སྟག་ལུང་ཤེས་རབ་རྒྱ་མཚོ།

 

༄༅།། དེ་ཡང་གངས་ཅན་མཁས་པའི་གཙུག་གི་རྒྱན་དུ་གྱུར་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་ལོ་ཡི་འཁོར་མོ་དྲུག་བརྒྱར་ཉེ་བའི་དུས་དེར། འཇམ་མགོན་བླ་མ་ཁོང་གི་དངོས་སློབ། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན། མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ་རོང་ཆེན་དགེ་འདུན་རྒྱལ་མཚན་གྱི་སྐུ་ཡི་འཕྲེང་བ་བཅུ་གཅིག་པ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ཞིབ་ཅིང་ཕྲ་བའི་ལམ་སྟོན་གྱི་སྒྲོན་མེ་སྤར་ཏེ། གནས་མཆོག་རྡོ་རྗེ་གདན་གྱི་ཀིརྟིའི་སྒར་བསམ་ཡས་གླིང་དུ་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་ནས་གོ་སྒྲིག་བྱས་ཏེ། སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དབུས། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་དང་། གསང་ཆེན་རིག་པ་འཛིན་པའི་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་པོ་རྣམ་པ་སོགས་རི་བོ་དགེ་ལྡན་པ་དང་། སྔ་འགྱུར་རྫོགས་ཆེན་པ། བཀའ་བརྒྱུད་ཕྱག་ཆེེན་པ། ས་སྐྱ་ལམ་འབྲས་པ། ཇོ་ནང་སྦྱོར་དྲུག་པ། གཡུང་དྲུང་བོན་དང་བཅས་ཆོས་བརྒྱུད་རིས་མེད་ཀྱི་མཁས་པའི་དབང་པོ་རྣམས་ཚོམས་གུར་གཅིག་ཏུ་འཛོམས་ནས་རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་འཚོགས་སྐབས། མཁས་པ་དང་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ལུང་དང་རིགས་པའི་འོད་སྟོང་སྤྲོས་ཏེ། རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པ་གཏན་ལ་ཕབ་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དཀའ་གནད་མཐའ་དག་གསལ་བར་མཛད་པའི་ངོ་མཚར་གསུང་གི་ཆོ་འཕྲུལ་བསྟན་པར་ཁོ་བོ་ཡིད་ཀྱི་གཏིང་ནས་མི་ཕྱེད་པའི་དགའ་དད་རབ་ཏུ་འཕེལ་ཏེ་དྲང་ངེས་བགྲོ་གླེང་ལས་འཕྲོས་པའི་གཏམ་འདི་ངག་ནས་ཐོལ་གྱིས་ཐལ།

 

           སྤྱིར་བསྟན་བཅོས་ཆེན་མོ་དྲང་ངེས་ལེགས་བཤད་སྙིང་པོ་ཞེས་པ་དེ་རི་བོ་དགེ་ལྡན་པའི་རྗེས་འཇུག་ཙམ་དུ་མ་ཟད། ཆོས་བརྒྱུད་རིས་མེེེད་ཀྱི་གཟུར་གནས་རིགས་པ་སྨྲ་བ་མཐའ་དག་གིས་རབ་དང་ཕུལ་དུ་བྱུང་བའི་འཆོས་སྐྱོབ་ཡོན་ཏན་གཉིས་ལྡན་གྱི་གསུང་རབ་བླ་ན་མེད་པ་ཞིག་ཏུ་ངོས་འཛིན་བྱེད་པ་ཡོངས་སུ་གྲགས་ལ། གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས། དྲང་ངེས་ཞེས་པ་དེ་མདོར་ན་མདོ་སྔགས་ཀྱི་ཐེག་པའི་ཚུལ་ལས་བརྩམས་པའི་ལེགས་བཤད་ཐམས་ཅད་ཀྱི་སྙིང་པོ་ལྟ་བུ་ཡིན་པས་གཞུང་འདི་ཤིན་ཏུ་གལ་ཆེན་པོ་ཡིན། ཞེས་གསུངས་པ་དང་། སྐྱབས་མགོན་ཀིརྟི་རིན་པོ་ཆེས་ཀྱང་བསྟན་བཅོས་དེ་ཉིད་གལ་ཆེན་དོན་ཆེན་དུ་གཟིགས་ཏེ། བཅའ་ཡིག་བློ་གསལ་འཇུག་ངོགས་སུ། དྲང་ངེས་ལ་དམིགས་ཀྱིས་བཀར་ནས་སློབ་གཉེར་གནང་དགོས་པ་འདི་ཤིན་ཏུ་གལ་ཆེ་བར་མཐོང་བས་དྲང་ངེས་ལེགས་བཤད་སྙིང་པོ་རྩོད་གཞུང་གི་གཙོ་བོར་བཟུང་ནས་འཚོགས་དགོས། ཞེས་ཀིརྟིའི་གདན་ས་ཆེ་ཁག་རྣམས་ལ་གསུང་གིས་ནན་གྱིས་བསྐུལ་བ་སོགས། བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་བསྟན་བཅོས་དྲང་ངེས་ལེགས་བཤད་སྙིང་པོ་འདི་ལ་ཤེས་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཕོན་པོ་གཏོར་ཞིང་གདེང་འཇོག་མངོན་པར་མཐོ་བ་མཛད།


               ཇི་སྐད་དུ། ང་དྲན་ན་མདོ་སྔགས་ཀྱི་ལམ་རིམ་གཉིས་ཀྱིས་གཙོས་ཡིག་ཆ་འདི་རྣམས་ངའི་ཁ་ཆེམས་ཡིན་པས་འདི་རྣམས་ལ་ལྟོས། ཞེས་རྗེ་ཉིད་ཀྱིས་བུ་སློབ་གདུལ་བྱ་ཡོངས་ལ་ཞལ་ཆེམས་གནང་བ་ལྟར། མདོ་རྒྱུད་གསུང་རབ་དགོངས་འགྲེལ་དང་བཅས་པར་དཔྱད་པ་ཡོངས་སུ་རྫོགས་པ་ལ་འཁྲུལ་བའི་ཆ་ཕྲ་མོ་ཙམ་ཡང་མི་མངའ་བའི་༸འཇམ་མགོན་བླ་མའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་ཡི་ཡ་གྱལ། མདོ་སྡེ་ལ་འགལ་སྤོང་གི་དྲང་ངེས་འབྱེད་ཚུལ་ཚང་ལ་མ་ནོར་བར་གསལ་ཞིང་། ལྟ་བའི་གནད་རྣམས་སྟོན་པའི་གཞུང་ཆེན་མོ་དྲང་ངེས་ལེགས་བཤད་སྙིང་པོ་ལ་ཐོས་བསམ་སྒོམ་པ་དང་བཤད་སྒྲུབ་ཟུང་འབྲེལ་བྱེད་པ་ནི། རང་ཅག་རྣམས་ཀྱིས་རྗེ་བླ་མའི་བཀའ་དྲིན་རྗེས་དྲན་དང་ཚོགས་གཉིས་བདེ་བླག་ཏུ་རྫོགས་པའི་ཐབས་བླ་ན་མེད་པ་ཞིག་རེད་སྙམ།

 

            རྗེ་བདག་ཉིད་ཆེན་པོས་མདོ་སྔགས་ཀྱི་བཀའ་རྩོམ་གླེགས་བམ་ཆེ་ཆུང་གང་ཞིག་མཛད་ནའང་། དེང་གི་ཞིབ་འཇུག་པ་རྣམས་ཀྱིས་དབྱེ་ཞིབ་དཔྱད་བརྗོད་དུ་སྤེལ་བ་ལྟར། ལུང་དང་རིགས་པའི་ཤེས་བྱེད་ཀྱིས་དབུལ་ཞིང་རང་བཟོའི་སྨྱུག་རྩེ་ཤོག་ངོས་སུ་འཁྱུགས་པའི་རྩལ་ངོམ་པ་ལྟ་བུ་མ་ཡིན་པར། ཡི་དམ་ལྷ་ཡིས་ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ་པ། དགོས་སོགས་ཆོས་བཞི་བཅས་བསྟན་བཅོས་རྩོམ་པའི་རྒྱུ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པའི་སྒོ་ནས་རྩོམ་པའི་ལས་ལ་འཇུག་པ་ཡིན་ཏེ། ལེགས་བཤད་ཤེལ་གྱི་མེ་ལོང་ལས། རྗེ་བདག་ཉིད་ཆེན་པོས་གསུང་རྩོམ་མཛད་པ་རྣམས་ནི། གང་འདོད་དུ་མཛད་པ་མ་ཡིན་པར་བཤད་མ་ཐག་པ་ལྟར། གྲུབ་ཆེན་རྣམས་ཀྱི་སྐུའི་སྣང་བ་གཟིགས་པ་སོགས་བསྟན་འགྲོར་ཕན་པའི་མཚན་མ་བརྟན་པོ་གཟིགས། རྗེ་བཙུན་གྱིས་བསྐུལ་ནས་མཛད་པ་ཤ་སྟག་སྟེ། བསྟན་བཅོས་ཆེ་བ་ལྟ་ཞོག བྱམས་བསྟོད་ཚངས་པའི་ཅོད་པཎ་དང་། རིན་པོ་ཆེ་གསལ་བའི་སྒྲོན་མེ། བདེ་བ་ཅན་གྱི་སྨོན་ལམ་རྣམས་ཀྱང་དོན་གྱི་ངོ་བོ་གོ་རིམ་སོགས་འཇམ་དབྱངས་ཀྱིས་གསུངས་པ་བཞིན་མཛད། ཞེས་གསུངས་པ་ལྟར། བླ་མ་དང་ཡི་དམ་དབྱེར་མེད་དུ་བསྒོམས་ཤིང་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་བསགས་སྦྱངས་ལ་འབད་ཅིང་། ཤིང་རྟ་ཆེན་པོ་རྣམས་ཀྱིས་གཙོས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་སོགས་རྒྱ་བོད་ཀྱི་མཁས་པའི་དབང་པོ་རྣམས་ཀྱིས་མཛད་པའི་གཞུང་ལུགས་ཀུན་ལ་འོལ་སྤྱི་དང་ཕྱོགས་རེ་བ་ཙམ་དུ་མ་སོང་བར་དྲི་མ་མེད་པའི་ལུང་རིགས་ཀྱི་བརྒལ་བརྟག་ཞིབ་མོས་བརྗོད་བྱ་རྗོད་བྱེད་མཐའ་དག་རང་གི་ཐུགས་སུ་ཆུད་པར་མཛད་ནས། མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་པའི་ཤིང་རྟའི་སྲོལ་ཕྱེས་པའི་བསྟན་བཅོས་ཏེ་ཆོས་སྒྲ་ལན་གཉིས་པར་གྲགས་པའི་དབུ་མ་རིགས་ཚོགས་དྲུག་མཛད་པ་རྣམས་ཀྱི་ནང་ནས་རྩ་བའམ་གཞི་མ་ལྟ་བུའི་རྩ་བ་ཤེས་རབ་ཀྱི་དགོངས་འགྲེལ་དུ་རྩ་ཤེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་དང་། དཔལ་ལྡན་ཟླ་བའི་དབུ་མ་ལ་འཇུག་པ་ཞེས་བྱ་བའི་རྣམ་བཤད་དགོངས་པ་རབ་གསལ། བོད་སྔ་མའི་ལྟ་བའི་འཁྲུལ་སེལ་དུ་ལྷག་མཐོང་ཆེན་མོ། རང་ལུགས་ཀྱི་ལྟ་བའི་སྙིང་པོ་ཕྱིན་ཅི་མ་ལོག་པར་གསལ་བའི་ཕྱིར་དུ་ལྷག་མཐོང་ཆུང་ངུ་། དབུ་སེམས་ཀྱི་ལྟ་བའི་ཕྲ་རགས་མ་འདྲེས་ཤིང་དྲང་བ་དང་ངེས་པའི་རྣམ་གཞག་གསལ་བར་བསྟན་པའི་དྲང་ངེས་ལེགས་བཤད་སྙིང་པོ་སྟེ། ལྟ་བའི་གནད་ཕུགས་པའི་ལེགས་བཤད་ཆེན་པོ་ལྔ་ལ་སོགས་པ་གསེར་གྱིས་བྲིས་པའི་གླེགས་བམ་པོ་ཏི་བཅོ་བརྒྱད་འགྲོ་བ་སྤྱི་ལ་བསོད་ནམས་ཀྱི་བགོ་སྐལ་དུ་བཞག

 

               བཀའ་རྩོམ་དེ་དག་ལས་རབ་དང་ཕུལ་དུ་བྱུང་བ་ནི་དབུ་མ་ཐལ་རང་གི་ཐུན་མོང་མ་ཡིན་པའི་ལྟ་བའི་ཕྲ་རགས་སོགས་ཀྱི་དཀའ་གནད་གསལ་བར་བྱེད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོ་འདི་ཉིད་ཡིན་ལ། དེ་ལྟར་ཡང་དྲང་ངེས་ལེགས་བཤད་སྙིང་པོ་ལས། དོན་གྱི་ཆེ་ལོང་ཙམ་དུ་མ་ཞིག་མཐོང་ཡང་ཡིད་མི་ཚིམས་པར་ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་རབ་ཀྱི་ལྟ་བའི་མིག་ཏུ་ཕྱིན་པའི་རིགས་པའི་གནད་ཕྲ་རགས་རྣམས་ལ་ལེགས་པར་འདྲིས་པར་བྱས་ནས། གསུང་རབ་ཀྱི་རྒྱ་ཆེ་བ་དང་ཟབ་པ་ལས་ཀྱང་ཆེས་ཟབ་པའི་གནས་རྣམས་གཏན་ལ་འབེབས་པ་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་རྩོམ་ཞིང་། ཇི་ཙམ་ཤེས་པ་དེ་ཙམ་དུ་སྒྲུབ་པ་སྙིང་པོར་བྱས་ཏེ་རྒྱལ་བའི་བསྟན་པ་རིང་དུ་གནས་པར་འདོད་པའི་རྣམ་དཔྱོད་ཅན་རྣམས་ལ་ཁོ་བོས་ལེགས་པར་བཤད་པའི་སྙིང་པོ་འདི་གཏམ་དུ་བྱས་སོ། །ཞེས་གསུངས་པ་ལྟར། རྒྱལ་བའི་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དགོངས་དོན་ཟབ་མོ། ཤིང་རྟ་ཆེན་པོོ་དག་གི་བཞེད་པ་བཞིན་མ་འདྲེས་པར་གསལ་བར་མཛད་དེ་དབུ་མའི་ལྟ་བ་རྟོགས་པའི་འབབ་སྟེགས་སམ་ཕྱོགས་སྔ་མའི་ཚུལ་དུ་སེམས་ཙམ་པའི་ལུགས་ཀྱི་དྲང་ངེས་ཀྱི་རྣམ་བཞག་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་ཕྱེས་པ་དང་། བློ་གྲོས་མི་ཟད་པའི་མདོ་ལ་བརྟེན་ནས་བརྗོད་བྱ་བདེན་གཉིས་ཀྱི་སྒོ་ནས་དྲང་ངེས་ཀྱི་ཁྱད་པར་འཕགས་པས་དོན་གྱིས་ཕྱེ་བ་ལྟར་དངོས་སུ་གསལ་བར་མཛད་དོ།།

 

              བསྟན་བཅོས་ཆེན་པོ་ལེགས་བཤད་སྙིང་པོ་འདི་ཇི་ལྟར་ལྗགས་རྩོམ་མཛད་པའི་ཚུལ་ནི། རྗེ་བླ་མ་སྐུ་ན་ཕྲ་མོའི་དུས་ནས་འཕགས་པ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་སོགས་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལུགས་མཐའ་དག་ལ་གསན་བསམ་རྒྱ་ཆེར་མཛད་པས་མཁས་པའི་སྙན་པ་གངས་ཅན་ཁ་བའི་ལྗོངས་འདིར་ཡོངས་སུ་གྲགས་ནའང། དེ་ཙམ་ལ་ཆ་འཇོག་ཡིད་བརྟན་གྱིས་ཐུགས་ཡིད་མ་ཚིམས་པར། རྗེ་བླ་མ་ཉིད་ཀྱི་ཞལ་ལས། ད་ལྟ་བོད་ན་ཤེས་རབ་གོ་བ་བཟང་བའི་མཐར་ཐུག་ཏུ་རྩི་བ་འདི་ཚོ་ལྟར། གསུང་རབ་དགོངས་འགྲེལ་དང་བཅས་པའི་བསྟན་བཅོས་ཕལ་ཆེར་ལ། བལྟས་པ་ཙམ་ནས་འདིའི་དོན་འདིར་འདུག་སྙམ་པ་འབད་མེད་དུ་ལམ་ལམ་འཆར་བ། དེ་གཞན་ལ་བསྟན་ན་གོ་བ་ཆེན་པོ་བློ་ཡུལ་དུ་བདེ་སང་སང་བ་འཆར་ཐུབ་པ་ཞིག་ང་ལ་སྔ་མོ་ནས་ཡོད་དེ། དེ་འདྲ་ལ་ཡིད་བརྟན་པ་ཅང་མི་རུང་། རིགས་པ་ཕྲ་མོས་ལེགས་པར་དཔྱད་པ་ན། དང་པོར་ཡིན་ཡིན་འདྲ་བའི་གོ་བ་རྙེད་པ་རྣམས་ཀྱང་ཕལ་ཆེར་ཞིག་འགྲོ་བ་མང་། དེས་ན་རིགས་པ་རྣམ་པར་དག་པ་ཕྲ་མོ་ཞིག་གིས་ལེགས་པར་དཔྱད་པའི་དཔྱད་པ་མ་རྫོགས་བར་དུ་དོན་དེར་ཁ་ཚོན་བཅད་ཀྱང་ཤབ་ཤོབ་ཏུ་འགྲོ་བ་ཡིན། ཞེས་གསུངས་ཤིང་།

 

              འཇིག་རྟེན་གྲགས་ཚོད་དུ་བླ་མ་དབུ་མ་བས་ལོ་ཙཱ་མཛད་དེ་རྗེ་བཙུན་འཇམ་པའི་དབྱངས་ལ་ལྟ་བའི་སྐོར་གྱི་དྲི་བ་མང་དུ་ཞུས་ཤིང། རྗེ་བཙུན་གྱིས་ཁྱེད་ཀྱི་ལྟ་བ་འདི་ཐལ་རང་གང་ལའང་མི་གཏོགས་པས། ཚོགས་བསགས་སྒྲིབ་སྦྱང་ལ་འབད་དེ་བླ་མ་དང་ཡི་དམ་ངོ་བོ་དབྱེར་མེད་ཀྱི་གསོལ་བ་བཏབ་ནས། བདག་མེད་སྟོན་པའི་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་གྱིས་འགྲུས་པར་བྱས་ན་རིང་བོར་མི་ཐོགས་པར་ས་བོན་འདིས་རྐྱེན་བྱས་ཏེ་ལྟ་བའི་དཔྱད་པ་རྫོགས་ངེས་པར་ལུང་གིས་བསྟན་པ་ལྟར། འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁ་ཆོས་གླིང་དུ་ཞབས་ཀྱིས་བཅགས་ཏེ་འཇམ་དཔལ་དབྱངས་ཀྱི་བཀའ་བཞིན་སྒྲུབ་པ་ལྷུར་བླངས་ནས་རིང་པོར་མ་ཐོགས་པའི་སྐབས་ཤིག་ལ་གཟིམ་ལམ་ནས་མགོན་པོ་ཀླུ་སྒྲུབ་སོགས་འཕགས་པ་ཡབ་སྲས་ལྔར་མཇལ་ཏེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མའི་རྒྱ་དཔེ་དབུ་ཐོག་ཏུ་བཞག་སྟེ་བྱིན་གྱིས་བརླབས་པའི་མཚན་མ་བྱུང་ཞིང་། ཕྱི་ཉིན་དབུ་མ་རྩ་ཤེས་ཀྱི་འགྲེལ་པ་བུདྡྷ་པ་ལི་ཏའི་རབ་བྱེད་བཅོ་བརྒྱད་པ་བདག་དང་ཆོས་བརྟགས་པའི་འགྲེལ་པར་གཟིགས་པ་ཙམ་གྱིས། རྟེན་འབྲེལ་སྟོང་པར་ཤར་ཞིང་སྟོང་པ་རྟེན་འབྲེལ་དུ་ཤར་ཏེ་མཐའ་བཞི་སྤྲོས་བྲལ་གྱི་དབུ་མའི་ལྟ་བ་དཔྱིས་ཕྱིན་པ་ཐུགས་རྒྱུད་དུ་འཁྲུངས་པའི་ཚུལ་མཛད་ནས། སྟོན་པ་ཐུབ་པའི་དབང་པོ་ལའང་མི་ཕྱེད་པའི་དད་པ་ལྷག་ཏུ་སྐྱེས་ཏེ་འཕྲལ་དུ་རྟེན་འབྱུང་རང་དབང་དུ་སྨྲ་བའི་སྒོ་ནས་རྟེན་འབྲེལ་བསྟོད་པའམ་ལེགས་བཤད་སྙིང་པོ་ཆུང་ངུ་མཛད།

 

             དེ་ནས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་རྩ་ཤེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་མཛད་དགོས་པར་དགོངས་ནས་སེ་ར་ཆོས་སྡིངས་ལ་བཞུགས་སྐབས། མཚན་མོ་ཞིག་ཏུ་གློ་བུར་དགག་དགོས་ཀྱིས་ར་ཁ་བྲག་ཏུ་བྱོན་ནས་སྐུ་མཚམས་དམ་པོའི་བཅད་རྒྱ་གནང་སྟེ་རྩེ་གཅིག་སྒྲུབ་པ་མཛད་པར། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་ཏེ་དབུ་སེམས་ཀྱི་ལྟ་བའི་གནད་རྣམས་མན་ངག་ཏུ་བསྩལ་བ་མཐའ་དག་ཡང་སྙིང་བྱས་ནས་དྲང་ངེས་ལེགས་བཤད་སྙིང་པོ་ཞེས་བྱ་བའི་བསྟན་བཅོས་འདི་ཉིད་མཛད་ཚུལ་ནི། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་དྲག་ཏུ་བཏབ་པས། སྐབས་ཤིག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་སྟོང་ཉིད་ཉི་ཤུའི་འགྲེལ་རྐང་རྣམས་གསེར་སྦྱངས་བཙོ་མའི་ཡི་གེར་བཀོད་པའི་རྣམ་པས་བར་སྣང་ཁྲིག་གིས་གང་བར་གཟིགས་པ་ཡང་ཡང་བྱུང་བས། རྩ་ཤེའི་རིགས་པ་ཤིན་ཏུ་ཕྲ་བ་རྣམས་ལའང་དོགས་པ་ལྷག་མ་མེད་པར་འབད་མེད་དུ་ཆོད་སོང་གསུང་ངོ་། །དེ་ནས་མྱུར་དུ་གསུང་རབ་ཀྱི་དྲང་ངེས་རྣམ་པར་འབྱེད་པའི་བསྟན་བཅོས་དང། རྩ་ཤེའི་རྣམ་བཤད་ཆེན་མོ་མཛད། ཅེས་གསུངས་སོ།།

 

             རྣམ་ཐར་དད་པའི་འཇུག་ངོགས་སུ་དྲང་ངེས་ལེགས་བཤད་སྙིང་པོ་དང་རྩ་ཤེས་ཊཱིཀ་ཆེན་གཉིས་བཀའ་རྩོམ་གནང་བ་ཙམ་ལས་གང་ཞིག་སྔ་ཕྱིར་མཛད་པའི་གོ་རིམ་མི་གསལ་ཡང་། ཨ་ལགས་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་བཏུས་ལས། མེ་ཕག ཕྱི་ལོ་ ༡༤༠༧ ཏཱ་མིང་རྒྱལ་པོས་ཀརྨ་དེ་བཞིན་གཤེགས་པ་རྒྱ་ནག་ཏུ་སྤྱན་དྲངས། རྗེས་རྩ་ཤེས་ཊཱིཀ་ཆེན་མཛད། ཅེས་དང་། ས་བྱི། ཕྱི་ལོ་ ༡༤༠༨ རྗེས་ལེགས་བཤད་སྙིང་པོ་བརྩམས། ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེ་རྒྱ་ནག་ཏུ་སྤྱན་དྲངས། ཞེས་གསུངས་ལ། དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས་ཀྱང་། མེ་ཕག།ཕྱི་ལོ་ ༡༤༠༧ རྗེ་ཙོང་ཁ་པས་རྩ་ཤེས་ཊཱིཀ་ཆེན་མཛད། མཁས་གྲུབ་རིན་པོ་ཆེ་རྗེ་ཙོང་ཁ་པ་དང་མཇལ། ཅེས་དང་། ས་བྱི། ཕྱི་ལོ་ ༡༤༠༨ རྗེ་ཙོང་ཁ་པས་དྲང་ངེས་ལེགས་བཤད་སྙིང་པོ་མཛད། ཏཱ་མིང་གོང་མ་ཡུང་ལོས་རྗེ་ཙོང་ཁ་བ་མཆོད་གནས་སུ་གདན་དྲངས་ཀྱང་མ་ཕེབས་པར་སྐུ་ཚབ་ཏུ་བྱམས་ཆེན་ཆོས་རྗེ་གཏོང་གནང་མཛད་ཅིང་། ཞེས་གསུངས་འདུག་མོད། འོན་ཀྱང་དྲང་ངེས་ལེགས་བཤད་སྙིང་པོ་ལས། འདི་ལ་རང་བཞིན་མེད་པ་ཡོད་པར་རིགས་ཤེས་ཀྱིས་མི་འགྲུབ་པ་ནི་རྩ་ཤེས་རྣམ་བཤད་དུ་འཆད་པར་འགྱུར་ལ། ཞེས་གསུངས་པ་ལ་གཞིགས་ན། རྗེ་ཉིད་ཀྱིས་དྲང་ངེས་ལེགས་བཤད་སྙིང་པོ་མཛད་པའི་སྐབས་སུ་རྩ་ཤེས་རྣམ་བཤད་ད་དུང་བཀའ་རྩོམ་གནང་མེད་པར་ཤེས་ལ། རྩ་ཤེས་རྣམ་བཤད་ལས་ཀྱང་། དེ་གཉིས་ཀྱི་དོན་རྒྱས་པར་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་དྲང་ངེེས་ཕྱེ་བ་ལེགས་པར་བཤད་པའི་སྙིང་པོར་གཏན་ལ་ཕབ་ཟིན་པ་ལས་ཤེས་པར་བྱའོ།། ཞེས་གསུངས་པས་ཀྱང་དྲང་ངེས་ལེགས་བཤད་སྙིང་པོ་རྩ་ཤེས་ཊཱིཀ་ཆེན་གྱི་སྔོན་དུ་མཛད་ཟིན་པར་རྟོགས་ནུས་ཤིང་། གོང་ས་མཆོག་གིས་ཀྱང་། རྗེ་རིན་པོ་ཆེས་དབུ་མའི་ལྟ་བའི་སྐོར་ལ་ཐོག་མར་ལྷག་མཐོང་ཆེན་མོ་མཛད་པ་ཡིན་པ་དང་། དེའི་རྗེས་སུ་དྲང་ངེས་ལེགས་བཤད་སྙིང་པོ་མཛད། དེའི་རྗེས་སུ་རྩ་ཤེས་ཊཱིཀ་ཆེན་མཛད། དེའི་རྗེས་སུ་དབུ་མ་དགོངས་པ་རབ་གསལ་དང་ལྷག་མཐོང་ཆུང་ངུ་མཛད་ཚུལ་སོགས་གསུངས་སོ།།

            བསྟན་བཅོས་དེ་ཉིད་ཀྱིས་གཞུང་ལུགས་མང་དུ་ཐོས་ཤིང་རིགས་པས་ངལ་བ་བསྟེན་པའི་མཁས་པ་རྣམས་ཀྱིས་ཀྱང་སྤྱོད་ཡུལ་དུ་མ་གྱུར་པའི་ཤིང་རྟ་ཆེན་པོ་དག་གི་ལྟ་བའི་བཞེད་སྲོལ་དྲི་མ་མེད་པ་དཔྱིས་ཕྱིན་པར་གསལ་བར་མཛད་ཡོད་དེ། མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་འཁོར་ལོ་གསུམ་གྱི་དྲང་ངེས་རྣམ་གཞག་ལེགས་པར་ཕྱེས་ནས་འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་བཞེད་ཚུལ་ཇི་བཞིན་རྣམ་རིག་པའི་ལྟ་བའི་གནད་ཡོངས་སུ་གསལ་བར་མཛད་པ་དང་། བློ་གྲོས་མི་ཟད་པར་བསྟན་པའི་མདོ་ལ་བརྟེན་ནས་དབུ་མ་པའི་ལུགས་ཀྱི་དྲང་ངེས་ཀྱི་རྣམ་བཞག་གསལ་བར་གཏན་ལ་ཕབ་སྟེ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་དྲང་ངེས་འབྱེད་པའི་མདོའི་ཁུངས་དངོས་སུ་སྨོས་ནས་བོད་སྔ་མའི་མཁས་པ་སུས་ཀྱང་ངག་ལས་མ་ཐོན་པའི་དབུ་མ་ཐལ་རང་གི་ལྟ་བ་ཕྲ་རགས་ཀྱི་ཁྱད་པར་མ་འདྲེས་པའི་གལ་གནད་རྣམས་ལུང་རིགས་ཕྲ་ཞིང་ཞིབ་པས་གཏན་ལ་ཕབ་སྟེ། དབུ་མ་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཤེས་བྱ་ལ་བཞེད་པའི་གནད་ཀྱིས་ཐལ་རང་གི་དགག་བྱའི་ཁྱད་པར་དང་། དགག་བྱའི་མཚམས། བློའི་དབང་གིས་བཞག་ཚུལ་སོགས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་དཔལ་ལྡན་ཟླ་བས་བཀྲལ་བ་ཇི་བཞིན། རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་མེད་ཀྱང་། ཐ་སྙད་དུ་བྱ་བྱེད་ཐམས་ཅད་འཇོག་པའི་སྣང་སྟོང་ཟུང་འཇུག་གི་རྟེན་འབྲེལ་ཟབ་མོ་རྩལ་དུ་བཏོན་ཏེ། ཐུན་མོང་མ་ཡིན་པའི་དཀའ་གནད་བརྒྱད་ལ་སོགས་པའི་འགངས་ཆེ་བ་རྣམས་གསལ་བར་མཛད་ཅིང་། བོད་སྔ་མའི་མཁས་པ་མང་པོས་བཞེད་པའི་ཆོས་ཀྱི་བདག་མེད་ཤེས་སྒྲིབ་དག་བྱེད་དུ་མི་འཐད་པར་ཐལ་བའི་རྩོད་པ་སོགས་རྩོད་པ་ཆེན་པོ་ལྔ་ལ་རྩོད་སྤོང་ཡང་དག་པར་མཛད་དེ། མདོ་སེམས་སོ་སོའི་ལུགས་བཞིན་མ་འདྲེས་པར་ཕྱེས་ནས་རྟོག་པ་ཡིད་ཤེས་ལ་ལྟོས་པའི་རྣམ་རིག་པའི་ལྟ་བ་གཏན་ལ་ཕབ་པས་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཅེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ།

 

              མདོར་ན། རྣམ་འདྲེན་བཞི་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འཛམ་བུ་གླིང་བར་བྱོན་ནས་གདུལ་བྱ་སོ་སོའི་ཁམས་དང་མོས་པ། དབང་པོ་རྣོ་རྟུལ་སོགས་ལ་གཟིགས་ནས་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འགྲོ་བ་ཡོངས་ལ་བསྩལ་བའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང་། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བཅས་འཁོར་ལོ་རིམ་པ་གསུམ་བསྐོར་བ་ལ་ཉི་ཟླ་ལྟ་བུའི་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་རྣམ་གཉིས་ཀྱིས་དྲང་བ་དང་ངེས་པའི་དོན་ལེགས་པར་ཕྱེས་པའི་སྒོ་ནས་ཐེག་པ་གསུམ་དང་གྲུབ་མཐའ་བཞིའི་ལྟ་བ་ཕྲ་རགས་ཐམས་ཅད་གསལ་བར་མཛད་པ་བཞིན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཀྱང་རྗོད་བྱེད་ཚིག་གི་སྦྱོར་བ་ལེགས་ཤིང་བརྗོད་བྱ་དོན་ལ་འཁྲུལ་བའི་ཆ་ཕྲ་མོ་ཙམ་ཡང་མི་མངའ་བའི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོ་མཛད་པ་ལ། དུས་རབས་བཅུ་བཞི་པའི་རྗེས་ཀྱི་མཁས་དབང་རིམ་བྱོན་གྱིིས་བསྟན་བཅོས་འདི་རྨད་དུ་བྱུང་བའི་ཚུལ་ཞལ་མཐུན་དུ་གླེང་ཞིང་། ཞྭ་སེར་ཅོད་པཎ་འཆང་བའི་རང་ལུགས་འཛིན་པ་རྣམས་ཀྱིས་ཀྱང་ལེགས་བཤད་འདི་ཉིད་ཤིན་ཏུ་འགངས་ཆེ་བར་བརྩིས་ནས་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བ་ཙམ་དུ་མ་ཟད། འགྲེལ་པ་འགྲེལ་བཤད་ཀྱང་ཇི་སྙེད་ཅིག་བརྩམས་པ་སོགས་དྲང་ངེས་ལེགས་བཤད་སྙིང་པོའི་འཕྲིན་ལས་ཕྱོགས་ནས་ཕྱོགས་སུ་དར་ཞིང་རྒྱས་པའི་སྐབས་སོ།།

 

             རྒྱལ་བའི་བསྟན་པ་ལ་མཛད་རྗེས་བཀའ་དྲིན་བླ་མེད་དུ་ཆེ་ཞིང་བསྟན་འཛིན་ཀུན་གྱི་གཙུག་གི་རྒྱན་དུ་གྱུར་པ་རྗེ་བཙུན་བླ་མ་དམ་པ་བློ་བཟང་གྲགས་པ་གང་ཉིད་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་སྐུ་གཤེགས་ནས་ལོ་འཁོར་ལྔ་བརྒྱ་གོ་དགུའི་རྗེས་སུའང་། མགོན་པོ་མཆོག་གི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཀིརྟིའི་སྒར་བསམ་མའི་གླིང་དུ་འཚོགས་སྐབས། དྲང་ངེས་བགྲོ་གླེང་ལས་འཕྲོས་པའི་གཏམ་འདི་སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༤ ལ་ཡུལ་དབུས་གནས་མཆོག་རྡོ་རྗེ་གདན་ནས་སྟག་ལུང་སྤྲུལ་མིང་པ་བློ་བཟང་ཤེས་རབ་རྒྱ་མཚོས་གླེང་བ་སྐྱེ་བ་ཀུན་ཏུ་འཇམ་མགོན་བླ་མས་རྗེས་སུ་བཟུང་སྟེ་གསུང་གི་བདུད་རྩི་ངོམས་མེད་དུ་འཐུང་བའི་རྒྱུ་རུ་གྱུར་ཅིག་གུ།།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.