེར་གསུམ་ཅན། ཉེར་ལྔ་ཅན། ཉེར་བདུན་ཅན། སོ་ལྔ་ཅན་བཅས་ཀྱི་དཔེ་བརྗོད་རེའང་བཀོད་ཡོད་པ་དེ་དག་གི་རིགས་དབྱེའི་གྲངས་ལ་མཐུན་མི་མཐུན་དང་ཚང་མི་ཚང་ཅི་རིགས་ཡོད་ཀྱང་གཞུང་དེ་དག་ཕན་ཚུན་བསྡུར་བ་ཙམ་གྱིས་ཤེས་སླ་བས་འདིར་མ་སྤྲོས་སོ།

 

གཞན་ཡང་སྙན་ངག་མེ་ལོང་ལས་ཚིགས་བཅད་ལ་གྲོལ་རིགས་མཛོད་འདུས་བཞི་གསུངས་པ་ནི་ཚིགས་བཅད་ཀྱི་ནང་དོན་སྦྱོར་ཚུལ་སྟེང་ནས་ཕྱེ་བ་ཞིག་ཡིན་པ་ལས་ཕྱིའི་ལུས་ཀྱི་སྟེང་ནས་ཕྱེ་བ་ཞིག་མིན་པས་འདིར་ཚིགས་བཅད་ཀྱི་རྩོམ་ལུས་ཁོངས་སུ་བརྗོད་དུ་མེད་དོ།

 

དེ་ལྟར་ཚིགས་བཅད་ཀྱི་རྩོམ་ལུས་ལ་ཚེག་བར་མང་ཉུང་མི་འདྲ་བ་དང་ཆ་ཡ་སྤེལ་སྟངས་མི་འདྲ་བའི་ཐོག་ནས་དབྱེ་བ་མང་དུ་བྱུང་བ་དེ་དག་ལས་ཉེ་བར་མཁོ་བ་ནི་ཚེག་བར་དྲུག་པ་ནས་བཅོ་ལྔ་པའི་བར་ཡིན་པ་གོང་སྨོས་འགྲེལ་པ་དག་གི་དཔེར་བརྗོད་འགོད་ཚུལ་དང་སྤྱིར་བཏང་གི་ལག་ལེན་བཅས་ལས་རྗེས་སུ་དཔོག་ལ། དེ་ལས་ཀྱང་ཚེག་བར་བདུན་ཅན། དགུ་ཅན། བཅུ་གཅིག་ཅན། བཅུ་གསུམ་ཅན། བཅོ་ལྔ་ཅན་སོགས་ཡི་གེ་ཡ་ཅན་བརྗོད་བདེ་བས་ལག་ལེན་ལ་དར་ཆེ་ཞིང༌། ཚེག་བར་དྲུག་ཅན། བརྒྱད་ཅན། བཅུ་ཅན། བཅུ་གཉིས་ཅན་སོགས་ཡི་གེ་ཆ་ཅན་བརྗོད་མི་བདེ་བས་ལག་ལེན་ལ་དར་མི་ཆེ་ཞེས་ཨ་ལགས་དོར་ཞིས་གསུངས་པ་༢༡ ནི་མཁས་པའི་ཉམས་མྱོང་གི་གསུང་དང་དངོས་དོན་གྱི་སྡོམ་ཚིག་ཏུ་ངེས་ཤིང༌། ད་དུང་ཁོང་གིས་ཚིགས་བཅད་ཀྱི་མཉམ་པའི་གནད་དང༌། ཚིག་ངོས་ཉུང་གཙང་གི་གནད། བརྗོད་བྱ་འདུ་ཕུལ་ཆེ་བའི་གནད།   ངེས་པའི་གནད། འདྲ་མཚུངས་སྤོང་བའི་གནད། སྙན་འཇེབས་ཀྱི་གནད་བཅས་གནད་དྲུག་གསུངས་པ་ནི་ཚིགས་བཅད་སྡེབ་པ་ལ་མེད་དུ་མི་རུང་བའི་ཤེས་བྱའི་གལ་གནད་ཤ་སྟག་ཡིན་པས་དོན་གཉེར་ཅན་དག་གིས་དེ་དག་ལ་ཅིས་ཀྱང་གཟིགས་འཚལ་ཞེས་རྩོམ་ལུས་ཀྱི་གོ་དོན་དང་དབྱེ་བ་ལ་ཅུང་ཟད་དཔྱད་པའི་གཏམ་རེ་ཞིག་རྫོགས་སོ།

 

མཆན།

༡༽ དཔང་ཊཱིཀ་དབུ་མེད་བྲིས་མ་དཔེ་གཟུགས། ཤོག་གྲངས་

༢༽ ༣༽ ༡༡༽ སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ། གངས་ཅན་རིག་མཛོད་ ལྷ་སའི་ལྕགས་པར་མ། ཤོག་གྲངས་ ༥༤་་་་་༥༨

༤༽ དབྱངས་ཅན་དགྱེས་གླུ། གངས་ཅན་རིག་སྒོ་ ༡༩ པེ་ཅིན་ལྕགས་པར་མ། ཤོག་གྲངས་ ༢༡

༥༽ སྙན་ངག་གི་རྣམ་བཤད། མཚོ་སྔོན་ལྕགས་པར་མ། ཤོག་གྲངས་ ༡༥

༦༽ བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད། བོད་ལྗོང་ལྕགས་པར་མ། ཤོག་གྲངས་ ༡༩༨

༧༽ ས་པཎ་གསུང་འབུམ་པོད་དང་པོ། གངས་ཅན་རིག་མཛོད་ ༢༣ ལྷ་སའི་ལྕགས་པར་མ། ཤོག་གྲངས་ ༦༠༤་་་་་་༦༠༥

༨༽ གོང་མཚུངས་ཤོག་གྲངས་ ༤༠༥

༩༽ ༢༠༽ དབྱངས་ཅན་དགྱེས་གླུ། གངས་ཅན་རིག་སྒོ་ ༡༩ པེ་ཅིན་ལྕགས་པར་མ། ཤོག་གྲངས་ ༡༦་་་་་༡༧

༡༠༽ སྙན་འགྲེལ་མི་འཇིགས་སེང་གེའི་ང་རོ། མཚོ་སྔོན་ལྕགས་པར་མ། ཤོག་གྲངས་ ༡༨་་་་༡༩

༡༢༽ སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ། གངས་ཅན་རིག་མཛོད་ ལྷ་སའི་ལྕགས་པར་མ། ཤོག་གྲངས་ ༡༠༡

༡༣༽ སྡེབ་སྦྱོར་རིན་འབྱུང་གི་འགྲེལ་པ་དོན་གསལ་མེ་ལོང་ཤིང་པར་མ། ཤོག་གྲངས་

༡༤༽ མུན་འཇོམས་ནོར་བུའི་ཕྲེང་བ། པེ་ཅིན་ལྕགས་པར་མ། ཤོག་གྲངས་ ༣༧༡

༡༥༽ ༡༧༽ ༡༨༽ ས་པཎ་གསུང་འབུམ་པོད་དང་པོ། གངས་ཅན་རིག་མཛོད་ ༢༣ ལྷ་སའི་ལྕགས་པར་མ། ཤོག་གྲངས་  ༦༡༠་་་་་་་༦༡༡

༡༦༽ ༢༡༽ མུན་འཇོམས་ནོར་བུའི་ཕྲེང་བ། པེ་ཅིན་ལྕགས་པར་མ། ཤོག་གྲངས་ ༣༨༡་་་་་་་༣༨༢

༡༩༽ མུན་འཇོམས་ནོར་བུའི་ཕྲེང་བ། པེ་ཅིན་ལྕགས་པར་མ། ཤོག་གྲངས་ ༣༧༦ བཅས་སུ་གསལ།

གསལ་བཤད་ཞུ་རྒྱུར། རྩོམ་ཡིག་གི་བར་བར་དུ་ཡོད་པའི་ཨང་གྲངས་རྣམས་ནི་འོག་གི་དཔྱད་གཞིའི་གཞུང་ཁུངས་དག་གི་ཨང་གྲངས་ཡིན་པ་ཐུགས་འཇགས་འཚལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.