སྤྲོ་ཚིགས་ཆོས་གྲགས།

ཐོག་མའི་སྤྱི་བཤད།

༄༅།། བོད་ཀྱི་རྩོམ་རིག་གི་རྩ་བའི་གཞུང་ལུགས་སྙན་ངག་མེ་ལོང་ནི། གནའ་བོའི་རྒྱ་གར་གྱི་སྙན་ངག་མཁན་ཆེན་དབྱུག་པ་ཅན་གྱིས་རཱ་མ་ཤརྨའི་གཞུང་དང་། དབྱངས་ཅན་མགུལ་རྒྱན། དྲང་སྲོང་རྒྱས་པའི་བྷ་ར་ཏའི་བསྟན་བཅོས་སོགས་སྐབས་དེ་དང་དེའི་སྒྱུ་རྩོམ་གྱི་གཞུང་གྲགས་ཅན་དག་ལ་ཞིབ་དཔྱད་སྙིང་སྡུད་དང་དགོས་ངེས་གསབ་འཇུག་བྱས་ཏེ་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་སྒྲིག་རྩོམ་མཛད་པ་ཞིག་ཡིན།

      གཞུང་འདིའི་བྱེད་པོ་སློབ་དཔོན་དབྱུག་པ་ཅན་ནི་ཧ་ལམ་སྤུ་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་ཙམ་དུ་བྱོན་ཞིང་། གནའ་བོའི་རྒྱ་གར་གྱི་ཕུལ་དུ་བྱུང་བའི་རྩོམ་རིག་མཁས་ཅན་དང་། ཆོས་ལུགས་པ། རྒྱལ་ཐབས་ཆབ་སྲིད་ལ་སྟོབས་ཤུགས་འབུལ་བའི་མདུན་ན་འདོན་ཞིག་ཀྱང་ཡིན། ཁོང་ལ་སྙན་ངག་མེ་ལོང་ལས་གཞན་གཞོན་ནུ་བཅུའི་འཇུག་པ་བྱ་བའི་ཚིག་ལྷུག་གི་སྒྲུང་ཞིག་དང་། བྲི་ཙྪ་ཀཊཱིཀྐ་བྱ་བའི་ཟློས་གར་གྱི་བསྟན་བཅོས། སྒྱུ་རྩལ་ཡོངས་སུ་དཔྱད་པ་བྱ་བ་ལེའུ་བཞི་ཅན་ཞིག་བཅས་ཡོད་པར་གྲགས་པ་ལས་སྙན་ངག་མེ་ལོང་ནི་ད་ལྟའི་བར་འཕགས་བོད་ཤེས་རིག་ལོ་རྒྱུས་ཁྲོད་རིན་ཐང་ཉམས་མེད་དུ་གནས་པའི་ཁོང་གི་བརྩམས་ཆོས་གཙོ་བོ་དེ་ཡིན། སྙན་ངག་མེ་ལོང་དང་ཐོག་རྒྱལ་པོ་པུ་ལ་ཀེ་ཤ་བྱ་བའི་རྒྱལ་བུ་དག་གི་སློབ་རྟེན་དུ་བྲིས་པ་ཞིག་ཡིན་པ་གསལ་རུང་། སྙན་གཞུང་འདི་སྒྲིག་རྩོམ་མཛད་པའི་དགོས་པ་གཙོ་བོ་དེ་ཙམ་མིན་པར་སྐབས་དེའི་རྒྱ་གར་གྱི་རྩོམ་རིག་འཕེལ་རྒྱས་ལ་དམིགས་ཡོད་པ་གཞུང་འདིའི་དབུར་སྙན་གཞུང་གི་གལ་ཆེའི་རང་བཞིན་ནན་གྱིས་བརྗོད་པ་དང་སྙན་གཞུང་འདི་བརྩམས་རྗེས་ལྷོ་ཤར་མཁས་པ་ཐུན་མོང་གི་སྦྱོང་རྟེན་གཙོ་བོར་བཟུང་བ་ལས་ཀྱང་ལམ་ཙམ་དཔོག་ཐུབ།

སྲོང་བཙན་སོགས་རང་རིགས་ཀྱི་མེས་དབོན་གོང་མའི་རིང་སྔོན་མེད་ཡི་གེའི་སྲོལ་ཆེན་ཕྱེས་ཏེ་གཞུང་ཕྱོགས་ནས་རྩ་འཛུགས་ཡོད་པའི་ཐོག་ནས་ཤཱཀྱའི་རིང་ལུགས་གཙོས་ཕྱིས་ཕུལ་བྱུང་རིག་གནས་ནང་འདྲེན་བྱས་པའི་མིག་རྐྱེན་བཟང་པོའི་དབང་གིས། ཆབ་སྲིད་ཐོག་གཅིག་གྱུར་མེད་པའི་བོད་སིལ་བུའི་སྐབས་ཀྱང་དོ་བརྩོན་ཡོད་པའི་ཆོས་ལུགས་མི་སྣ་མང་པོས་རང་འགུལ་ངང་ཆོས་དང་ཤེས་རིག་སྡུད་ལེན་དང་དར་སྤེལ་གཏོང་བའི་བྱ་གཞག་ནང་ཞུགས་པས་སྐབས་དེ་དག་ཏུ་བོད་ཀྱི་རིག་གནས་སྤྱི་དང་རྩོམ་རིག་ལག་ལེན་ཡང་འཕེལ་རྒྱས་ངེས་ཅན་ཞིག་ཏུ་སོན་ཡོད། དཔེར་ན། བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཆེ་གྲས་བཀའ་གདམས་པ་དང་། བཀའ་བརྒྱུད་པ། ས་སྐྱ་པ་རྣམས་ནི་སྐབས་དེ་ཤེད་དུ་གསར་དུ་དར་བ་ཡིན་ལ། འབྲོམ་སྟོན་པའི་ཇོ་བསྟོད་དང་། མི་ལའི་གསུང་མགུར། ས་སྐྱའི་ལེགས་བཤད་ལྟ་བུའི་གྲགས་རྩོམ་དག་ཀྱང་དུས་སྐབས་དེའི་བརྩམས་འབྲས་ཤ་སྟག་ཡིན། འོན་ཀྱང་དུས་དེའི་བོད་ཀྱི་རྩོམ་རིག་གི་རྒྱ་ཁྱབ་གནས་བབ་ནི། ཇི་སྐད་དུ། འདི་ན་གྲོང་པ་རྣམས་ཀྱི་ཚིག །རང་དགར་རྐང་པ་བཅད་པ་ལ། །སྙན་ངག་མཁན་དུ་འཛིན་པ་རྣམས། །ཀྱེ་མ་འཁྲུལ་བའི་མཚང་རེ་ཆེ། །ཞེས་པ་ལྟར། བསྒྱུར་རྩོམ་རྒྱ་གར་མའི་རྩོམ་འགྲོས་ལ་དཔེ་ལྟོས་ལད་ཟློས་དང་། སྒྲིག་བཀོད་ཞན་ཞིང་མཚོན་ཐབས་སྟབས་བདེ་ཡིན་པའི་རང་མོས་འབོལ་རྩོམ་ལྟ་བུའི་ཆུ་ཚད་ལས་བརྒལ་ཐུབ་ཀྱི་མེད་སྟབས། བོད་ཀྱི་རྩོམ་རིག་ཁྱོན་ཡོངས་ནས་ཡང་དག་པའི་ལམ་དུ་འཕེལ་རྒྱས་གཏོང་དགོས་ན་རྩོམ་རིག་གི་ལག་ལེན་དངོས་ལ་མཛུབ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པའི་གཞུང་ལུགས་ཤིག་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། རྒྱུ་རྐྱེན་དེ་འདྲ་ཞིག་ལ་བརྟེན་ནས་ད་གཟོད་སྙན་ངག་མེ་ལོང་བོད་བསྒྱུར་བྱས་པ་རེད།

ཆོས་རྗེ་ས་པཎ་གྱིས་ཚད་ལྡན་མཁས་པའི་དྲུང་ནས་ཆོས་དང་ཤེས་རིག་གང་ལའང་ཤེས་བྱའི་རྣམ་གྲངས་ཙམ་མིན་པར་དཔྱིས་ཕྱིན་པར་སྦྱངས་ཐོག བོད་གངས་ཅན་ལ་རིག་གནས་བཅུའི་གཞུང་ལུགས་ཀྱི་ཡིག་འཇོག་ཚང་བར་སྒྲུབ་པའི་དགོས་མཁོ་སྤྱི་དང་། ལྷག་པར་དུ་བོད་ཀྱི་རྩོམ་རིག་གི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྙན་ངག་མེ་ལོང་ལས་ཉེར་མཁོ་ཐོར་བུ་བསྒྱུར་ཏེ་གནད་འགྲེལ་མདོར་བསྡུས་དང་བཅས་མཁས་པ་འཇུག་པའི་སྒོ་བྱ་བའི་བསྟན་བཅོས་ནང་བཀོད། དེ་ནི་སྙན་གཞུང་འདི་བོད་ལ་ངོ་སྤྲོད་བྱས་པ་ཐོག་མ་ཡིན་ཡང་། ད་དུང་བདག་ལ་ལེགས་སྤྱད་ཡོད་མོད་ཀྱི། །སྙིགས་མའི་དུས་ཀྱི་འགྲོ་བའི་སྤྱོད་ཡུལ་མིན། །མཁས་པ་འདོད་པའི་སྐྱེ་བོ་ཉུང་བས་ན། །བྱེད་པ་ཆུང་ཕྱིར་རྒྱས་པ་འདིར་མ་སྤྲོས། །ཞེས་མཛད་བྱང་གསལ་བ་ལྟར། བྱེད་པ་ཆུང་བར་དགོངས་ཏེ་ཆ་ཚང་བསྒྱུར་མེད། དེ་རྗེས་འགྲོ་མགོན་འཕགས་པས་གསུང་བཀོད་གནང་དོན་ལྟར་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱིས་ཕྱི་ལོ་ ༡༢༧༧ ལོར་པཎྜིཏ་ལཀྵིམ་ཀ་རའི་ཞབས་ལ་གཏུགས་ཏེ་སྙན་ངག་མེ་ལོང་ལེའུ་གསུམ་ག་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་ནས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་མཛད་རྗེས་རླབས་ཆེན་བཞག་གོ །

          སྙན་ངག་མེ་ལོང་བོད་ཀྱི་བརྡ་སྦྱོར་སྐད་ཡིག་ཐོག་སྡུད་ལེན་བྱས་པ་ཙམ་མ་ཟད། དཔང་ལོ་ཆེན་པོ་ནས་བཟུང་རིམ་བྱོན་མཁས་པས་འགྱུར་བཅོས་དང་མཐའ་དཔྱོད་གནང་སྟེ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་ཐུབ་པའི་གཞུང་ལུགས་རྣམ་དག་ཅིག་ཏུ་བསྒྱུར་པ་དང་ཆབས་ཅིག དགོངས་འགྲེལ་རྒྱས་བསྡུས་ཅི་རིགས་བརྩམས་ཏེ་འཆད་ཉན་གྱི་སྲོལ་བཏོད་པས་བོད་ཀྱི་རིག་གནས་པ་ཞིག་ཡིན་ཕྱིན་མ་མཐའ་ཡང་གཞུང་དེའི་ལེའུ་གཉིས་པའི་རྒྱན་སྦྱོར་ཚུལ་ལ་དཔེར་བརྗོད་གསར་འཇོག་ཅིག་བྱེད་པའི་རྒྱུན་སྲོལ་དར་ནས་གཞུང་དེ་བོད་ཀྱི་རྩོམ་རིག་གི་རྩ་བའི་གཞུང་ལུགས་སུ་གཏན་ཆགས་པར་གྱུར།

       སྙན་ངག་མེ་ལོང་གིས་དུས་ཡུན་རིང་པོའི་བར་བོད་ཀྱི་རྩོམ་རིག་གི་ལག་ལེན་དངོས་ལ་ཁྲིད་སྟོན་བྱས་པ་བརྒྱུད། ངག་རིག་སྨྲ་བས་བོད་ཁམས་བཀང་ཞིང་། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་སོགས་ཚད་མཐོའི་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་བརྩམས་འབྲས་འབོར་ཆེན་ཐོན། སྙན་ངག་མེ་ལོང་བོད་དུ་དར་སྤེལ་བྱུང་བ་དེས་བོད་ཀྱི་རྩོམ་རིག་གི་བརྗོད་བྱ་དང་སྒྱུ་རྩལ་མཚོན་ཐབས་ཐད་ཤུགས་རྐྱེན་ནམ་འཕེལ་རྒྱས་གསར་བ་བྱུང་ཞིང་། ལུས་གཟབ་ནན་ལ་རྒྱན་ཕུན་སུམ་ཚོགས་པས་སྤུད་པའི་སྙན་ཚིག་གི་རྩོམ་ལུས་སོགས་འགྲུབ་པར་བྱེད་ནུས་གལ་ཆེན་ཐོན་ཡོད།

          དེ་ལྟར་སྙན་ངག་མེ་ལོང་དང་འབྲེལ་བའི་དོན་གནད་འགའ་ཐོག་མར་སྤྱི་བཤད་རགས་ཙམ་བྱས་ཏེ། དཔྱད་རྩོམ་འདིའི་ནང་སྙན་ངག་མེ་ལོང་རྒྱུན་འཛིན་བྱེད་རིགས་པའི་དོན་སྙིང་དང་། ཇི་ལྟར་བྱས་ནས་རྒྱུན་འཛིན་བྱ་དགོས་པའི་སྐོར་དཔོག་ཚོད་ཙམ་གླེང་བར་འཇུག་གོ །

ས་བཅད་དང་པོ། སྙན་ངག་མེ་ལོང་རྒྱུན་འཛིན་བྱེད་རིགས་པའི་དོན་སྙིང་བཤད་པ།

          རིག་གནས་གང་ཞིག་གི་འཕེལ་རྒྱས་ནི་རིག་གནས་དེའི་ཁྱབ་ཁོངས་སོ་སོའི་གསར་གཏོད་ཀྱི་ཆུ་ཚད་ལ་ལྟོས་ཤིང་། གསར་གཏོད་ཅེས་པའང་རྒྱུན་འཛིན་གྱི་རྨང་གཞི་ངེས་ཅན་ཞིག་ལ་བརྟེན་ཡོད་པས་དེ་དག་ཕན་ཚུན་གྱི་འབྲེལ་བ་ནི་གཅིག་ལ་གཅིག་བརྟེན་ཡིན་ནོ། མེས་པོས་ཤུལ་བཞག་གི་བོད་ཀྱི་རྒྱུན་སྲོལ་རྩོམ་རིག་གམ་མིག་སྔའི་གསར་དར་རྩོམ་རིག་གང་ཡིན་ཡང་ཕྱོགས་ལྷུང་མེད་པར་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དུས་ཀྱི་འཕེལ་ཕྱོགས་ཀྱིས་བསྐུལ་པའི་བོད་མི་མང་གི་རེ་འདུན་ཉག་ཅིག་ཡིན་ལ། དེར་ཡང་སྤྱི་ཚོགས་ཆབ་སྲིད་དང་དཔལ་འབྱོར་གྱི་རྨང་གཞི་སོགས་ཕྱི་ནང་གི་རྒྱུ་རྐྱེན་གཞན་ལ་རག་ལས་པ་ཡོད་པ་ཕུད་ཅུང་འཐུས་ཚང་ཡིན་པའི་རྩོམ་གཞུང་སྙན་ངག་མེ་ལོང་རྒྱུན་འཛིན་བྱ་རྒྱུ་དང་ཡང་ཁ་འབྲལ་ཐབས་མེད།

 

གཅིག གསར་རྩོམ་ལ་འཇུག་པའི་མཛུབ་ཁྲིད་གཞུང་ལུགས་ཤིག་ཡིན་པས་རྒྱུན་འཛིན་བྱེད་རིགས་པ།

 

          སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་རྩོམ་རིག་གསར་རྩོམ་བྱེད་པ་ནི། དགོས་མཁོ་ཡོད་ལ་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན། དེ་ཡང་ཡི་གེ་མེད་པའི་གོང་རོལ་ངག་ཐོག་ནས་བྱུང་རྒྱལ་དུ་བརྩམས་ཤིང་། ཕྱིས་སུ་ཡིག་ཐོག་ནས་གཏན་ཆགས་ཅན་གྱི་གསར་རྩོམ་གཉེར་བ་ནི་རང་ཡིག་ཡོད་པའི་མི་རིགས་ཐུན་མོང་གིས་བརྒྱུད་མྱོང་བའི་ཆོས་ཉིད་ཀྱི་གོ་རིམ་ཞིག་ཡིན་པ་ལྟར་རང་ཅག་བོད་ལའང་ཚུལ་དེ་ལས་མ་འདས།

          སྙན་ངག་མེ་ལོང་གི་རྩ་གཞུང་དབུར་སྒྲ་དང་སྙན་ངག་གི་གལ་ཆེའི་རང་བཞིན་ཤློོཀ་བརྒྱད་ཀྱིས་བསྟན་ཅིང་། དེ་ལས་སྙན་ངག་གསར་རྩོམ་གྱི་དགོས་པ་ལ་འཇིག་རྟེན་གྱི་ལུགས་སྡེ་ཆེན་པོ་བཞིའི་སྐྱོན་ཡོན་བླང་དོར་ལ་མི་རྨོངས་པར་བྱེད་པ་དང་། ལེགས་པའི་ཡོན་ཏན་དང་འབྲེལ་བའི་གྲགས་པ་དུས་རིང་དུ་གནས་པ། ཡིད་ལ་དགའ་བདེའི་འདོད་པ་འཇོ་བ་བཅས་གསུངས་པ་ལྟར། བོད་ཀྱི་རྒྱུན་སྲོལ་ལའང་རྩོམ་པའི་ལས་ལ་མཐོང་ཆེན་བྱེད་དེ། ཇི་སྐད་དུ། གང་ཕྱིར་མཁས་པའི་ལས་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་ཡིན། །ཞེས་དང་། རྗེ་ཙོང་ཁ་པས། རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་དང་། ཨ་ལ་ཤས། རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། །ཞེས་གསུངས་པས་མཚོན་ནོ། དེ་ཡང་ཡིན་ཏེ། རྩོམ་པའི་ལེགས་བཤད་ནི་འཆད་རྩོད་སོགས་དང་མི་འདྲ་བར་ཡུལ་དུས་ཀྱི་གོ་མཚམས་མེད་པར་སློབ་ཞིབ་དང་རོལ་མྱོང་བྱེད་མཁན་ཐུན་མོང་གི་སྤྱོད་ཡུལ་དུ་འགྱུར་བ་དང་། མི་རྣམས་ལ་རྩོམ་ཡིག་གི་ལམ་ནས་ཤེས་རྟོགས་དང་སློབ་གསོ་སྤེལ་པ་བརྒྱུད་མཐུན་སྒྲིལ་མཉམ་ལས་དང་ལས་བརྩོན་དཔའ་ངར་ཆེན་པོས་མདུན་བསྐྱོད་བྱ་རྒྱུར་སྐུལ་ཁྲིད་གཏོང་བ། སྤྱི་ཚོགས་ཀྱི་བསམ་པའི་དཔལ་ཡོན་མཐོར་འདེགས་གཏོང་བར་ཡང་རྩོམ་རིག་བརྩམས་ཆོས་ཀྱི་ནུས་པ་ལྷག་ཏུ་ཆེ་བས་སོ། །

       གསར་རྩོམ་ནི་མཁོ་ཡོད་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་རུང་། དེ་ནི་བསམ་བློའི་རྩོལ་བ་ཁྱད་པར་བ་ཞིག་ཡིན་པས་ལག་ལེན་གྱི་སྐབས་སུ་ཚེགས་མེད་སྟབས་བདེ་ཞིག་མིན་ལ་མི་སུ་ཡིན་གྱིས་སྒྲུབ་ཐུབ་པ་ཞིག་དེ་བས་ཀྱང་མིན། གསར་རྩོམ་བྱེད་མཁན་ཞིག་ལ་མཚོན་ན་འཚོ་བའི་ཉམས་མྱོང་དང་རང་སྐད་ཀྱི་བརྡ་སྤྲོད་ཤེས་བྱ་སོགས་རྩོམ་རིག་འགྲུབ་བྱེད་ཀྱི་རྒྱུ་འགའ་ཞིག་ངེས་པར་དུ་འཛོམས་དགོས་པ་སྨོས་མེད་ཐོག ལྷག་པར་དུ་རྩོམ་སྟངས་སྣ་ཚོགས་ལ་བྱང་གོམས་དགོས་པ་ནི་མ་མཐའི་ཆ་རྐྱེན་ཡིན། རྩོམ་སྟངས་སྣ་ཚོགས་ཤེས་པ་ནི་རྩོམ་འབྲིའི་གཞུང་ལུགས་ཀྱི་ཁྲིད་སྟོན་ལ་རག་ལས་ཏེ། རྩོམ་འབྲིའི་གཞུང་ལུགས་ནི་རྩོམ་འབྲིའི་ལག་ལེན་ཁྲོད་ཕྱོགས་བསྡོམས་བྱས་ཤིང་། སླར་ཡང་ཕྱིར་འཁོར་ཏེ་ལག་ལེན་ལ་ཁྲིད་སྟོན་བྱེད་ཀྱི་ཡོད་པས་སོ། བོད་ཀྱི་རྩོམ་འབྲིའི་ཤེས་བྱར་འཇུག་པའི་ཁྲིད་སྟོན་གྱི་རྩ་བའི་གཞུང་ལུགས་ནི་སྙན་ངག་མེ་ལོང་ཡིན་ཞིང་། གཞུང་དེ་བོད་ཀྱི་རྩོམ་འབྲིའི་ལག་ལེན་ལས་ཕྱོགས་བསྡོམས་བྱས་པ་ཞིག་མིན་ཡང་། བོད་ཀྱི་རྩོམ་འབྲིའི་ལག་ལེན་དངོས་དང་ཕན་ཚུན་མཐུན་སྦྱོར་གང་ལེགས་ཡོད་པར་བརྟེན་གཞུང་དེ་ལས་གཞན་ཞིག་བོད་ཀྱི་མཁས་པ་ཚོས་སྒྲིག་རྩོམ་མ་མཛད་པ་ལོས་ཡིན། སྙན་ངག་མེ་ལོང་དུ་རྩོམ་གྱི་ནང་དོན་འབྲི་ཚུལ་དང་ཚིག་སྦྱོར་སྤེལ་ཚུལ་བསྟན་པ་སོགས་གཞུང་དེ་རྩོམ་འབྲིའི་གཞུང་ཞིག་ཏུ་སྒྲུབ་བྱེད་གང་མང་གིས་རྔོ་ཐོགས་ཀྱང་འདིར་སྐབས་དོན་གསལ་ཕྱིར་མཚོན་ཙམ་སྨྲ་ན།

 

          ༡༽ སྙན་ངག་མེ་ལོང་དུ་སྙན་ཚིག་གསར་རྩོམ་སྐོར་བསྟན་ཡོད། སྒྱུ་རྩལ་རྩོམ་རིག་གི་རྩོམ་ལུས་བྱེ་བྲག་ཅིག་ཡིན་པའི་སྐབས་འདིའི་སྙན་ངག་གམ་སྙན་ཚིག་ནི། གནའ་བོའི་དམངས་གླུ་དག་ལས་རིམ་པར་འཕེལ་རྒྱས་བྱུང་ཞིང་། སྙན་ངག་མེ་ལོང་དར་ཚུན་དེ་བས་ལུས་ངེས་གཏན་ལ་རྒྱན་འཆོར་བོས་སྤུད་པའི་གཟབ་ནན་གྱི་རྩོམ་ལུས་ཤིག་ཏུ་གྱུར་ཏེ་ད་ལྟའི་ཆར་མེ་ལོང་ལུགས་ཀྱི་སྙན་ངག་གམ་སྲོལ་རྒྱུན་སྙན་ངག་ཏུ་འབོད་དོ། སྙན་ཚིག་གི་རྩོམ་ལུས་དེའི་གཞི་རྩའི་ཁྱད་ཆོས་ལ་སྙན་ངག་པ་འཇུ་སྐལ་བཟང་གིས། དབྱངས་ཀྱི་འདེགས་འཇོག་གསལ་བའི་ལུས་ལ་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང་། སྤྱི་ཚོགས་འཚོ་བ་སྙིང་བསྡུས་སུ་སྲོག་ཏུ་བྱས་པའི་ཚོར་འདུ་ཤུགས་དྲག་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་གོ་དགོས་ཞེས་ཁྱད་ཆོས་ལྔ་ལྡན་ཞིག་ཏུ་བཤད་པ་ལྟར་དང་། བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་ལག་ལེན་ལྟར་ན་སྙན་ཚིག་གི་ཚིག་ལུས་ནི་ཚིགས་བཅད་འབའ་ཞིག་གིས་ཁྱབ་པའི་སྣང་ཚུལ་གནས་ཡོད། སྙན་ངག་མེ་ལོང་དུ་བཅད་ལྷུག་སྤེལ་མའི་ལུས་དང་། དྲང་འཁྱོག་གི་རྒྱན་སྦྱོར་ཚུལ། སྲོག་གི་སྐོར་བཅས་དངོས་ཤུགས་ཅི་རིགས་སུ་བསྟན་པ་ནི་སྤྱིར་སྙན་ངག་འབྲི་རྩོམ་བྱེད་སྤྱད་ཡིན་ལ། བྱེ་བྲག་ཏུ་ཚིགས་བཅད་སྙན་ངག་སྦྱོར་ཚུལ་ཐད། གྲོལ་བ་དང་ནི་རིགས་དང་མཛོད། །འདུས་པ་ཞེས་བྱ་དེ་འདྲ་ཡི། །ཚིགས་བཅད་རྒྱ་ཆེ་ས་རྒས་བཅིངས། །ཆ་ཤས་རང་བཞིན་ཕྱིར་མ་བརྗོད། །ཅེས་བརྗོད་བྱ་གཅིག་གམ་དུ་མའི་རྣམ་གྲངས་དང་། ཤོ་ལོ་ཀ་དང་བྱ་ཚིག་གི་མང་ཉུང་། གཅོད་མཚམས་ཀྱི་ཁྱད་པར་བཅས་ལས་གྲོལ་བ་དང་། རིགས། མཛོད། འདུས་པ་སྟེ་བཞི་བསྟན་ཅིང་། དེ་དག་ཀྱང་ “ཚིགས་སུ་བཅད་པའི་རང་བཞིན་གྱི་སྙན་ངག་ཆེན་པོ་ས་རྒས་བཅིངས་པའི་བསྟན་བཅོས་དག་གི་ཞར་ལས་ཤུགས་ཀྱིས་ཐོན་པར་འགྱུར་བའི་ཕྱིར་དེའི་ཆ་ཤས་ཙམ་ཡིན་གྱི་ལོགས་སུ་ཤེས་པའམ་སྟོན་པར་བྱ་དགོས་པ་མ་ཡིན་པས་འདིར་མ་བརྗོད་”པ་སྟེ་རྩ་བར་ལོགས་སུ་དཔེར་བརྗོད་བཞག་མེད་ཀྱང་སྙན་འགྲེལ་དབྱངས་ཅན་དགྱེས་གླུར་བོད་ལུགས་ཀྱི་དཔེར་བརྗོད་གསར་བསྐྲུན་མཛད་ཡོད། གྲོལ་བ་སོགས་སྙན་ངག་ཆེན་པོ་འགྲུབ་བྱེད་ཀྱི་རྒྱུར་གསུངས་པས་འོ་ན་སྙན་ངག་ཆེན་པོ་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་ཞེ་ན། སྙན་ངག་ཆེན་པོ་ནི་སྤྱིར་ལེའུ་གཅིག་མིན་གྱིས་བཅིངས་པའི་སྙན་ངག་གི་བསྟན་བཅོས་ལ་བྱ་ཞིང་། སྙན་ངག་མེ་ལོང་དུ་དེའི་འབྲི་ཚུལ་ཅུང་གསལ་ཞིབ་ཅིག་བསྟན་ཡོད་དེ། རྩོམ་མགོ་འཛིན་ཚུལ་གྱི་སྔོན་འགྲོའི་སྐོར་ཤིས་བརྗོད་དང་། ཕྱག་བྱ་བ། དངོས་པོ་ངེས་བསྟན་གསུམ་དང་། བརྗོད་བྱའམ་རྟེན་གཞིར་སྔོན་བྱུང་གི་གཏམ་དང་སྡེ་བཞི་སོགས་དང་བྱེ་བྲག་ཏུ་གྲོང་ཁྱེར་སོགས་བཅུ་བདུན། མཇུག་སྡུད་བྱེད་ཚུལ་ལ་གཞུང་དངོས་ལས་ཚིག་གི་སྡེབ་སྦྱོར་ཐ་དད་པར་བྱེད་པ། རྒྱས་བསྡུས་ཀྱི་མཐར་མ་ལྷུང་ཞིང་ཉམས་འགྱུར་གྱི་རོ་དང་བཅས་པར་རྩོམ་ཚུལ་གསལ་ཡོད། དེ་ལྟ་བུའི་སྙན་ངག་བཟང་པོ་ནི། སྙན་ངག་དམ་པའི་རྒྱན་ལྡན་ནི། །བསྐལ་པའི་བར་དུ་གནས་པར་འགྱུར། །ཞེས་པ་ལྟར་རོ། །

 

       ༢༽ དེ་བཞིན་སྙན་ངག་མེ་ལོང་དུ་རྩོམ་རིག་གི་མི་སྣའི་སྣང་བརྙན་འབྲི་ཚུལ་ཅུང་འཐུས་ཚང་ཞིག་བསྟན་ཡོད། མི་སྣའི་སྣང་བརྙན་བསྐྲུན་བཞེངས་བྱེད་རྒྱུ་ནི་རྩོམ་རིག་གསར་རྩོམ་སྤྱི་དང་ལྷག་པར་དུ་བརྩམས་སྒྲུང་ལ་མཚོན་ན་ཆེས་གཞི་རྩར་གྱུར་པའི་དགོས་ངེས་ཀྱི་ཆ་རྐྱེན་དེ་ཡིན་པས་སྙན་གཞུང་འདིར་མི་སྣའི་གཟུགས་བརྙན་དང་ངག་སྦྱོར་སོགས་ཞིབ་འབྲི་བྱེད་ཚུལ་གསལ་བར་རིན་ཐང་ཆེན་པོ་ལྡན་ཡོད་སྙམ། དཔེར་ན། དངོས་པོ་རྣམས་ཀྱི་རང་བཞིན་དང་། །གནས་སྐབས་སྣ་ཚོགས་དངོས་གསལ་བྱེད། ། ཅེས་དང་། ཉམས་ལྡན་ཡིད་འོང་ཉམས་དང་ལྡན། །ཞེས་དངོས་པོའི་གནས་ལུགས་གང་ཡིན་པ་དེ་ལ་སྒྲོ་འདོགས་དང་སྐུར་འདེབས་སྤངས་ནས་དྲང་པོར་བརྗོད་པའི་ངོས་ནས་རང་བཞིན་བརྗོད་པའི་རྒྱན་ཞེས་བྱ་བ་དང་། ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དྲག་ཏུ་ཁོལ་བའི་འགྱུར་བ་ཕྱིའི་ལུས་ངག་གི་གཟུགས་སམ་རྣམ་འགྱུར་དུ་གསལ་བ་ཉམས་ལྡན་གྱི་རྒྱན་གཉིས་ཀྱིས་མི་སྣའི་ཕྱིའི་གཟུགས་རིས་བཀོད་འབྲི་བྱེད་ཐུབ་པ་དང་། ཡང་། དགག་པ་བརྗོད་པ་འགོག་པ་སྟེ། །ཞེས་དགག་བྱའི་ཡུལ་མཛའ་བོ་ས་ཆ་གཞན་དུ་འགྲོ་བ་ལྟ་བུར་འགོག་བྱེད་ཀྱི་ཚིག་མ་མི་མིན་མེད་སོགས་དགག་སྒྲ་དང་དངོས་ཀྱི་དོད་མཚུངས་པའི་དགག་ཚིག་ཅི་རིགས་བརྗོད་པ་འགོག་པའི་རྒྱན་ནི་རྩོམ་རིག་གི་མི་སྣའི་སྐད་ཆའམ་ངག་སྦྱོར་ཞིབ་འབྲི་བྱེད་ཚུལ་ལ་གཏོགས་ཡོད་དེ། དབང་གིས་འགོག་པར། ནོར་ནི་མང་པོ་རྙེད་འགྱུར་ཞིང་། །ལམ་དུ་ཡང་ནི་བདེ་ཞིང་དགེ། །བདག་སྲོག་ལ་ཡང་ཐེ་ཚོམ་མེད། །འོན་ཀྱང་མཛའ་བོ་འགྲོ་མི་བྱ། །ཞེས་མཛའ་བོ་འགྲོ་བའི་རྒྱུ་རྣམས་བཤད་དེ་དབང་ཤུགས་ཀྱི་ངག་གིས་འགྲོ་བར་མི་སྟེར་བ་ལྟ་བུ་དང་། མ་གུས་པས་འགོག་པར། བདག་ནི་གསོན་རེ་སྟོབས་དང་ལྡན། །ནོར་གྱི་བསམ་པ་སྟོབས་ལྡན་མིན། །མཛའ་བོ་གཤེགས་སམ་བཞུགས་ལགས་སམ། །རང་གི་གནས་སྐབས་སྨོས་པ་ལགས། །ཞེས་བདག་ནི་ཁྱོད་དང་འགྲོགས་ནས་གསོན་རེའི་བསམ་པ་སྟོབས་དང་ལྡན་གྱི་ནོར་སྒྲུབ་པའི་བསམ་པ་སྟོབས་ལྡན་མིན་ཞེས་མཛའ་བོ་ས་གཞན་དུ་འགྲོ་བ་ལ་མི་འདོད་པའི་བསམ་ཚུལ་དངོས་སུ་བརྗོད་པ་དང་། རྩུབ་མོས་འགོག་པར། གལ་ཏེ་ཁྱོད་འགྲོ་བདེན་ཉིད་ན། །ཁྱོད་ཀྱིས་གཞན་པ་འགའ་ཞིག་ཚོལ། །བདག་ནི་གླགས་འཚོལ་འཆི་བ་ཡིས། །དེ་རིང་ཉིད་དུ་འགོག་པར་འགྱུར། །ཞེས་ཁྱོད་ས་ཆ་གཞན་དུ་འགྲོ་བ་བདེན་ན་ཁྱོད་ཀྱིས་དགའ་མ་གཞན་འགའ་ཞིག་ཚོལ་ཅིག བདག་ནི་ཁྱོད་དང་བྲལ་གདུང་གིས་འཆི་བས་དེ་རིང་ཉིད་དུ་འཚོ་བ་འགོག་པར་འགྱུར་རོ་ལྟ་བུས་མཚོན་ནོ། ཡང་། མི་སྣའི་སེམས་ཁམས་དང་རང་གཤིས་མཚོན་ཕྱིར་མི་སྣའི་བྱ་བ་བཀོད་འབྲི་བྱེད་ཚུལ་བསྟན་ཏེ། ཟུར་གྱི་ཕྲ་མོའི་རྒྱན་ལ། ནམ་ཞིག་འུ་ཅག་འགྲོགས་འགྱུར་ཞེས། །ཚོགས་སུ་བརྗོད་པར་མ་བཟོད་ནས། ། མཛའ་བོ་རིག་ནས་བུད་མེད་ཀྱིས། །རྩེ་དགའི་པདྨ་ཟུམ་པར་བྱས། །ཞེས་རྩོམ་རིག་ཁྲོད་ཀྱི་མི་སྣས་མཛའ་བོ་དང་གཤིབ་འདོད་ཀྱི་རེ་འདུན་མཚོན་པའི་བྱ་སྤྱོད་ཞིབ་འབྲི་བྱས་ཡོད་པས་མཚོན་ནོ། ཡང་། མི་སྣའི་སེམས་ཁམས་ཞིབ་འབྲི་བྱེད་ཚུལ་བསྟན་ཏེ། བསམ་པ་རྒྱ་ཆེ་བའི་རྒྱན་ལ། ར་ལྭ་ཎ་ཡི་མགོ་གཅོད་པའི། །བྱ་བའི་ཁུར་ཡང་བཟོད་པ་གང་། །རཱ་གྷུའི་བུ་དེས་བླ་མ་ཡི། །བཀའ་ལས་འདའ་བར་ནུས་མ་གྱུར། །ཞེས་རྒྱལ་པོ་རཱ་མ་ཎའི་བསམ་པའི་རང་བཞིན་རྒྱ་ཆེ་བ་སྟོན་ཞིང་། དེའི་ཐད་ཀུན་མཁྱེན་འཇམ་བཞད་ཀྱིས། སྙིང་སྟོབས་བློ་དང་བརྩེ་སེམས་ཅི་རིགས་པའི། །བསམ་པ་བླ་མེད་བསམ་པ་རྒྱ་ཆེ་བའོ། །ཞེས་གསུངས་པས་མཚོན་ནོ། །

       མདོར་ན། སྙན་ཚིག་འབྲི་སྟངས་དང་སྒྲུང་རྩོམ་གྱི་མི་སྣ་འབྲི་ཚུལ་གྱིས་མཚོན་སྙན་ངག་མེ་ལོང་དུ་རྩོམ་རིག་གསར་རྩོམ་བྱེད་སྤྱད་ཀྱི་གཞུང་ལུགས་ཅུང་འབོར་ཆེན་ཞིག་བསྟན་ཡོད་པས་གཞུང་དེ་རྒྱུན་འཛིན་བྱེད་རིགས་པའི་ལག་ལེན་གྱི་དོན་སྙིང་ལྡན་པར་གྲུབ་བོ། །

 

གཉིས། གནའ་རྩོམ་སློབ་ཞིབ་ཀྱི་སྒྲོན་མེ་ལྟ་བུ་ཡིན་པས་རྒྱུན་འཛིན་བྱེད་རིགས་པ།

 

བོད་ལ་རང་ཉིད་ཀྱིས་གསར་རྩོམ་དང་ཕྱི་ནས་སྡུད་ལེན་བྱས་པའི་ཕུལ་བྱུང་གི་ཤུལ་བཞག་རྩོམ་རིག་འབོར་ཆེན་ཞིག་མཆིས་ཤིང་། དེ་དག་ནི་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གཞུང་གི་གལ་ཆེའི་ཆ་ཤས་ཤིག་ཡིན་ལ། རང་རིགས་ཀྱི་ཡབ་མེས་མཁས་པ་ཚོའི་བསམ་བློའི་ལྟ་བ་དང་སྐབས་སོ་སོའི་སྤྱི་ཚོགས་གནས་སྟངས་གཅིག་སྡུད་དུ་མཚོན་པའི་མེ་ལོང་ལྟ་བུའང་ཡིན།

          བོད་ཀྱི་རྩོམ་རིག་འཕེལ་རྒྱས་གཏོང་རྒྱུའི་ཕྱོགས་ནས་བཤད་ན། བོད་ཀྱི་རྩོམ་རིག་འཕེལ་རྒྱས་གཏོང་བའི་རྨང་གཞི་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་ཉིང་བཅུད་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན། གལ་སྲིད་མི་རིགས་རང་གི་སྲོལ་རྒྱུན་རྩོམ་རིག་གི་རྨང་གཞི་དང་ཁ་བྲལ་ཚེ། རྩོམ་རིག་འཕེལ་རྒྱས་ཞེས་པའང་རྩ་བ་མེད་པའི་ཤིང་དང་མགོ་ཁུངས་མེད་པའི་ཆུ་ལྟར་འགྱུར་བ་གདོན་མི་ཟ། སྔར་ཡོད་ཀྱི་ལེགས་ཆ་རྨང་གཞིར་བཟུང་ན་ད་གཟོད་ཚད་མཐོའི་འཕེལ་རྒྱས་ལ་སྙེག་ཐུབ་པ་ནི་རིག་གནས་འཕེལ་རྒྱས་ཀྱི་སྤྱིར་བཏང་གི་ཆོས་ཉིད་ཅིག་ཡིན་ལ་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་གནས་ཚུལ་ཡང་དེ་ལས་མ་འདས་མོད། རྒྱུན་འཛིན་བྱེད་རྒྱུ་ཞེས་པའང་གང་དྲན་དྲན་ཞིག་མིན་པར་ཐོག་མ་ཉིད་དུ་གང་རྒྱུན་འཛིན་བྱེད་རྒྱུའི་གནའ་རྩོམ་དག་ལ་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་ཅིག་བྱས་ཏེ་རྒྱུས་ལོན་ནམ་ཤེས་རྟོགས་གང་ལེགས་ཤིག་རྙེད་དགོས། དེ་ལྟར་མིན་ན། མི་ཤེས་པ་ཡི་ཤེས་བྱ་ལ། །རྣམ་གཞག་བྱེད་པ་མཚང་ཡིན་ཏེ། །ཞེས་པ་ལྟར་ལོ་རྒྱུས་ཤུལ་བཞག་གི་ཕུལ་བྱུང་རྩོམ་རིག་དག་གི་རིན་ཐང་འདོན་སྤེལ་བྱེད་མི་ཐུབ་པ་ལྟ་ཅི། དེ་ལས་ལྡོག་སྟེ་ཆུད་གཟོན་པར་འགྱུར་ངེས།

    སྤུས་འབོར་གཉིས་ལྡན་གྱི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་སློབ་ཞིབ་བྱེད་པར་དེའི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་གཉིས་ཀར་མཉམ་འཇོག་བྱེད་དགོས་ཤིང་། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “རང་རེའི་ཡུལ་འདིར་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་ལྟོས་ལ་བརྟེན་པས། གང་ནས་རྒྱལ་བསྟན་བོད་དུ་བྱོན་པའི་གནས་ཁྱད་པར་ཅན་རྒྱ་གར་འཕགས་པའི་ཡུལ་འདི་ལ་མཆོག་དམན་བར་མའི་སྐྱེ་བོ་ཀུན་གྱིས་དད་ཞེན་གུས་པ་ཚད་མེད་ཡོད་གཤིས། རང་རེའི་མཁས་པ་རྣམས་ཀྱི་རྣམ་དཔྱོད་ཀྱི་འཆར་ཚུལ། རྩོམ་པའི་སྒྲིག་སྟངས། ཆས་དང་ཆོ་ག་སོགས་སྒོ་གསུམ་གྱི་བྱེད་པ་ཐམས་ཅད་ལ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་རྒྱ་གར་པའི་ཤན་གྱིས་ཁྱབ་ཡོད་ཅིང་། ཐ་ན་ཚིགས་བཅད་དུམ་བུ་རེའི་ནང་དུ་དཔེ་འགའ་ཞིག་སྟོན་དགོས་ཚེའང་རྒྱ་གར་གྱི་ཆུ་བོ་རི་ལྗོངས་མེ་ཏོག་སོགས་ཀྱི་མིང་ཁོ་ན་འོངས་པ། དཔེར་ན། འབིགས་བྱེད་རི་བོ་ཇི་བཞིན་བརྗིད་པའི་སྐུ། །གངྒཱའི་རྒྱུན་ལྟར་དག་ཅིང་དྲི་མེད་གསུང་། །ཞེས་སྦྱར་ཚེ་ཚིགས་བཅད་ལེགས་པོ་ཞིག་ཏུ་བགྲང་རུང་བ་དང་། རྨ་རྒྱལ་སྦོམ་ར་བཞིན་དུ་བརྗིད་པའི་སྐུ། །རྨ་ཆུ་བཞིན་དུ་རྒྱུན་ཆད་མེད་པའི་གསུང་། །ཞེས་སྦྱར་ཚེ་ཚིག་གི་ཐོག་མ་སྒྲ་མཚུངས་སུ་སོང་བ་སོགས་མི་ལེགས་པ་མི་འདུག་ནའང་། བཞད་གད་སློང་བའི་ཉམས་སུ་འགྱུར་བ་སོགས་ཡིན།” ཞེས་གསུངས་པ་ལྟར་ཤཱཀྱའི་རིང་ལུགས་དང་དེ་འབྲེལ་རྒྱ་གར་གྱི་ཤེས་རིག་སྣ་ཚོགས་དང་ལེན་བྱས་རྗེས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་རྒྱ་གར་པའི་ཤན་ཞུགས་ཤིན་ཏུ་སྟུག་ཅིང་། སྐབས་དོན་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་བསམ་བློ་དང་སྒྱུ་རྩལ་གྱི་ཆ་ལའང་འཕགས་ཡུལ་ནས་ནང་འདྲེན་བྱས་པའི་རིག་གནས་ཀྱིས་ཆུ་ལ་ཆུ་བཞག་ལྟར་དམ་དུ་འཁྱུད་ཡོད།

དེ་སྔའི་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱི་གནས་སྟངས་དང་རྩོམ་པ་པོ་བརྒྱ་ཆ་དགུ་བཅུ་ལྷག་ཆོས་བྱེད་སེར་མོ་པ་ཡིན་པའི་དབང་གིས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་སྲོག་གམ་བསམ་བློའི་ནང་དོན་ལ་དམ་པ་ལྷ་ཆོས་ཀྱི་ལྟ་བས་ཡོངས་ཁྱབ་ཏུ་བཟུང་ཡོད་པས། ཤཱཀྱའི་རིང་ལུགས་ཀྱི་རྨང་གཞིའི་ཤེས་ཡོན་ཙམ་མེད་པར་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་བསམ་བློའི་རང་བཞིན་ལ་ངེས་ཤེས་ལེགས་པོ་ཞིག་འདྲོངས་མི་ཐུབ།

          ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་སྒྱུ་རྩལ་རང་བཞིན་ཁོང་དུ་ཆུད་དགོས་ན། མ་མཐའ་ཡང་སྙན་ངག་མེ་ལོང་དུ་བསྟན་པའི་སྒྱུ་རྩལ་མཚོན་ཐབས་དག་རོབ་ཙམ་རྟོགས་དགོས། སྙན་ངག་མེ་ལོང་གི་སྒྱུ་རྩལ་མཚོན་ཐབས་དག་ལ་འདྲིས་པར་གྱུར་ཚེ་སྙན་ངག་མེ་ལོང་གི་ཤུགས་རྐྱེན་འོག་བརྩམས་པའི་གྲགས་རྩོམ་དག་གི་སྒྱུ་རྩལ་གྱི་ཆ་ལ་མྱོང་རྟོགས་བྱེད་ཐུབ་ལ། སྙན་ངག་མེ་ལོང་དང་ཐོག་འཕགས་ཡུལ་གྱི་རྩོམ་རིག་ལག་ལེན་ལས་ཕྱོགས་བསྡོམས་བྱས་གཤིས་འགྱུར་རྩོམ་དག་གི་སྒྱུ་རྩལ་གྱི་རང་བཞིན་ཡང་གསེད་བཀྲོལ་བྱེད་ཐུབ། རྗེ་བོད་མཁས་པས། “དེ་ལས་སྙན་ཚིག་གི་རིག་པ་འདི་བསླབ་པར་བྱ་བའི་གནས་མཆོག་ཏུ་གྱུར་པ་ཞིག་ཡིན་ཏེ། ནང་དོན་རིག་པའི་གསུང་རབ་རྣམས་ཀྱང་སྙན་ངག་གི་གཟུགས་ཁོ་ནར་གནས་ཤིང་། རིག་གནས་གཞན་ཀུན་ལའང་འདི་ཉིད་འཇུག་པས་ཤེས་བྱ་ཀུན་ལ་ལྟ་བའི་མིག་འབྲས་ལྟ་བུ།” ཞེས་གསུངས་པ་ལྟར། སྙན་ངག་མེ་ལོང་གིས་བོད་ཀྱི་རྩོམ་རིག་གི་ལུས་སྲོག་རྒྱན་གསུམ་སྤྱི་དང་བྱེ་བྲག་རྒྱན་སྦྱོར་ཚུལ་ཐད་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། དཔེར་ན། ཞང་ཞུང་པའི་རཱ་མ་ཎའི་གཏམ་རྒྱུད་ལ་མཚོན་ན། སྙན་ངག་གི་བསྟན་བཅོས་དེ་ཀློག་མ་ཐག་དོན་རྟོགས་དཀའ་ཞིང་ཚིག་སྦྱོར་གྱོང་མཁྲེགས་ཆེ་བའི་ཚོར་སྣང་སྟེར་བ་ནི་སྒྱུ་རྩལ་གྱི་ཁྱད་ཆོས་དབང་གིས་ཡིན་གྱི་བླུན་པོའི་བརྩམས་ཆོས་ལྟར་རྩོམ་པ་པོ་རང་ཉིད་ལས་གཞན་སུས་ཀྱང་རྟོགས་མི་ཐུབ་པར་གྱུར་པ་གཏན་ནས་མིན། སྤྱིར་རྩོམ་གཤིས་ཁ་དམ་ལྷོད་རིགས་གཉིས་འབྱུང་བ་ནི་རྒྱ་གར་ཤར་ལྷོའི་རྩོམ་གཤིས་ཀྱི་རྒྱུན་ལས་ཐོན་ཡང་། བོད་ལ་མཚོན་ན་ཀློག་མཁན་གྱི་དགོས་མཁོའམ་རྩོམ་པ་པོ་སོ་སོའི་ཁྱད་ཆོས་ལས་རྒྱ་གར་ལྟར་ས་གནས་ཀྱི་དབང་གིས་ཁྱད་འབྱེད་དུ་མེད། དེ་ལས་ཤར་ལུགས་ཀྱི་རྩོམ་གཤིས་སམ་ཁ་དམ་པའི་རིགས་དེ་ཡང་སྒྱུ་རྩལ་མཚོན་ཐབས་ཀྱི་དབང་གིས་གོ་དཀའ་བར་གྱུར་པ་ལས་གཞན་མིན་ནོ། གནད་དེ་མ་རྟོགས་པའི་དབང་གིས་ཁ་ཅིག་སྙན་མེའི་ལུགས་སུ་སྦྱར་བའི་རྩོམ་རིག་གོ་དཀའ་བར་འཛིན་པ་ནི་རང་གིས་སྙན་ངག་མེ་ལོང་གི་གཞུང་སྤྱི་དང་དེའི་རྒྱན་གྱི་མཚོན་ཐབས་ལ་མྱོང་རྒྱུས་མེད་པའི་རྟགས་ཡིན་ན། དེའི་ལེགས་ཆ་རྒྱུན་འཛིན་བྱེད་རྒྱུ་ནི་སྤྲོས་བྲལ་ལོ། །

       དེ་བས་སྙན་ངག་མེ་ལོང་མ་ཤེས་ན་སྲོལ་རྒྱུན་རྩོམ་རིག་གི་སྒྱུ་རྩལ་རང་བཞིན་ལ་སློབ་ཞིབ་བྱེད་མི་ཐུབ་ཅིང་། སྲོལ་རྒྱུན་རྩོམ་རིག་རྒྱུན་འཛིན་བྱ་རྒྱུ་མ་བྱུང་ཚེ་བོད་ཀྱི་རྩོམ་རིག་འཕེལ་རྒྱས་གཏོང་བའི་རྨང་གཞི་མེད་གཤིས་སྙན་ངག་མེ་ལོང་རྒྱུན་འཛིན་བྱེད་རིགས་པའི་དོན་སྙིང་ལྡན་པར་གྲུབ་བོ། །

གསུམ། རྩོམ་རིག་དཔྱད་བརྗོད་ཀྱི་ཚད་གཞིའི་གཞུང་ལུགས་ཤིག་ཡིན་པས་རྒྱུན་འཛིན་བྱེད་རིགས་པ།

          རྩོམ་རིག་དཔྱད་བརྗོད་ཅེས་པ་ནི། རྩོམ་རིག་གི་བསྟན་བཅོས་གཙོ་བོར་བྱས་པའི་རྩོམ་རིག་གི་རྣམ་གཞག་གམ་སྣང་ཚུལ་མཐའ་དག་ལ་གཞུང་ལུགས་ཀྱི་ལྟ་བ་ངེས་ཅན་ཞིག་གཞིར་བཟུང་སྟེ་དགེ་སྐྱོན་དཔྱོད་གླེང་བྱེད་པའི་བྱ་འགུལ་ཞིག་ཡིན། དྲང་སེམས་དང་ཡང་དག་པའི་ཚད་གཞིའི་སྒོ་ནས་རྩོམ་རིག་དཔྱད་བརྗོད་བྱས་པ་དེས། རྩོམ་པ་པོའི་གསར་རྩོམ་གྱི་འབྲས་བུར་དགེ་འདོན་སྐྱོན་སེལ་བྱས་ཏེ་གསར་རྩོམ་གྱི་བྱ་གཞག་རྒྱུན་མ་ཆད་པར་མཐོར་འདེགས་ཡོང་རྒྱུར་སྐུལ་འདེད་དང་། ཀློག་པ་པོར་བརྩམས་ཆོས་གང་ཞིག་གི་བརྗོད་བྱའི་བསམ་བློ་དང་སྒྱུ་རྩལ་གྱི་ལོངས་སྤྱོད་ཤེས་རྟོགས་རོ་མྱོང་བྱེད་པར་རམ་འདེགས། གསར་རྩོམ་གྱི་ཉམས་མྱོང་རྣམས་དུས་ཐོག་ཏུ་ཕྱོགས་བསྡོམས་བྱས་ཏེ་རྩོམ་རིག་གཞུང་ལུགས་འཛུགས་སྤེལ་ལ་རྒྱུ་ཆ་མཁོ་འདོན་བཅས་ཀྱི་ནུས་པ་ཐོན་པས་ན། རྩོམ་རིག་དཔྱད་བརྗོད་ནི་རིག་རྩལ་ལས་ཀ་ཧྲིལ་པོའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།

       རྩོམ་རིག་འཕེལ་རྒྱས་གཏོང་བའི་བྱ་གཞག་ནང་རྩོམ་རིག་དཔྱད་བརྗོད་ནི་དེ་ལྟ་བུའི་དགོས་མཁོ་ཡོད་པ་ཞིག་ཡིན་རུང་། བོད་ལ་མཚོན་ན་མིག་སྔར་གསར་དུ་དར་བཞིན་པའི་རིག་ཚན་ཞིག་ཡིན། སྔོན་ཆད་རྩོམ་རིག་དཔྱད་བརྗོད་ཀྱི་ཚད་གཞིའི་གཞུང་ལུགས་ངེས་ཅན་ཞིག་ཡོད་པར་མ་ཟད། རྩོམ་རིག་དཔྱད་བརྗོད་ཀྱི་ལག་ལེན་སྣང་ཚུལ་ཡང་གང་འཚམ་ཡོད་སྲིད་ཀྱང་། རྩོམ་རིག་དཔྱད་བརྗོད་ཀྱི་གཞུང་ལུགས་མ་ལག་ཚང་བ་ཞིག་དང་དེ་ལ་བརྟེན་པའི་ལག་ལེན་གྱི་སྦྱོར་བ་གོམ་གང་མདུན་སྤོས་བྱས་པ་ནི་བོད་ལ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་རྩོམ་རིག་གསར་བའི་དབུ་བརྙེས་པ་དང་ཧ་ལམ་དུས་མཉམ་དུ་བྱུང་ཞིང་། དེ་ཡང་རྒྱ་ནག་སོགས་མི་རིགས་གཞན་གྱི་རྩོམ་རིག་གསར་བའི་གཞུང་ལུགས་ཀྱི་ཤན་སྟོབས་ཆེན་པོར་ཞུགས་པར་མངོན། རྩོམ་རིག་གསར་རྩོམ་ལ་བརྟེན་ནས་རྩོམ་རིག་དཔྱད་བརྗོད་བྱུང་བ་དང་། རྩོམ་རིག་དཔྱད་བརྗོད་ཀྱིས་སླར་ཡང་རྩོམ་རིག་གསར་རྩོམ་སྐུལ་འདེད་གཏོང་བས་ན། རྩོམ་རིག་གསར་རྩོམ་དང་རྩོམ་རིག་དཔྱད་བརྗོད་གཉིས་ནི་རྩོམ་རིག་འཕེལ་རྒྱས་གཏོང་བའི་བྱ་གཞག་ཁྲོད་གཅིག་ལ་གཅིག་བརྟེན་ཡིན་ཞིང་། གཉིས་ཀ་འཐུས་ཤོར་མེད་པར་དམ་འཛིན་བྱེད་དགོས་པ་ཞིག་ཡིན་རུང་། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་མིག་སྔའི་དོན་དངོས་ལྟར་ན། རྩོམ་རིག་དཔྱད་བརྗོད་ཀྱི་ཆུ་ཚད་དེ་རྩོམ་རིག་གསར་རྩོམ་གྱི་རྗེས་སུ་ལུས་ཡོད། ང་ཚོས་བོད་ཀྱི་རྩོམ་རིག་དེ་ཡང་དག་པའི་ལམ་དུ་འཕེལ་རྒྱས་གཏོང་བར་ངེས་པར་དུ་གནད་དོན་དེ་ཐག་གཅོད་བྱ་དགོས་ལ། གཞན་དུ་ན་བོད་ཀྱི་རྩོམ་རིག་འཕེལ་རྒྱས་གཏོང་རྒྱུ་ཞེས་པའང་ཁ་གཡང་ཙམ་དུ་འགྱུར་ངེས།

     རྩོམ་རིག་དཔྱད་བརྗོད་ཀྱང་དཔྱད་བརྗོད་པས་གང་དྲན་དྲན་མིན་པར་བརྩམས་ཆོས་གང་ཞིག་གི་སྤུས་ཚད་བཟང་ངན་དང་སྒྱུ་རྩལ་ལེགས་ཉེས་དབྱེ་འབྱེད་བྱེད་པར་གཞི་འཛིན་སའི་ཚད་གཞི་ངེས་ཅན་ཞིག་ཡོད་དགོས་ཤིང་། སྤྱིའི་ཆ་ནས་བཤད་ན་བསམ་བློའི་ཚད་གཞི་དང་སྒྱུ་རྩལ་གྱི་ཚད་གཞི་གཉིས་སུ་དབྱེ་མུས་ཡིན། འོ་ན་སྙན་ངག་མེ་ལོང་རྩོམ་རིག་དཔྱད་བརྗོད་ཀྱི་ཚད་གཞིའི་གཞུང་ལུགས་ཤིག་ཡིན་པའི་གཏན་ཚིགས་སམ་སྒྲུབ་བྱེད་གང་ཡོད་ཅེ་ན། གཞུང་དེར། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་བོ་བ་ལང་ཉིད་བརྗོད་བྱེད། །དེ་ཕྱིར་སྙན་ངག་དག་ལ་སྐྱོན། །ཆུང་བར་གྱུར་ཀྱང་ཅི་ཞིག་ལྟར། །བཏང་སྙོམས་མི་བྱ་ལུས་མཛེས་ཀྱང་། །སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར། །སྐྱེ་བོ་བསྟན་བཅོས་མི་ཤེས་པས། །ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ། །གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། །ལོང་བ་དག་ལ་ཡོད་དམ་ཅི། །ཞེས་མདོར་བསྟན་ནས། བྱེ་བྲག་ཏུ། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང་། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །ལུང་རིགས་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་ངག་ལ། །སྙན་ངག་མཁན་གྱིས་སྤང་བར་བྱ། །ཞེས་སྐྱོན་བཅུའི་རྣམ་གཞག་ཞར་བྱུང་དམིགས་བསལ་དང་བཅས་བསྟན་པ་ནི་རང་ཉིད་ཀྱིས་གསར་རྩོམ་བྱེད་པའམ་གཞན་གྱི་བརྩམས་ཆོས་ལ་ཞིབ་འཇུག་བྱེད་པ་གང་གི་སྐབས་སུའང་ “སྐྱོན་དང་ཡོན་ཏན་གྱི་ཁྱད་པར་ལྕི་ཡང་འཁྲུལ་མེད་དུ་རྟོགས་པར་བྱེད་པ་ཚད་མའི་སྲང་ལྟ་བུ་སྙན་ངག་གི་རིག་པ་སྔོན་གྱི་སློབ་དཔོན་དཎྜིའི་བློ་མཚོ་ལས་འཐོན་པ་”ཞེས་འབྱུང་བ་བཞིན་སྐྱོན་ཡོན་བསྡུར་བའི་ཚད་ཐིག་ཉག་ཅིག་ཡིན། གཤམ་དུ་སྙན་ངག་མེ་ལོང་དུ་བསྟན་པའི་རྩོམ་རིག་དཔྱད་བརྗོད་ཀྱི་ཚད་གཞི་སྟེ་སྐྱོན་སེལ་གྱི་ཚུལ་རོབ་ཙམ་ངོ་སྤྲོད་བྱེད་ན།

         དེ་ལ་སྙན་ངག་མེ་ལོང་དུ་བསྟན་པའི་སྐྱོན་བཅུའི་ཚུལ་ཡང་ཚུར་བསྡུ་ན་བརྗོད་བྱ་དོན་གྱི་སྒོ་ནས་སྐྱོན་དུ་གྱུར་པ་དང་། རྗོད་བྱེད་དམ་རྣམ་པའི་སྒོ་ནས་སྐྱོན་དུ་གྱུར་པ་གཉིས་སུ་བསྡུ་ཐུབ། བརྗོད་བྱ་དོན་གྱི་སྒོ་ནས་སྐྱོན་དུ་གྱུར་པ་ཡང་།

 

          ༡༽ དོན་ཉམས་པའམ་དོན་བྲལ་བའི་སྐྱོན། ངག་སྦྱོར་གང་ཞིག་ཏུ་རྗོད་བྱེད་ཀྱི་ཚིག་མང་པོ་ལྷན་ཅིག་ཏུ་འདུས་པའམ་ཚོགས་པ་དག་གིས་སོ་སོའི་ཐད་ཀར་རང་རང་གི་དོན་ཕྲ་མོ་རེ་སྟོན་དུ་ཟིན་ཀྱང་། སྔ་ཕྱི་ཀུན་ལྷན་དུ་འབྲེལ་ཚེ་སྤྱིའི་ཆ་ནས་བརྗོད་བྱའི་དོན་འདི་ཞེས་སྟོན་རྒྱུ་མེད་པ་ཞིག་ལ་བྱ། དེ་ཡང་སྨྱོན་པ་དང་བཟི་བོ་སོགས་རང་བཞིན་རྣལ་དུ་མི་གནས་པའི་ངག་དགོས་དབང་གིས་མཚོན་པ་ལྟ་བུའི་སྐབས་དམིགས་བསལ་ཙམ་ཡིན་མོད། ངོ་བོའི་ཆ་ནས་སྐྱོན་འབའ་ཞིག་ཡིན་ཏེ། དཔེར་ན། དཀར་མིན་ལས་རླུང་དྲག་པོས་དམྱལ་བར་འཕངས། །གནག་སྣུམ་སྐྲ་ཡི་ལན་བུ་འོད་དུ་འཚེར། །གངས་རིའི་ལྗོངས་སུ་སེངྒེ་མཐུར་མེད་འཕྱོ། །མཉམ་མེད་ཤཱཀྱའི་དབང་པོར་སྙིང་ནས་དད། །ཅེས་པ་ལྟ་བུ་ཚིག་དུ་མ་འདུས་ཀྱང་སྔ་ཕྱི་འབྲེལ་མེད་དོན་གཞན་དུ་སོང་ནས་བརྗོད་དོན་བྲལ་བར་གྱུར་པའོ། དེ་བས་གསར་རྩོམ་མམ་དཔྱད་བརྗོད་གང་གི་སྐབས་སུའང་དོན་ཉམས་ཀྱི་སྐྱོན་གྱིས་རེག་མིན་ཚད་ཐིག་བྱེད་དགོས་པ་སྨོས་ཅི།

 

       ༢༽ དོན་འགལ་འདུ་ཅན་གྱི་སྐྱོན། ངག་སྦྱོར་རྒྱུན་གཅིག་པའི་ནང་ངའི་མ་མོ་གཤམ་ཡིན་ཟེར་བ་ལྟ་བུ་ཚིག་དོན་སྔ་ཕྱི་ནང་འགལ་དུ་གྱུར་ནས་ཕན་ཚུན་ནུས་མེད་བྱེད་པའམ། བརྩམས་ཆོས་ནང་ཡུལ་དུས་སོགས་ཀྱི་གནས་ཚུལ་བཀོད་པ་ཐུན་མོང་སྣང་ཚོད་ཀྱི་དོན་ནམ་གཞུང་ལུགས་ངེས་ཅན་ཞིག་གི་བཤད་སྟངས་དང་འགལ་བ་ལ་བྱ། སྙན་ངག་མེ་ལོང་རྩ་འགྲེལ་དུ། སྐྱོན་སེལ་བཅུ་ཞེས་ཡུལ་དང་། དུས། སྒྱུ་རྩལ། འཇིག་རྟེན། ལུང་། རིགས་པ་བཅས་ཀྱི་གནས་ལུགས་དང་འགལ་བ་བསྡོམས་པའི་སྐྱོན་གཅིག་ཏུ་བགྲང་ཡང་། དེ་དག་ཀྱང་བརྗོད་བྱའི་ནང་དོན་གྱི་ཆ་ནས་འགལ་འདུ་བྱུང་བའི་སྐྱོན་དུ་གཏོགས་པས་ན་འདིར་དོན་འགལ་བའི་སྐྱོན་དང་ཕྱོགས་མཐུན་དུ་བསྡུ་བར་འདོད། དོན་སྔ་ཕྱི་འགལ་བ། དཔེར་ན། རྣམ་གཡེང་ཁོ་ནར་རོལ་པའི་སློབ་བུ་འདི། །རིག་པའི་གནས་ལ་གུས་རྟག་བརྩོན་པས་འཇུག །ལྟ་བུ་དང་། ཡུལ་དུས་སོགས་ཀྱི་གནས་ལུགས་དང་འགལ་སྐྱོན། དཔེར་ན། དགུན་གྱི་ཉི་ཟེར་འཕྲོས་པས་གངས་རིའི་རྩེར། །ཀུ་མུད་འདབ་ཕྲེང་ལྷུག་པོར་བཞད་པའི་མོད། །ལྟ་བུ་སྟེ། འགལ་འདུ་ཅན་གྱི་ངག་གིས་སྨྲ་བ་པོའི་བརྗོད་པ་དོན་མེད་པར་གཏོང་བས་གསར་རྩོམ་མམ་དཔྱད་བརྗོད་གང་གི་སྐབས་སུའང་ཚད་གཞི་འདིའི་སྟེང་ནས་བསམ་ཞིབ་བྱེད་གལ་ཆེ།

 

          ༣༽ དོན་གཅིག་པའི་སྐྱོན། རྩ་བར། དོན་ཉིད་དམ་ནི་སྒྲ་ལ་ཡང་། །ཁྱད་པར་མེད་པར་སྔར་བརྗོད་པ། །གལ་ཏེ་སླར་ཡང་རབ་བསྒྲགས་པ། །དེ་ནི་དོན་གཅིག་སྐྱོན་དུ་འདོད། །ཅེས་རྩོམ་གྱི་ནང་དགོས་པ་ལྷག་པོ་མེད་པར་དོན་གཅིག་བསྐྱར་བརྗོད་བྱས་པ་སྟེ་དེའི་ཞར་ལ་སྒྲའམ་ཚིག་གི་ཟློས་སྐྱོན་ཡང་གསལ་ཡོད། དཔེར་ན། གངས་རི་ས་འཛིན་དཀར་པོའི་ཀཻ་ལ་ཤར། །སྡེར་ཆགས་རྒྱལ་པོ་འཕྲོག་བྱེད་གདོང་ལྔ་པ། །རྣོ་ངར་དྲག་ཏུ་གཟེངས་པའི་མཆེ་སྡེར་གྱིས། །གཉིས་འཐུང་ལག་ལྡན་གླང་པོའི་ཀླད་ཞོ་བྲུལ། །ལྟ་བུ་སྟེ། རྐང་པ་དང་པོའི་ནང་གངས་རིའི་མིང་གསུམ། རྐང་པ་གཉིས་པར་སེངྒེའི་མིང་གསུམ། རྐང་པ་བཞི་པར་གླང་ཆེན་གྱི་མིང་གསུམ་བཅས་དགོས་མེད་དུ་བསྐྱར་པས་དོན་གཅིག་པའི་སྐྱོན་དུ་སོང་བའོ། རང་རེའི་རྒྱུན་སྲོལ་ལ་ཟློས་སྐྱོན་ཞེས་རྩོམ་འཆད་ཀྱི་བགྱི་བའི་ནང་འཛེམ་སྲོལ་ཡོད་པ་བཞིན། གསར་རྩོམ་དང་དཔྱད་བརྗོད་གང་གི་སྐབས་སུའང་དོན་གཅིག་པའི་སྐྱོན་འདིར་མཉམ་འཇོག་བྱེད་དགོས་སོ། །

 

          ༤༽ དོན་ཐེ་ཚོམ་ཅན་གྱི་སྐྱོན། རྗོད་ཚིག་རྣམས་སྡེབ་མི་ལེགས་པའི་དབང་གིས་བརྗོད་དོན་ལ་ཡིད་གཉིས་སེལ་མི་ཐུབ་ཁར་གོ་དཀའ་ཞིང་དོགས་པ་དང་ཐེ་ཚོམ་གྱི་གཞིར་གྱུར་པ་ཞིག་ལ་བྱ། དཔེར་ན། བླང་དོར་གནས་རྣམས་སྒྲིབ་མེད་ལེགས་འཆར་ཞིང་། །ཅ་ཅོའི་སྐད་ངག་རྣ་བའི་དཔྱིད་དུ་འཇོ། །དབྱིབས་ལེགས་ཀུན་གྱི་སྙིང་དུ་སྡུག་པ་དེ། །གསལ་རིག་ཤེས་པས་བཅིངས་མིན་འཕྱང་མོ་ཉུག །ལྟ་བུ། ལེགས་ཉེས་བླང་དོར་གསལ་ཞིང་གཞན་གྱི་རྣ་བར་ཅ་ཅོའི་སྐད་ངག་འབྱིན་པའི་སྙིང་སྡུག་ཅེས་སེམས་ལྡན་ལ་དམིགས་ནས་བརྗོད་པ་ལྟར་ཡང་། སླར་གསལ་རིག་ཤེས་པས་བཅིངས་མིན་འཕྱང་མོ་ཉུག་ཅེས་དོན་དེ་ལ་ཐེ་ཚོམ་སྐྱེད་པར་བྱེད་པའི་ཚིག་བརྗོད་པས་རྩོམ་པ་པོའི་ཞེ་འདོད་དངོས་མ་ངེས་པའི་ཐེ་ཚོམ་ཅན་གྱི་སྐྱོན་དུ་གྱུར་པ་ཡིན།

 

       དེ་བཞིན་རྗོད་བྱེད་དམ་རྣམ་པའི་སྒོ་ནས་སྐྱོན་དུ་གྱུར་པར་ཡང་། ༡༽ ཚིག་གི་གོ་རིམ་འཆོལ་བའི་སྐྱོན། ཚིག་སྦྱོར་གང་དུ་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི་གོ་རིམ་འཁྲུག་པར་བྱ་སྟེ། དཔེར་ན། སྤུ་རྒྱལ་ཐོ་ཐོ་རི་དང་ཁྲི་སྲོང་བཙན། །དར་མ་འུ་དུམ་བཙན་གྱི་སྲིད་རིང་ལ། །རིམ་བཞིན་ཤཱཀྱའི་རིང་ལུགས་སྣུབ་པ་དང་། །ཐོག་མའི་དབུ་ཙམ་བརྙེས་ཤིང་ཆེས་ཆེར་འཕེལ། །ལྟ་བུར་མཚོན་ན། དངོས་ཡོད་ལོ་རྒྱུས་སུ་ལྷ་ཐོ་ཐོ་རིའི་སྐུ་རིང་དམ་ཆོས་དབུ་ཙམ་བརྙེས་པ་དང་། ཁྲི་སྲོང་བཙན་རིང་དར་འཕེལ་བྱུང་བ། འུ་དུམ་བརྟན་རིང་སྣུབ་པ་ཡིན་མོད། འདིར་གོ་རིམ་འཆོལ་བར་སྦྱར་བས་སྐྱོན་དུ་གྱུར་པ་ཡིན། སྐྱོན་འདི་ནི་རྩོམ་འབྲིའི་ལག་ལེན་ཁྲོད་གཟབ་ནན་མེད་པའམ་ཞིབ་ཆ་མ་ཐོན་པའི་གནད་དོན་ཞིག་ཡིན་པས་གསར་རྩོམ་དང་དཔྱད་བརྗོད་ཀྱི་སྐབས་སུ་ངོས་ཟིན་ཐོབ་པར་བྱ་དགོས།

 

          ༢༽ ཚིག་གམ་སྒྲ་ཉམས་པའི་སྐྱོན། བརྗོད་དོན་གྱིས་ཁྱད་པར་དུ་བྱས་པའི་ངག་སྦྱོར་གང་ཞིག་བརྡ་སྤྲོད་ཀྱི་ངེས་སྲོལ་དང་མི་མཐུན་པར་སྦྱར་བ་ལ་བྱ། དཔེར་ན། མཐོ་སྒང་བོད་མིས་(མིའི་)ངོ་མཚར་རིག་གནས་ལ། །སྨོན་ཞིང་(དང་)སྡང་བའི་འབྱུང་པོ་ཆེས་མང་ཀྱང་(ཡང་)། །མི་རིགས་རང་གི་(གིས་)གཅེས་འཛིན་མ་བྱས་ཚེ། །གཞན་དག་ཕངས་པའི་འདུ་ཤེས་ཇི་(ཅི་)ལ་སྐྱེ། །ལྟ་བུར་མཚོན་ན། གངས་ཅན་བརྡ་སྤྲོད་ཀྱི་ཆོས་ཉིད་དང་བསྟུན་ན་གུག་རྟགས་ནང་གི་རྣམ་དབྱེ་སོགས་སྦྱོར་དགོས། སྤྱིར་རང་སྐད་བརྡ་སྤྲོད་ཀྱི་ཁྱད་ཆོས་དང་མི་མཐུན་པར་གང་བྱུང་དུ་སྦྱར་ཚེ། བརྡ་ལོག་སྐད་ལོག་ཏུ་གྱུར་ནས་ཚིག་དོན་ལ་ཕུན་སུམ་ཚོགས་པའི་ཉམས་ཀྱི་ཁྱད་པར་ཐོན་རྒྱུ་ལྟ་ཞོག དོན་ལེགས་པོ་ཞིག་བརྡ་འཕྲོད་པར་མི་འགྱུར་ན་རྩོམ་བཟང་པོ་ཞིག་ཇི་ལྟར་འོང་། རྒྱལ་མཆོག་ལྔ་པས། “སྐྱོན་འདི་ཤིན་ཏུ་སྤང་བའི་གནས་ཡིན་ཀྱང་། ད་ནི་དུས་དབང་གིས་མང་པོ་འབྱུང་བར་ངེས།” གསུངས་པ་ལྟར། དེང་སང་མི་རིགས་རང་གི་བརྡ་སྤྲོད་ཀྱི་ངེས་སྲོལ་ཐུན་མོང་མ་ཡིན་པར་བརྩི་འཇོག་དེ་ཙམ་མི་བྱེད་པར་རང་སྣང་གང་དྲན་གྱིས་ཚིག་བརྗོད་སྤེལ་བ་མང་བས་བརྒྱ་ལ་དེ་རིགས་ནད་ངན་ལྟར་མཆེད་ཚེ་བོད་ཀྱི་སྐད་ཡིག་ཀྱང་བརླག་ཉེན་ཆེ་སྟབས། གསར་རྩོམ་བྱེད་སྐབས་དོ་ནན་བྱེད་དགོས་པར་མ་ཟད་ཚད་གཞི་འདི་ཁྱེར་ནས་གཞན་གྱི་བརྩམས་ཆོས་ལའང་བརྟག་དཔྱད་བྱས་ཏེ་ཚེར་མ་འདོན་གལ་ཆེ།

 

          ༣༽ ཚིག་གི་གཅོད་མཚམས་ཉམས་པའི་སྐྱོན། འདི་ལ་དོར་ཞིས། “ཚིགས་བཅད་ལ་རིང་ཐུང་གང་ཡིན་ཀྱང་། ཚིགས་བཅད་གཅིག་གི་ནང་གི་ཚིག་སྔ་ཕྱི་ཆ་སྙོམས་འོང་ཕྱིར་ཚིག་གི་གྲུབ་ཆར་གྱུར་པའི་ཐ་སྙད་རིང་ཐུང་དང་ཚིག་རྐང་གི་ཡིག་འབྲུ་མང་ཉུང་། བཀླག་བདེ་མི་བདེ། སྙན་བརྗིད་ཀྱི་གདངས་ཐོན་མི་ཐོན་སོགས་ཆོས་ཉིད་རྣམ་གཞག་ལ་བརྟག་དཔྱད་གཏན་འཁེལ་བྱས་པའི་མིང་ཚིག་གི་གཅོད་མཚམས་དང་། དབུགས་ཀྱི་ངལ་བསོ་བྱེད་པའི་གནས་ངེས་ཅན་ཞིག་ཡོད་པས། དེ་དག་ལ་མ་བརྟག་མ་དཔྱད་པར་ཚིག་རྐང་རེ་རེའི་འབྲུ་གྲངས་འོང་བ་ཙམ་བྱས་ཏེ་ཚིག་སྔ་ཕྱི་བཅད་གཅོད་ཀྱི་མཚམས་མི་མཉམ་ཞིང་བཀླག་མི་བདེ་བ་བྱུང་ན་གཅོད་མཚམས་ཉམས་པའི་སྐྱོན་དུ་གྱུར་པ་ཡིན་”ཞེས་བསྟན་ཏེ། དཔེར་ན། ཤཱཀྱའི་རིང་ལུགས་ཉིན་མོར་བྱེད་པའི་གཟི། །རྨོངས་པ་ཡི་སྲིན་བྱས་བཟོད་ཐབས་མེད་དོ། །ལྟ་བུ། ཀློག་པ་ཙམ་གྱིས་གཅོད་མཚམས་ཉམས་པ་ཤེས་སླ། སྐྱོན་འདི་ཚིག་རིང་ལ་འབྱུང་ཉེ་བས་སྡེབ་སྦྱོར་ལུགས་ཀྱི་ཚིགས་བཅད་སྙན་ངག་ལ་དཔྱད་བརྗོད་བྱེད་པའམ་གསར་རྩོམ་བྱེད་སྐབས་ངེས་དགོས་པའི་གནད་ཅིག་ཡིན།

 

       ༤༽ ཚིག་གི་སྡེབ་སྦྱོར་ཉམས་པའི་སྐྱོན། ཚིགས་བཅད་རྐང་བཞི་པའི་སྙན་ངག་གི་ཡི་གེ་ལྕི་ཡང་སྡེབ་སྦྱོར་བྱེད་སྟངས་ཉམས་པ་དང་། རྐང་པ་རེར་ཚེག་ཁྱིམ་མང་ཉུང་ངམ་ཆད་ལྷག་ཤོར་བ་གཉིས་རྩ་བར་བཤད་པ་ལས། སྔ་མ་བོད་སྐད་ལ་རྒྱས་འགེབས་བྱ་མི་བཏུབ་ཕྱིར་ཚེག་ཁྱིམ་མང་ཉུང་ཤོར་བ་ཁོ་ནར་བྱ། དཔེར་ན། མཛེས་མ་སི་ཏཱའི་རྐང་སེན་གྱིས་རེག་པའི། །འདབ་ལྡན་མྱ་ངན་མེད་ཇི་བཞིན། །རིག་པ་སློབ་པའི་སྙིང་གྲོགས་དམ་པ་ཡི། །བློ་གྲོས་ཡོངས་སུ་བཞད་འདི་ཨེ་མ་མཚར། །ལྟ་བུ། རྐང་པ་རྣམས་ལ་རིང་ཐུང་མ་སྙོམས་པའོ། འདི་ནི་སྙན་ངག་དང་སྡེབ་སྦྱོར་ལུགས་ཀྱི་ཚིགས་བཅད་ལ་རྐང་པ་དང་ཚེག་ཁྱིམ་སྙོམས་ཚེ་མཛེས་ཤིང་བརྗོད་བདེ་ལ། དབྱངས་ཀྱི་འདེགས་འཇོག་གསལ་བའི་ཁྱད་ཆོས་ལྡན་པས་ཆད་ལྷག་ཤོར་ན་སྐྱོན་དུ་འགྱུར་བ་ཡིན་གྱི། མགུར་དང་དམངས་གཞས་སོགས་ལ་མ་ཡིན་ནོ། དེ་བཞིན་རང་མོས་ཅན་དུ་གྲགས་པའི་སྙན་ངག་གསར་པར་ཡང་། ཚིགས་བཅད་གང་ཞིག་རྐང་པ་དང་ཚེག་ཁྱིམ་ཅི་རིགས་སྣང་བས་སྙན་ངག་མེ་ལོང་དུ་བསྟན་པའི་ཚིག་གི་སྡེབ་སྦྱོར་ཉམས་པའི་ཚད་གཞིས་དེ་ལ་གཞལ་མི་རིགས་སྙམ།

 

          ༥༽ ཚིག་ལ་མཚམས་སྦྱོར་ཉམས་པའི་སྐྱོན། རྩ་བར་སྒྲའི་བསྟན་བཅོས་ནས་བཤད་པའི་མཚམས་སྦྱོར་མ་བྱས་པ་ལ་གསུངས་པ་བོད་ལུགས་ལ་ཇི་བཞིན་པ་མེད་ཅེས་ཚེ་ཏན་ཞབས་དྲུང་སོགས་ཀྱིས་གསུངས་མོད། སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ་རུ། “སྐད་གཞན་ལའང་དེ་དག་གི་ཕྱོགས་མཐུན་རེ་འབྱུང་བ་མཁས་པ་རྣམས་ཀྱིས་སྤང་བར་བྱ་དགོས།” ཞེས་གསུངས་པ་ལྟར། བོད་རང་སྐད་སྟེང་ན་མིང་ཚིག་སྔ་ཕྱི་འབྲེལ་ཚུལ་སོགས་མཚམས་སྦྱོར་གྱི་རྣམ་གཞག་ཅིག་རང་ཆས་སུ་ཡོད་པ་དེ་གཞན་སྐད་ཤན་ཞུགས་སོགས་ཀྱིས་འཆོལ་བར་སྦྱར་བ་ནི་མཚམས་སྦྱོར་ཉམས་པའི་སྐྱོན་དུ་འགྱུར། འདིས་ནི་ངག་སྦྱོར་ཤིན་ཏུ་སྨད་པར་བྱེད་དེ། དཔེར་ན། གནའ་བོའི་དུས་སུ་ཆོས་རིག་གཞུང་། །རྒྱལ་པོ་བློན་པོ་ལོ་ཙཱ་པཎྜིཏས། འབད་བརྩོན་དྲག་པོས་གངས་བོད་བསྒྱུར། །བཀའ་དྲིན་ཀུན་གསལ་གྱི་མཐའ་མཉམ། །ལྟ་བུ་བོད་སྐད་ཀྱི་མཚམས་སྦྱོར་ལུགས་དང་མི་མཐུན་ཞིང་། སྡེབ་བཅོས་ན། གནའ་བོའི་དུས་སུ་ཆོས་དང་རིག་པའི་གཞུང་། །རྒྱལ་བློན་ལོ་པཎ་མཁས་པའི་ཚོགས་རྣམས་ཀྱིས། །འབད་བརྩོན་དྲག་པོས་གངས་ཅན་བོད་དུ་བསྒྱུར། །བཀའ་དྲིན་ཀུན་གསལ་མཐའ་དང་མཉམ་མིན་ནམ། །ལྟ་བུ་ཡིན་ནོ། མདོར་ན། སྙན་ངག་མེ་ལོང་དུ་སྐྱོན་སེལ་བཅུའི་རྣམ་གཞག་གིས་མཚོན་པའི་རྩོམ་རིག་གི་དགེ་སྐྱོན་དཔྱད་སྡུར་བྱེད་པའི་ཚད་ཐིག་ངེས་ཅན་ཞིག་བསྟན་ཡོད་པས་གཞུང་དེ་རྒྱུན་འཛིན་བྱེད་རིགས་པར་གྲུབ་བོ། །

 

ས་བཅད་གཉིས་པ། སྙན་ངག་མེ་ལོང་རྒྱུན་འཛིན་ཇི་ལྟར་བྱ་ཚུལ་བཤད་པ།

 

          སྙན་ངག་མེ་ལོང་གིས་གསར་རྩོམ་ལ་ཕྱོགས་སྟོན་དང་། སྲོལ་རྒྱུན་རྩོམ་རིག་སློབ་ཞིབ་ལ་རམ་འདེགས། རྩོམ་རིག་དཔྱད་བརྗོད་ལ་ཚད་གཞིའི་ནུས་པ་འདོན་པ་བཅས་གཞུང་དེའི་ལག་ལེན་གྱི་རིན་ཐང་གོང་དུ་མདོ་ཙམ་བརྗོད་ཟིན་ལ། དེ་ཙམ་མ་ཟད་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་དགོས་མཁོའི་ཆེད་དུས་རབས་ཀྱི་རེ་འདུན་དང་འཚམ་ཞིང་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རྩོམ་གཞུང་གསར་བ་ཞིག་སྒྲིག་རྩོམ་བྱེད་པར་ཡང་སྙན་ངག་མེ་ལོང་དུ་གཞུང་ལུགས་སམ་གལ་ཆེའི་རྒྱུ་ཆ་འབོར་ཆེན་ཞིག་སྡུད་ལེན་བྱ་རྒྱུ་ཡོད། གང་ལྟར་ཡང་དེ་དག་ལས་སྙན་ངག་མེ་ལོང་ཡང་དག་པར་རྒྱུན་འཛིན་བྱེད་རིགས་པར་གྲུབ་ན། ད་ཀོ་ཡང་སྙིང་རྒྱུན་འཛིན་ཇི་ལྟར་བྱ་ཐབས་གླེང་དགོས་པ་ནི་གནད་ཀྱི་དོན་པོའོ། །

 

གཅིག སྙིགས་དོར་བཅུད་འཛིན་གྱིས་གཞུང་ལུགས་ལེགས་སྒྲིག་བྱ་དགོས་པ།

 

སྙན་ངག་མེ་ལོང་ལུགས་མཐུན་གྱིས་རྒྱུན་འཛིན་བྱེད་པར་སྙིགས་དོར་བཅུད་འཛིན་གྱི་ཐབས་ཚུལ་སྤྱད་དེ་གཞུང་ལུགས་ལེགས་སྒྲིག་ངེས་ཅན་ཞིག་བྱེད་དགོས། དེ་ཡང་སྙན་ངག་མེ་ལོང་བོད་དུ་དར་ཚུན་བགྲང་བྱ་བདུན་བརྒྱ་ལྷག་རིང་རྩོམ་རིག་གཞུང་ལུགས་ཐད་དེ་གཅིག་པུར་འགྲེལ་པ་དང་དཔེར་བརྗོད་བརྩམས་པ་ལས་རྩོམ་གཞུང་གསར་པ་ཞིག་རང་གིས་སྒྲིག་རྩོམ་མམ་གཞན་ནས་བསྒྱུར་ལེན་བྱས་མེད་པ་ནི་ཤེས་རིག་དར་རྒྱས་ཆེ་བའི་མི་རིགས་ཤིག་ལ་མཚོན་ན་ཅུང་འཐུས་ཤོར་གྱི་རྣམ་པ་ཞིག་ཏུ་མངོན་རུང་། སྒྲུབ་ཕྱོགས་ནས་གཞུང་ལུགས་དེའི་ཕྱོགས་སྟོན་འོག་སྒྱུ་རྩལ་གྱི་རང་བཞིན་ཚད་མཐོ་བའི་རྩོམ་རིག་བརྩམས་ཆོས་ཇི་སྙེད་ཅིག་གངས་ཅན་རིག་མཛོད་དུ་གསོག་བསྐྱིལ་བྱས་ཡོད་པ་དེས་སྙན་ངག་མེ་ལོང་གིས་བོད་ཀྱི་རྩོམ་རིག་ལག་ལེན་ལ་ཁྲིད་སྟོན་ནུས་ལྡན་བྱུང་ཡོད་པར་བསྟན་ཡོད། དེ་ལས་སྙན་ངག་མེ་ལོང་གིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་བཟུང་བའི་གོ་བབ་ཀྱང་མཐོང་ཐུབ།

          འོན་ཀྱང་། གཞུང་ལུགས་ནི་ལག་ལེན་གྱི་དགོས་མཁོར་ལྟོས་ནས་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་དགོས་པ་ཞིག་ལས་དུས་ནམ་ཡང་འགྱུར་མེད་རེངས་འཐས་ཤིག་ཡིན་མི་རུང་ན། དུས་ཡུན་རིང་པོར་བོད་ཀྱི་རྩོམ་རིག་གཤིན་སར་རྩ་བ་སྲ་བརྟན་ཚུགས་ཤིང་ཡལ་འདབ་རྒྱས་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ་མྱོང་བའི་སྙན་ངག་མེ་ལོང་ལ་བོད་ཀྱི་རྩོམ་རིག་གི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་ཉམས་ཞིབ་དང་དཔྱད་སྡུར་གཏིང་ཟབ་ཅིག་བྱེད་དགོས་པ་ཡོད་དེ། སྙན་གཞུང་དེ་ཧ་ལམ་ཕྱི་ལོའི་དུས་རབས་བདུན་པ་ཙམ་ལ་རྒྱ་གར་གྱི་སྙན་ངག་མཁན་དབྱུག་པ་ཅན་གྱིས་སྐབས་དེའི་རྒྱ་གར་ལྷོ་ཤར་མཁས་པའི་སྒྱུ་རྩོམ་གྱི་གཞུང་ལུགས་དག་ལས་བསྡུ་སྒྲིག་བྱས་ཏེ་བརྩམས་པ་ཞིག་ཡིན་སྟབས། ལོ་རྒྱུས་ཀྱི་ཆ་ནས་གཞུང་ལུགས་རྙིང་ཁུངས་ཤིག་ཡིན་པར་མ་ཟད། ལྷག་པར་དུ་གཞུང་ལུགས་དེའི་ངོ་བོའི་ཆ་ནས་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཁྱད་ཆོས་དང་མཐུན་སྡེབ་བྱེད་ཐུབ་མིན་ཅི་རིགས་སྣང་བས་སོ། །

        དེ་ལྟར་ལོ་རྒྱུས་དང་ངོ་བོའི་ཆ་ནས་སྙན་ངག་མེ་ལོང་ལ་ཞིབ་མོར་དཔྱད་པ་ལས་གཞུང་ལུགས་དེ་སྔར་སྲོལ་ལྟར་གྲ་ཟུར་མ་ཉམས་པར་ཤ་གཟུག་ཟ་རྐྱང་གིས་སྲུང་འཛིན་བྱེད་པའམ། ཡང་ན་གཞུང་དེ་རྩོམ་རིག་འཕེལ་རྒྱས་ཀྱི་འཆིང་སྒྲོག་ལས་རྒྱུན་འཛིན་གྱི་རིན་ཐང་ཅི་ཡང་མེད་པར་འཛིན་པ་གཉིས་ཀ་དོན་དངོས་དང་མི་མཐུན་ཞིང་། སྙན་ངག་མེ་ལོང་གི་གཞུང་དོན་དངོས་ལ་རྐང་བཙུགས་ཏེ་སྙིགས་དོར་བཅུད་འཛིན་གྱི་སྒོ་ནས་གཞུང་ལུགས་ལེགས་སྒྲིག་བྱེད་པ་ནི་མཐར་མ་ལྷུང་བའི་ལྟ་ཚུལ་ཞིག་ཡིན་པའི་ངེས་ཤེས་རྙེད་ཐུབ།

      སྤྱིར་སྙིགས་དོར་བཅུད་འཛིན་ཞེས་པ་ནི་རིག་གནས་ཀྱི་གཞུང་ལུགས་སོགས་ལ་སྙིགས་མ་དག་ཕངས་སེམས་མེད་པར་འདོར་བ་དང་ཉིང་བཅུད་དག་སྲུང་འཛིན་བྱེད་པ་ཞིག་ལ་བྱ་ཞིང་། སྐབས་དོན་སྙན་ངག་མེ་ལོང་ལ་ཆ་བཞག་ན། གཞུང་དེའི་དགོས་ཕན་ཡོད་པའི་ནང་དོན་དག་ནན་ཏན་གྱིས་སྲུང་འཛིན་བྱེད་པ་དང་། དགོས་ཕན་མེད་པར་སྔར་སྲོལ་གྱི་བཤད་རྒྱུན་ཙམ་དུ་གནས་པའི་ཆ་དག་འདོར་སྤོང་བྱེད་པ་ནི་སྙན་གཞུང་དེར་སྙིགས་དོར་བཅུད་འཛིན་བྱས་པ་ཡིན། སྙན་ངག་མེ་ལོང་གི་འབྲེལ་ཡོད་ནང་དོན་ལ་དྭངས་སྙིགས་གཉིས་སུ་འབྱེད་པར་ཚད་གཞི་ཡོད་དེ། བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཁྱད་ཆོས་དང་མཐུན་ཞིང་སྦྱོར་བཏུབ་པར་དྭངས་མ་དང་། དེ་ལས་ལྡོག་པར་སྙིགས་མ་ཞེས་བྱ་ཡི། བསམ་ཚོད་ལྟར་ག་ལ་ཡིན། འདིར་བོད་ཀྱི་སྐད་ཡིག་རིག་གནས་དང་མཐུན་པར་སྦྱོར་མི་བཏུབ་པའི་རིགས་ལ་སྙིགས་མ་ཞེས་པའང་ཚད་གཞི་དེ་ཙམ་ལ་བརྟེན་ནས་བརྗོད་པ་ཡིན་གྱི་ངོ་བོའི་ཆ་ནས་སྙིགས་མར་ཁ་ཚོན་བཅད་པ་མིན་ནོ། །

          དེ་ཡང་འབྲུག་སྤྲུལ་སྙན་འགྲེལ་དུ། “བོད་ཡུལ་འདིར་སྔོན་སྙན་གཞུང་བོད་དུ་མ་བསྒྱུར་པའི་གོང་ཙམ་ན་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་གྱིས་མཁས་པ་འཇུག་པའི་སྒོ་ཞེས་བྱ་བ་མཛད་པའི་རང་འགྲེལ་གྱི་རྩོམ་པ་ལ་འཇུག་པའི་སྐབས་སུ་འདི་ཐོ་རེ་ལོང་ངེ་བ་བསྒྱུར་ཅིང་འགྲེལ་པས་ཀྱང་བཀྲལ་མོད་ཀྱི། བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པ་དང་བོད་ཀྱི་སྐད་ལ་ཚིག་སྡུད་དང་། སྡེབ་སྦྱོར་ལྕི་ཡང་པྲསྟཱར། ངལ་གསོའི་སྡོད་མཚམས། སྦྱར་རྒྱན་ཕལ་ཆེར། སྒྲ་རྒྱན་གྱི་བྱ་དཀའ་སོགས་ལྭ་བའི་ཐགས་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབ་པས་ཉེར་མཁོ་ཆུང་བར་དགོངས་ནས་གོ་དོན་ཚང་བར་ཁྲོལ་བའི་བཤད་པ་མ་མཛད།”༡༠ཅེས་བསྟན་པ་ལྟར་ན་ཆོས་རྗེ་ས་པཎ་གྱིས་གཞུང་འདིར་སྙིགས་དོར་བཅུད་འཛིན་གྱི་བྱ་ཐབས་སྤྱད་དེ་ཉེར་མཁོ་ཐོར་བུ་བླངས་པ་གསལ་ཡང་། ཤོང་ལོ་ཆེན་པོས་སྙན་ངག་མེ་ལོང་ཆ་ཚང་བསྒྱུར་རྗེས་བོད་ཀྱི་རིམ་བྱོན་མཁས་པ་ཚོས་ས་པཎ་གྱི་དགོངས་གཞི་ལྟར་རྒྱུན་འཛིན་བྱེད་མ་ཐུབ་པར་མངོན།

    འོ་ན་སྙན་གཞུང་མེ་ལོང་གི་འབྲེལ་ཡོད་གནད་དོན་གང་ལ་མུ་མཐུད་རྒྱུན་འཛིན་བྱེད་རིགས་པའི་རིན་ཐང་ཡོད་པ་དང་། གང་དག་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཁྱད་ཆོས་དང་སྦྱོར་མི་བཏུབ་པའི་བཤད་རྒྱུན་ཙམ་ཡིན་ཞེ་ན། ཉམས་ཞིབ་ནན་ཏན་སྔོན་སོང་དང་འབྲེལ་གཞུང་ལུགས་ཐོག་སྤོང་འཛིན་བྱེད་པའི་གལ་གནད་འདིའི་ཐད་སྙུག་ཐོགས་པས་ལྟ་ཚུལ་དོན་མཐུན་ཞིག་འདོན་དཀའ་ཡང་། ཚུལ་འདིར་བློ་གྲོས་ཀྱི་འཇུག་པ་ཡངས་པའི་རང་རིགས་ཤེས་ལྡན་མི་སྣ་དག་གི་མདུན་སར་རང་གི་སློབ་ཞིབ་ཀྱི་ངོས་ཟིན་ཕྲན་བུ་དཔྱད་གཞིར་འབུལ་ན།

 

          ༡༽ ལུས་ཀྱི་སྐོར། སྙན་ངག་མེ་ལོང་གི་བརྗོད་བྱའི་རྐང་ངམ་གཞུང་དོན་གྱི་གྲུབ་ཆ་གཙོ་བོ་ནི་ལུས་རྒྱན་སྐྱོན་སེལ་གསུམ་གྱི་རྣམ་གཞག་ཡིན་ཞིང་། དེ་ལས་ལུས་ཞེས་པ་ནི། ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། །དེ་ཡང་ཚིགས་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། །ཞེས་འབྱུང་བ་ལྟར་སྙན་ངག་མཁན་གྱི་བརྗོད་འདོད་ཀྱི་ཁྱད་པར་དུ་བྱས་པའི་ཚིག་གི་རྒྱུན་ལ་སྐབས་འདིའི་ལུས་དང་། དེ་ལ་དབྱེ་ན་རྗོད་བྱེད་ཚིག་གི་རྣམ་པའམ་ཁྱད་ཆོས་ལ་ལྟོས་ཏེ་རྐང་པར་བཅད་པའི་ཚིགས་བཅད་དང་། མ་བཅད་པའི་ལྷུག་པའམ་རྐྱང་པ། སྐད་རིགས་བཞིའམ་བཅད་ལྷུག་འདྲེས་མར་སྦྱར་བའི་སྤེལ་མ་བཅས་རིགས་གསུམ་གྱི་ངོ་བོ་དང་དབྱེ་བསྡུ་སོགས་ཕྲ་ཞིབ་ཏུ་བསྟན་ཡོད་པ་དང་། དེ་བཞིན་རྩོམ་རིག་གི་ཁོངས་སུ་གཏོགས་པའི་ཚིག་གི་ལུས་བཅད་ལྷུག་སྤེལ་གསུམ་དེ་དག་ལ་བརྟེན་པའི་དོན་གྱི་ལུས་སམ་རྩོམ་ལུས་སྙན་ངག་དང་། གཏམ་རྒྱུད། ལྷུག་རྩོམ། ཟློས་གར་བཅས་ཀྱང་དངོས་དང་ཞར་ནས་གང་ཙམ་གསལ་བ་དེ་དག་ནི་གནའ་དེང་དང་མི་རིགས་སོགས་ཀྱི་ཁྱད་མེད་པར་རྩོམ་རིག་གི་གཞུང་དོན་གལ་ཆེར་བརྟེན་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་པའི་གནས་ཡིན་ཡང་། སྙན་མེར་ལུས་ཀྱི་སྐོར་བསྟན་པའི་ནང་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཁྱད་ཆོས་དང་སྦྱོར་མི་བཏུབ་པའང་ཡོད་དེ། དཔེར་ན། ཚིགས་བཅད་རྐང་བཞི་པའི་སྡེབ་སྦྱོར་བྱེད་ཚུལ་ཐད། རྩ་གཞུང་དུ། ཚིགས་བཅད་རྐང་བཞི་པ་དེ་ཡང་། །བྲྀཏྟ་ཛཱ་ཏི་ཞེས་རྣམ་གཉིས། །དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །རིག་དེ་སྙན་ངག་རྒྱ་མཚོ་ནི། །ཟབ་མོར་འཇུག་འདོད་རྣམས་ཀྱི་གྲུ། །ཞེས་ཚིགས་བཅད་རྐང་བཞི་པ་དང་སྡེབ་སྦྱོར་རིག་པའི་བར་གྱི་འབྲེལ་བའི་རང་བཞིན་གསལ་པོར་བསྟན་ཐོག ཚིགས་བཅད་ལ་སྡེབ་སྦྱོར་བྱེད་ཚུལ་གྱི་སྒོ་ནས་ཡི་གེ་བགྲང་བ་བྲྀཏྟ་དང་ཕྱི་མོ་བགྲང་བ་ཛཱ་ཏི་ཞེས་རིགས་གཉིས་སུ་ཕྱེས་ཡོད་པ་དེ་ནི་ལེགས་སྦྱར་སཾསྐྲྀཏའི་དབང་དུ་བྱས་པའི་སྡེབ་སྦྱོར་བྱེད་ཚུལ་ལས་བོད་སྐད་ཀྱི་ལུགས་ལ་འདྲ་སྦྱར་བྱེད་མི་ཐུབ་པ་རང་ཅག་ཚང་མས་ཤེས་གསལ་ཡིན། བོད་ཀྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་སྡེབ་སྦྱོར་རིག་གནས་ཀྱང་རྒྱ་གར་པའི་སྡེབ་སྦྱོར་གྱི་གཞུང་ཡིན་མོད། དེ་བོད་ཀྱི་ཚིགས་བཅད་ལག་ལེན་དང་འབྲེལ་སྦྱོར་མི་བཏུབ་པ་མ་གཏོགས་དེར་རང་ངོས་ཀྱི་རིན་ཐང་ལྡན་ཡོད་པ་ནི་བཤད་ཅི་དགོས། སྤྱིར་བོད་ལའང་རང་སྐད་ཀྱི་ཁྱད་ཆོས་གཞིར་བཟུང་བའི་ཚིགས་བཅད་སྡེབ་ཚུལ་གྱི་ཆོས་ཉིད་དམ་སྒྲིག་སྲོལ་ངེས་ཅན་ཞིག་ཡོད་ལ། ད་ཆ་ཆེད་མཁས་འགའ་ཟུང་གིས་དེར་གཞུང་ལུགས་སུའང་ཕྱོགས་བསྡོམས་བྱས་འདུག་པས།༡༡སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས་ཞེས་པ་ལྟར། བོད་སྐད་ཚིགས་བཅད་ལ་མཁས་པར་བྱ་འདོད་ན་ཐོག་མ་ཉིད་དུ་དེའི་ཐུན་མོང་མ་ཡིན་པའི་སྡེབ་སྦྱོར་བྱེད་ཚུལ་ལ་མྱོང་གོམས་ཡོད་པ་བྱེད་དགོས་སྙམ། ཡང་། སྐད་ཀྱི་དབང་གིས་ལུས་རིགས་དབྱེ་བ་བྱེད་ཚུལ་ཐད། རྩ་གཞུང་དུ། ངག་གི་རང་བཞིན་དེ་དག་ཀྱང་། །ལེགས་སྦྱར་དེ་བཞིན་རང་བཞིན་དང་། །ཟུར་ཆག་འདྲེས་མ་ཞེས་པ་སྟེ། །རྣམ་པ་བཞི་རུ་མཁས་པས་གསུངས། །ཞེས་དང་། སྤེལ་མ་ཟློས་གར་ལ་སོགས་ཏེ། ། དེ་དག་རྣམས་ནི་གཞན་ལས་རྒྱས། །ཞེས་རྩོམ་རིག་གི་རྒྱུ་ཆར་སྐད་རིགས་བཞི་སྟེ་ལེགས་སྦྱར་སཾསྐྲྀཏ་དང་། ཡུལ་མི་རང་བཞིན་པའི་སྐད། ཟུར་ཆག་གི་སྐད། ཤ་ཟའི་སྐད་བཅས་ཀྱི་དབང་དུ་བྱས་པའི་ལུས་ཀྱི་རྣམ་གཞག་ཅིག་བསྟན་ཡོད། ལར་རྩོམ་རིག་སྒྱུ་རྩལ་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས་ངག་སྦྱོར་ནི་རྩོམ་རིག་འགྲུབ་བྱེད་ཀྱི་གཞི་རྩའི་གྲུབ་རྒྱུའམ་ཆ་རྐྱེན་ཡིན་ལ། དེ་ལས་རྩོམ་རིག་ལ་ངག་སྦྱོར་གྱི་གལ་ཆེའི་རང་བཞིན་ཡང་མཐོང་ཐུབ། དེ་ལྟ་ནའང་མི་རིགས་རྩོམ་རིག་གི་ཚད་གཞི་གཙོ་བོ་ནི་ངག་སྦྱོར་ཡིན་སྟབས་མི་རིགས་གཞན་གྱི་སྐད་ཀྱིས་དེ་དང་ཐ་དད་པའི་མི་རིགས་ཀྱི་སྐད་ཀྱི་ཚབ་མཚོན་ནམ་ཡང་མི་ཐུབ། གོང་དུ་རྩ་གཞུང་དང་འབྲེལ་ནས་བསྟན་པའི་ལེགས་སྦྱར་སོགས་ནི་འཕགས་ཡུལ་གྱི་དབང་དུ་བྱས་པ་ཡིན་ལ། སྐད་རིགས་དེ་དག་གིས་སྦྱར་བའི་བརྩམས་ཆོས་ཀྱི་དཔེ་མཚོན་བགྲང་བའང་རྒྱ་གར་མི་རིགས་ཀྱི་སྐད་ཡིག་གཞིར་བཞག་གིས་བཤད་པ་ཞིག་རེད། བོད་སྐད་རང་ལའང་ལེགས་སྦྱར་སོགས་རིགས་བཞིའི་དབྱེ་ཚུལ་ཞིག་དྲན་དབང་འགས་བསྟན་མོད། དེ་ནི་དབྱེ་ཚུལ་གྱི་རིགས་ལམ་ཙམ་འདྲ་བ་ལས་རྒྱ་གར་པའི་སྐད་རིགས་བཞིའི་བོད་སྐད་ལ་ཚབ་བྱེད་པའི་གོ་དོན་གཏན་ནས་མིན། དེ་བས་སྙན་ངག་མེ་ལོང་དུ་རྩོམ་རིག་གི་གྲུབ་རྒྱུར་རྒྱ་གར་པའི་སྐད་རིགས་བཞིའི་ཆོས་ཉིད་ཞིབ་བཤད་གནང་བ་དེ་བོད་ལུགས་ལ་ལག་ལེན་གྱི་རང་བཞིན་སྟོང་བའི་བཤད་རྒྱུན་ཙམ་དུ་རྟོགས་སླ་བས་མཚོན་ནོ། །

 

       ༢༽ རྒྱན་གྱི་སྐོར། རྩོམ་རིག་བརྩམས་ཆོས་ཅུང་ལེགས་པོ་ཞིག་ཡིན་ཕྱིན། དེ་བསམ་བློའི་རང་བཞིན་ནམ་བརྗོད་དོན་ཕུན་སུམ་ཚོགས་པས་ཕྱུག་དགོས་པར་མ་ཟད། ལྷག་པར་དུ་དེར་སྒྱུ་རྩལ་མཚོན་ཐབས་སམ་རྒྱན་ངེས་ཅན་ཞིག་འཛོམས་དགོས་ཏེ། གཞན་དུ་ན་སྤྱིར་བཏང་གི་རྗོད་ཚིག་ཙམ་ལས་རྩོམ་རིག་གི་ངག་ཚིག་ཏུ་མི་འགྱུར་བས་སོ། དེའི་ཕྱིར་ཟུར་མཁར་པ་བློ་གྲོས་རྒྱལ་པོས། རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་། །རྒྱན་མེད་པ་ན་སྐྱེ་བོས་གླེང་། །དེ་བཞིན་སྙན་ངག་མི་ལྡན་པའི། །བསྟན་བཅོས་མཁས་ལ་རྩིས་སུ་མེད། །ཅེས་སྙན་ངག་གི་ཉམས་དང་ལྡན་པའི་ཚིག་རྒྱན་གྱི་སྦྱོར་བ་དང་བྲལ་ཚེ་རྩོམ་པ་མཁས་པའི་བསྟན་བཅོས་སུ་མི་འགྱུར་བར་གསུངས་པ་ཡིན་ཞིང་། དེ་ལས་བོད་རང་གི་སྔར་སྲོལ་ལ་རྩོམ་པ་བཟང་ངན་ཡང་རྒྱན་སྦྱོར་ཚུལ་ལ་མཁས་མིན་གྱིས་འབྱེད་པ་གསལ་ལོ། སྙན་མེའི་ལེའུ་གསུམ་ག་དང་ཁྱད་པར་དུ་ལེའུ་གཉིས་པ་ཆ་ཚང་ལ་རྒྱན་གྱི་སྐོར་མཚན་མཚོན་གྱིས་གཏན་ལ་ཕབ་ཡོད་པས་གྲངས་འབོར་གྱི་ཆ་ནས་སམ་གཞུང་སྤྱི་ཁོག་ནས་བལྟས་ན་རྒྱན་གྱི་རྣམ་གཞག་གཙོ་བོར་སྟོན་པ་གསལ་བས་ཆོས་རྗེ་ས་པཎ་དང་འབྲུག་ཁམས་སྤྲུལ་སོགས་ཀྱིས་གཞུང་འདི་རྒྱན་གྱི་བསྟན་བཅོས་ཤིག་ཏུ་བཞེད་པ་ལོས་ཡིན། གང་ལྟར་རྩོམ་རིག་བརྩམས་ཆོས་ལ་གལ་གནད་ཆེ་བའི་ཚིག་རྒྱན་གྱི་གོ་དོན་དང་རྣམ་གྲངས་སོགས་སྙན་ངག་མེ་ལོང་དུ་འབོར་ཆེན་གསལ་ཡོད། དེ་ལ་རྒྱན་ཞེས་པ་བྱ་བ་ཇི་ལྟ་བུ་ཞིག་ལ་གོ་དགོས་པ་ནི། རྩ་གཞུང་དུ། སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །ཅེས་ཚིག་སྦྱོར་རམ་སྐད་ཆ་མཛེས་བྱེད་ཀྱི་ཆོས་སམ་ཐབས་ཤིག་ལ་བཤད་པ་དེའི་བྱེད་ལས་ཀྱི་ཁྱད་ཆོས་ལ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས། “རྒྱན་ཞེས་བྱ་བར་རབ་ཏུ་བརྗོད་དེ་དོན་གསལ་བར་བྱེད་པ་དང་མཛེས་པར་བྱེད་པའི་ཕྱིར་”༡༢ ཞེས་གསུངས་ཡོད། དེ་ལྟ་བུའི་རྒྱན་ནི། དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །ཞེས་པ་ལྟར་སྤྱིར་ཚད་གཟུང་མེད་ནའང་། འོན་ཀྱང་རྣམ་རྟོག་ས་བོན་ནི། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །དེ་ནི་རབ་ཏུ་ལེགས་སྦྱར་ཕྱིར། །ཡོངས་སུ་ངལ་འདི་བདག་གིའོ། །ཞེས་སྙན་ངག་མེ་ལོང་དུ་སློབ་དཔོན་དབྱུག་པ་ཅན་གྱིས་རྒྱན་གྱི་སྐོར་ཕུན་སུམ་ཚོགས་པ་ཞིག་བསྟན་པ་དག་རིགས་དབྱེ་བྱས་ན། རང་བཞིན་ནམ་ངོ་བོའི་ཆ་ནས། རང་བཞིན་བརྗོད་དང་འཁྱོག་བརྗོད་ཅེས། །ངག་གི་རང་བཞིན་ཐ་དད་གཉིས། །ཞེས་པ་ལྟར་དྲང་འཁྱོག་གི་རྒྱན་གཉིས་སུ་དང་། བྱེད་ལས་སམ་ཉམས་འདོན་ཚུལ་གྱིས་དོན་སྒྲ་གབ་ཚིག་གི་རྒྱན་གསུམ་དུ་དབྱེ་བ། ས་གནས་མ་འདྲ་བས་མཁས་པའི་བཞེད་ལུགས་ཀྱི་ཆ་ནས་ཐུན་མོང་དང་ཐུན་མིན་གྱི་རྒྱན་བཅས་སུ་བསྡུ་རིགས་པར་གྲགས་ཤིང་གྲུབ་བོ། དེ་དག་ལ་རྩ་བའི་རྣམ་གྲངས་དང་ནང་གསེས་ཀྱི་དབྱེ་བ་མང་པོ་དང་བཅས་ཞིབ་ཅིང་ཕྲ་བར་བསྟན་པ་དག་རྩོམ་རིག་གི་ལག་ལེན་ལ་ཤིན་ཏུ་མཁོ་ཆེ་བ་རྐྱང་ཡིན་པས་རྒྱུན་འཛིན་བྱེད་རིགས་པའི་ད་ཡོད་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། དགེ་འདུན་ཆོས་འཕེལ་གྱིས། “རང་རེ་རྣམས་ཀྱི་ད་ལྟའི་རྩོམ་ལུགས་འདི་ནི་རྒྱ་སྐད་བོད་དུ་བསྒྱུར་པ་རྣམས་ཀྱི་དབྱིབས་ཁོ་ནར་བྲིས་པ་ཡིན་ལ། དེ་རྣ་བར་འཇགས་འཇགས་ནས་གོ་བདེ་བར་སོང་བ་ཡིན་གྱི། བོད་སྐད་རང་དབང་བའི་སྒྲིག་ཚུལ་ནི་མིན་པར་ངེས་མོད་སུ་ཞིག་གི་རྣ་བར་འགྲོ།”༡༣ ཞེས་པ་ལྟར་སྙན་མེར་བསྟན་པའི་རྒྱན་མཐའ་དག་བོད་ལུགས་ལ་ཉམས་ཐོན་པར་སྦྱོར་བཏུབ་པའང་མ་ཡིན་ཏེ། དཔེར་ན། སྦྱར་རྒྱན་དག་ལ་མཚོན་ན། འབྲུག་སྤྲུལ་སྙན་འགྲེལ་དུ། “སྦྱར་ཚུལ་གྱི་དོན་ཡོངས་རྫོགས་བོད་ལ་སྐད་ཀྱི་རང་བཞིན་གྱིས་བསྒྱུར་དུ་མི་གཏུབ་”༡༤ ཅེས་པ་ལྟར། སྦྱར་རྒྱན་རྣམས་བོད་སྐད་དུ་ཕལ་ཆེ་བར་ས་བཅད་མ་སྟོངས་ཙམ་ལས་རྒྱན་གྱི་ཉམས་ཁྱད་པར་ཅན་ཐོན་དཀའ་བ་དང་། དེ་བཞིན་བྱ་དཀའི་རྒྱན་དག་ལས་ཀུན་ཏུ་ཟུང་ལྡན་དང་། བཟློག་པའི་ཟུང་ལྡན། གནས་དང་གསལ་བྱེད་ངེས་པ་སོགས་ཡི་གེའི་རོལ་རྩེད་ཙམ་ལས་ཉམས་ཀྱི་ཁྱད་པར་སྟོན་མི་ཐུབ་པས་མཚོན་སྙན་ངག་མེ་ལོང་གི་ཚིག་རྒྱན་རྣམས་ལའང་རྩོམ་རིག་གཞུང་ལུགས་སུ་གཏོགས་ཤིང་སྦྱོར་བཏུབ་མིན་ཅི་རིགས་ཡོད་པ་ཤེས་སོ། །

 

          ༣༽ སྐྱོན་སེལ་ཐད། སྙན་ངག་མེ་ལོང་གི་སྐྱོན་སེལ་སྐོར་ནི་གསར་རྩོམ་མམ་གཞན་གྱི་རྩོམ་རིག་ལ་སྐྱོན་ཡོན་བརྗོད་པ་གང་ལའང་དགེ་སྐྱོན་འཇལ་བའི་ཚད་གཞིའི་གཞུང་ལུགས་ཅུང་འཐུས་ཚང་ཞིག་ཡིན་ཚུལ་སྔར་ཞིབ་རྒྱས་སུ་བསྟན་ཡོད་པས་འདིར་བསྐྱར་བརྗོད་བྱེད་དགོས་མ་མཆིས་མོད། སྐྱོན་སེལ་གྱི་སྐོར་མཐའ་དག་བོད་ལུགས་ལ་རྣམ་གཞག་བྱེད་ཐུབ་པའང་མ་ཡིན་ཏེ། འབྲུག་སྤྲུལ་སྙན་འགྲེལ་དུ། “དེ་ལྟར་སྒྲ་དང་། ངལ་བསོ་དང་། སྡེབ་སྦྱོར་དང་། མཚམས་སྦྱོར་ཉམས་པ་སྟེ་སྐྱོན་བཞི་པོ་འདི་ནི་ཕལ་ཆེེར་ལེགས་པར་སྦྱར་བ་སཾསྐྲྀཏའི་སྐད་ཀྱི་སྦྱོར་བ་ལ་འབྱུང་ཞིང་། སྐད་གཞན་ལའང་དེ་དག་གི་ཕྱོགས་མཐུན་རེ་འབྱུང་བ་མཁས་པ་རྣམས་ཀྱིས་སྤང་བར་བྱ་དགོས་”༡༥ ཞེས་གསུངས་པ་ལྟར། དཔེར་ན། སྡེབ་སྦྱོར་ཉམས་པའི་སྐྱོན་ལ། རྩ་བར། གང་དུ་ཡི་གེ་ལྷག་ཆད་དང་། །ལྕི་ཡང་ཇི་ལྟ་བཞིན་མི་གནས། །དེ་ནི་སྡེབ་སྦྱོར་ཉམས་པ་སྟེ། །སྐྱོན་འདི་ཤིན་ཏུ་སྨད་པའོ། །ཞེས་ཚིགས་བཅད་རྐང་བཞི་པར་ཡི་གེ་ཆད་ལྷག་གམ་ཡི་གེ་ལྕི་ཡང་སྡེབ་པའི་སྡེབ་སྦྱོར་བྱེད་ཚུལ་དང་མ་མཐུན་པའི་སྐྱོན་གང་རུང་བཤད་པ་ལས་སྒྲ་ལྕི་ཡང་སྡེབ་པའི་སྡེབ་སྦྱོར་གྱི་རྣམ་གཞག་བོད་སྐད་ཀྱི་ལུགས་ལ་མེད་པ་དང་། དེ་བཞིན་མཚམས་སྦྱོར་ཉམས་པའི་སྐྱོན་ཡང་རྒྱ་སྐད་ལྟར་བོད་ལ་དབྱངས་གསལ་མཚམས་སྦྱོར་བྱེད་ལུགས་མེད་པས་མཚོན་ནོ། །

 

          ༤༽ རྩོམ་གཤིས་སམ་ཡོན་ཏན་ཐད། སྙན་མེའི་ལེའུ་དང་པོར་བསྟན་པའི་སྦྱར་བ་སོགས་ལམ་གྱི་ཡོན་ཏན་བཅུ་ནི། རྒྱ་གར་ལྷོ་ཤར་མཁས་པའི་རྩོམ་གཤིས་ཀྱི་རྩ་བའི་གཞུང་ལུགས་ཡིན་ཞིང་། དེ་ཡང་དངོས་ལྷོ་བ་དང་བཟློག་པ་ཤར་བའི་ལུགས་ཡིན་གཤིས་སྙན་འགྲེལ་རྣམས་སུ་ཐུན་མོང་མ་ཡིན་པའི་རྒྱན་བཅུར་བཟུང་སྟེ་གོ་དོན་དཔེར་བརྗོད་གནང་ཡོད། ཚིག་སྦྱོར་འཇམ་ཞིང་བརྗོད་དོན་རྟོགས་སླ་བ་ཅན་ལ་ལྷོ་བས་གཙིགས་འཛིན་བྱེད་པ་དང་ཚིག་རྩུབ་ཅིང་ཁ་དམ་ལ་འཕྲལ་དུ་གོ་མི་བཏུབ་པར་ཤར་བས་མཐོང་ཆེན་བྱེད་པ་ཡིན། རང་རེ་བོད་ལ་ས་གནས་ཀྱི་དབང་གིས་རྩོམ་གཤིས་ཐ་དད་པར་འབྱེད་དུ་མེད་ཀྱང་སྙན་ངག་མེ་ལོང་གི་ཤུགས་རྐྱེན་གྱིས་བོད་ཀྱི་མཁས་པའི་ཁྲོད་རྩོམ་གཤིས་མ་འདྲ་བ་དེ་གཉིས་རྒྱ་ཁྱབ་ཏུ་གནས་ཡོད། བསམ་བློའི་ཆུ་ཚད་མ་འདྲ་བའི་ཀློག་མཁན་གྱི་རེ་འདུན་དང་བསྟན་བྱ་དམིགས་བསལ་བའི་དགོས་མཁོའི་ཆེད་རྩོམ་གཤིས་དེ་གཉིས་ཀ་མཁས་པ་རེ་རེར་འཛོམས་དགོས་པའི་ཁྱད་ཆོས་ཤིག་ལས་ཕན་ཚུན་འབྲེལ་མེད་རེངས་པོ་ཞིག་མིན་པར་སེམས། གང་ལྟར་རྩོམ་གཤིས་སམ་ལམ་གྱི་ཡོན་ཏན་ཕལ་ཆེར་བོད་ལུགས་ལ་རིགས་འགྲེ་བྱེད་ཐུབ་པར་མ་ཟད་རྩོམ་འབྲིའི་ལག་ལེན་ལ་དགོས་མཁོའང་ཤིན་ཏུ་ཆེ་བ་སྨོས་མ་དགོས་ཀྱང་། འགའ་ཟུང་བོད་ཀྱི་སྐད་ཡིག་ལ་ཇི་བཞིན་དུ་སྦྱོར་མི་བཏུབ་སྟེ། དཔེར་ན། སྦྱར་བ་དང་། མཉམ་ཉིད། ཤིན་གཞོན། བརྗིད་པ་བཅས་ནི་ཡི་གེའི་སྦྱོར་བ་ལྕི་ཡང་དང་མཉམ་མིན་གྱིས་བཞག་པའི་རྩོམ་གཤིས་གང་ཞིག རྒྱ་གར་ཡི་གེའི་ལྕི་ཡང་གི་རྣམ་གཞག་གིས་བོད་ཡིག་ལ་གཞལ་མི་ཐུབ་པས་སོ། དེའི་ཕྱིར་འགྲེལ་བྱེད་སྔོན་མ་དག་གིས་སྤྱི་སྤམ་དང་རབ་རིབ་ཅིག་གིས་འཐུས་པར་བྱས་ཚུལ་ནི། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས། “ཀཻ་ལ་ཤ་རིའི་མགུལ་གྱི་སྙན་ངག་མཁན། །ཕལ་ཆེར་ཡོན་ཏན་རྣམ་བཅུའི་འཇུག་པ་ཡིས། །ཚིག་སྦྱོར་ས་ཆེན་འདེགས་ཚེ་རི་མོ་ལ། །བྲིས་པའི་སྒྲོན་མེ་དང་མཚུངས་གསལ་ཆས་དབེན།”༡༦། ཞེས་གསུངས་པ་ལས་དཔོག་ཐུབ། འདིར་རྒྱ་གར་ཡི་གེའི་དབང་དུ་བྱས་པའི་ལྕི་ཡང་གི་རྣམ་གཞག་གིས་བོད་ལ་ཇི་བཞིན་སྦྱོར་མི་བཏུབ་ཅེས་བཤད་པ་ལས་བོད་ཡིག་རང་ལ་འཇམ་རྩུབ་བམ་ལྕི་ཡང་གི་རྣམ་གཞག་མེད་པའི་གོ་དོན་མིན། རིན་སྤུངས་པའི་སྙན་འགྲེལ་དུ་རྒྱ་གར་གྱི་རིག་པས་གཞལ་ཏེ་འགྲེང་བུ་ཅན་དང་། ན་རོ་ཅན། མཐའ་རྟེན་ཅན་རྣམས་ལྕི་བ་དང་། དེ་ལས་ལྡོག་པ་རྣམས་ཡང་བར་འགྲུབ་ཅེས་འབྱུང་ཞིང་། རྒྱལ་དབང་ལྔ་པའི་དགྱེས་གླུ་དང་འབྲུག་སྤྲུལ་གྱི་སྙན་འགྲེལ་དག་ཏུ་རྟགས་འཇུག་གི་ཕོ་མོ་མ་ནིང་གི་སྒྲ་གདངས་ལྟར་ཕྱེ་རིགས་ཚུལ་ཡང་གསུངས་པ་དཔྱད་གཞིར་ཆེའོ། །

 

          ༥༽ བརྗོད་བྱའི་ཐད། སྙན་ངག་མེ་ལོང་སྙན་ངག་གམ་རྩོམ་རིག་ཇི་ལྟར་རྩོམ་ཚུལ་གཙོ་བོར་སྟོན་པའི་རིགས་པའི་གཞུང་ལུགས་ལས་རྩོམ་རིག་བརྩམས་ཆོས་ཤིག་མིན་ཡང་། སྐབས་འདིའི་བརྗོད་བྱ་ཞེས་པ་ནི་སྙན་མེའི་དཔེར་བརྗོད་ཁག་གི་ནང་དོན་ལ་དམིགས་པ་ཡིན། སྤྱིར་རྩོམ་རིག་གི་བརྗོད་བྱར་སྙན་ངག་མེ་ལོང་གི་སྙན་ངག་ཆེན་པོའི་མཚན་ཉིད་སྟོན་སྐབས། སྔོན་བྱུང་གཏམ་ལས་གྱུར་པའམ། །ཅིག་ཤོས་ལེགས་པ་ལ་བརྟེན་པ། །སྡེ་བཞི་འབྲས་བུའི་དབང་གྱུར་དང་། །མཁས་ཤིང་རྒྱ་ཆེའི་འདྲེན་པ་ཅན། །ཞེས་པ་ལྟར་སྔར་བྱུང་ཟིན་པའི་ལོ་རྒྱུས་ཀྱི་གཏམ་དང་དེའི་ཅིག་ཤོས་མིག་སྔའི་བྱ་དངོས་གསར་བ་སོགས་མདོར་ན་སྡེ་བཞིས་བསྡུས་པའི་དོན་མཐའ་དག་གཟུང་རིགས་ཀྱང་། རྩོམ་པ་པོ་སུ་ཡིན་རུང་ཡུལ་དུས་ངེས་ཅན་ཞིག་ལ་བརྟེན་པ་ཤ་སྟག་ཡིན་པས་ཡུལ་དུས་གང་ཞིག་གི་འཆིང་རྒྱ་ལས་འགོངས་མི་སྲིད་དོ། སྙན་ངག་མེ་ལོང་གི་དཔེར་བརྗོད་ཀྱི་ནང་དོན་དང་སྙན་ངག་མེ་ལོང་རྩོམ་འབྲིའི་རྒྱབ་ལྗོངས་པར་དགོས་དབང་གི་འབྲེལ་བ་ངེས་ཅན་ཞིག་ཡོད་ངེས་མ་ཟད། དབྱུག་པ་ཅན་གྱི་རིག་གནས་བསམ་བློ་དང་འཚོ་སྡོད་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ཡོད་པའང་དཔེར་བརྗོད་ཀྱི་ནང་དོན་ལ་བལྟས་ན་ཚོར་ཐུབ། སྙན་མེའི་དཔེར་བརྗོད་ཀྱི་ནང་དོན་ལ་ཕྱི་ནང་ཆོས་ལུགས་ཁག་གི་ལྟ་གྲུབ་དང་། རིག་བྱེད་གཏམ་རྒྱུད་ཀྱིས་མཚོན་པའི་ལྷ་སྒྲུང་སྣ་ཚོགས། རང་སྡེ་ཁྲིམས་དང་བཟང་སྤྱོད་ཀྱིས་སྐྱོང་ཞིང་ཕས་རྒོལ་ཟིལ་གྱིས་གནོན་པའི་ཡུལ་གྱི་རྒྱལ་པོ་ལ་བསྟོད་བསྔགས། རྒྱལ་པོ་སོགས་མཐོ་རིམ་དབང་བསྒྱུར་པའི་འཚོ་བ། རྒྱ་གར་གྱི་རི་ཆུ་དང་ཤིང་ནགས་སོགས་རང་བྱུང་ཁོར་ཡུག་གི་གནས་ཚུལ་སྣ་ཚོགས། ཡུལ་མིའི་འཚོ་བ་དང་ཡུལ་གོམས་གཤིས་ལུགས་སྣ་ཚོགས། བུད་མེད་མཛེས་མའི་ཁྱད་ཆོས་དང་བཟའ་ཚང་བར་གྱི་འགལ་མཐུན་གནས་ཚུལ། འདོད་སྲེད་ཤེ་སྦྱོར་གྱི་རེག་བྱའི་ཡོན་ཏན་སོགས་ཅུང་ཕུན་སུམ་ཚོགས་པ་ཞིག་ཡོད། སྙན་ངག་མེ་ལོང་གི་དཔེར་བརྗོད་ཀྱི་ནང་དོན་དེ་དག་གིས་བོད་ཀྱི་རྩོམ་རིག་གི་བརྗོད་བྱར་ཁ་སྣོན་གྱ་ནོམ་པ་ཞིག་བྱས་ཡོད་པ་གདོན་མི་ཟ་ཡང་། ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཡང་ཕོག་ཡོད་དེ། དཔེར་ན། ཟླ་ཟེར་དང་མ་ལ་ཡའི་རླུང་སོགས་གྲང་རེག་མཆོག་ཏུ་འཛིན་པ་དང་། མཛེས་མའི་ཁ་དང་ལུས་ལས་དྲི་བྲོ་བ། གླང་པོ་ཆེའི་དམག་དཔུང་སོགས་རྒྱ་གར་པའི་ཡུལ་གོམས་གཤིས་ལུགས་དེ་དག་བོད་ཀྱི་རང་བྱུང་གནས་བབ་དང་རིག་གནས་ཁྱད་ཆོས་ལ་མི་མཐུན་པ་དང་། དེ་བཞིན་གྲོང་ཚིག་གམ་འདོད་སྲེད་ཤེ་སྦྱོར་གྱི་གཏམ་དང་འབྲེལ་བའི་ནང་དོན་དག་སྤྱིར་འཇིག་རྟེན་པ་རང་ག་བའི་བསམ་ངོར་ལྟོས་ན་སྐྱོན་དུ་ལྟ་མི་རིགས་ཀྱང་བོད་མིའི་བཟང་སྤྱོད་ལྟ་བ་དང་མི་འཚམ་པ་སོགས་སྙན་མེར་འཆད་ཉན་བྱེད་མཁན་དག་གིས་ངེས་པར་དུ་མཉམ་འཇོག་བྱེད་དགོས་པ་ཞིག་གོ །

       གཞན་ཡང་། སྙན་ངག་མེ་ལོང་དུ་བསྟན་པའི་རྩོམ་པའི་དགོས་པ་དང་། དགོངས་པ་ཅན་གྱི་རྒྱན་དུ་བསྟན་པའི་རྩོམ་རིག་གི་སྲོག་གམ་དགོས་པ། དོན་སྟོན་སྟངས་དང་ཚིག་སྦྱོར་བྱེད་ཚུལ་དགོངས་པ་ཅན་གྱི་ཁྱད་ཆོས་བཞི། རྩོམ་རིག་སྒྱུ་རྩལ་ལ་ཉེ་བར་མཁོ་བའི་ཉམས་འགྱུར་སྐོར། རྩོམ་གཤིས་ཁ་དམ་ལྷོད་རིགས་གཉིས། རྩོམ་རིག་གི་རྣམ་པའི་དབྱེ་བ་བལྟ་བྱའི་སྙན་ངག་དང་མཉམ་བྱའི་སྙན་ངག་གཉིས། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་སོགས་རྩོམ་རིག་སྐོར་གྱི་གལ་ཆེའི་གཞུང་དོན་རྣམས་ཀྱང་རྒྱུན་འཛིན་གྱི་རིན་ཐང་ཡོད་པ་ཤ་སྟག་ཡིན་ནོ། །

 

གཉིས། ལག་ལེན་དང་ཟུང་འབྲེལ་བྱས་ཏེ་གཞུང་ལུགས་ཁྲིད་སྦྱོང་བྱ་ཐབས།

 

འགྲོ་བ་མིའི་རིགས་རང་ཉིད་ཀྱིས་གསར་བསྐྲུན་བྱས་པའི་རིག་གནས་དཔལ་ཡོན་རྣམས་སྔ་མས་ཕྱི་མར་རིམ་པར་བརྒྱུད་སྤྲོད་བྱས་ཏེ་ད་གཟོད་རིག་གནས་ཀྱི་སྲོལ་རྒྱུན་མ་ལག་གྲུབ་ཅིང་། སློབ་ཁྲིད་ཀྱི་བྱ་བས་རིག་གནས་གཞུང་ལུགས་ཀྱི་སྲོལ་རྒྱུན་མ་ལག་རྒྱུན་འཛིན་དང་རིག་གནས་དེ་མཐུན་གྱི་མི་སྣ་གསོ་སྐྱོང་ཐད་བྱེད་ནུས་གལ་ཆེན་འདོན་ཐུབ། དེར་བརྟེན་བོད་ཀྱི་རིམ་བྱོན་མཁས་པས་རང་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གཉེར་བའི་བྱ་གཞག་ཁྲོད་སློབ་ཁྲིད་ཀྱི་བྱ་བར་ནན་གཙིགས་མཛད་ཡོད། སྙན་ངག་རིག་གནས་ལ་མཚོན་ན། ཤོང་ལོ་ཆེན་པོས་མེ་ལོང་མ་ཚུར་ལེན་བྱས་རྗེས་དཔང་ལོ་ཙཱ་པ་བློ་གྲོས་བརྟན་པས་འགྱུར་བཅོས་དང་གཞུང་བཤད་བརྩམས་ཏེ་འཆད་ཉན་གྱི་སྲོལ་བཏོད་པ་ནས་བཟུང་། བོད་ཀྱི་རིག་གནས་པའི་ཁྲོད་སྙན་གཞུང་འདི་ལ་འཆད་ཉན་གྱི་མཐོ་རླབས་འཕྱུར་ཏེ་ད་ལྟའི་བར་ཁྲིད་རྒྱུན་ཉམས་མེད་དུ་གནས་ཡོད། སྤྱིར་འཆད་ཉན་ལ་བརྟེན་ནས་གཞུང་འདི་ཉིད་ཆ་ཚང་ཞིང་ཡང་དག་པར་རྒྱུན་འཛིན་བྱེད་པར་ཁྲིད་སྦྱོང་ཇི་ལྟར་བྱ་ཐབས་ལ་འབྲེལ་བ་དམ་པོ་ཡོད་པས་འདིར་སྙན་ངག་མེ་ལོང་ཁྲིད་སྦྱོང་བྱ་ཐབས་དང་འབྲེལ་བའི་དོན་གནད་འགའ་བརྗོད་པར་བྱའོ། །

 

          ༡༽ ཁྲིད་དེབ་འདེམས་སྤྱོད་འཚམ་པོ་བྱེད་དགོས་པ། རིག་གནས་སློབ་གསོའི་བྱ་གཞག་ཁྲོད་དགེ་རྒན་གྱི་བྱང་ཚད་དང་སློབ་མའི་དོ་སྣང་གལ་ཆེ་བ་སྨོས་མེད་ཐོག་རིག་ཚན་གང་ཞིག་ཁྲིད་སྦྱོང་བྱེད་ནའང་དེའི་ཁྲིད་དེབ་འདེམས་སྤྱོད་འཚམ་པོ་ཞིག་བྱེད་རྒྱུར་ཡང་གཟབ་གྲུང་བྱེད་དགོས་པ་ཞིག་ཡིན། རང་རེའི་སྙན་ངག་ཕྱོགས་ཀྱི་སློབ་རྟེན་མེ་ལོང་མའི་རྩ་གཞུང་ནི་ཚིགས་བཅད་ཀྱི་རྣམ་པར་ཡོད་ལ། ལེའུ་གསུམ་ག་དྲིལ་བས་གཞུང་ཚད་ཤོ་ལོ་ཀ་དྲུག་བརྒྱ་ང་དྲུག་དང་། ཚིགས་བཅད་རྣམས་ལ་རྐང་པ་རིང་ཐུང་ཅི་རིགས་ཤིག་མཆིས། སྙན་ངག་མེ་ལོང་ཁྲིད་སྦྱོང་བྱེད་སྐབས་རྩ་གཞུང་ཉག་གཅིག་གི་སྒོ་ནས་གཞུང་དོན་བདེ་བླག་ཏུ་རྟོགས་དཀའ་བར་བརྟེན། བོད་ཀྱི་རིམ་བྱོན་མཁས་པས་གཞུང་དེར་རྣམ་བཤད་རྒྱས་བསྡུས་དང་དཔེར་བརྗོད་སོགས་བརྒྱ་ཕྲག་ལོངས་པ་མཛད་ཡོད་པ་ནི་གཙོ་བོ་ཚུལ་འདིར་ཐོས་བསམ་བྱེད་མཁན་དབང་པོ་རབ་འབྲིང་ཐ་གསུམ་གྱི་དགོས་མཁོར་དམིགས་པ་ཞིག་ཡིན། དེ་བས་ན་སློབ་མཁན་གྱི་བསམ་བློའི་གནས་ཚད་ལ་ལྟོས་ཏེ་ཁྲིད་དེབ་འདེམས་སྤྱོད་བྱེད་དགོས་པ་སྟེ། དཔེར་ན། སྙན་ངག་རིག་པར་གསར་སློབ་བྱེད་མཁན་དག་ལ་ཚེ་ཏན་ཞབས་དྲུང་གི་སྙན་ངག་སྤྱི་དོན་དང་། རེབ་གོང་རྡོ་རྗེ་མཁར་གྱི་སྙན་ངག་བྱིས་པ་འཇུག་སྒོ་ལྟ་བུ་འཚམ་ལ། སློབ་གྲྭ་ཁག་གི་ཁྲིད་གཞིར་འཛུགས་རྒྱུར་དུང་དཀར་པའི་སྙན་འགྲེལ་དང་རྡོ་དགོན་གསང་བདག་རྡོ་རྗེའི་མིག་ཡིད་རྣ་བའི་དགའ་སྟོན་ལྟ་བུ་རྒྱས་བསྡུས་དང་ནང་དོན་སོགས་གང་ཐད་ནས་འཚམ་ཤོས་སུ་མཐོང་ལ། ཡིག་རྩ་ཅུང་ལེགས་པའི་དགོན་སྡེ་ཁག་གི་སློབ་གཉེར་པ་སོགས་ཀྱིས་སྔར་སྲོལ་བཞིན་རྒྱལ་དབང་ལྔ་པའི་དབྱངས་ཅན་དགྱེས་གླུ་དང་། བོད་མཁས་པའི་དཎྜིའི་དགོངས་རྒྱན། སྙན་འགྲེལ་ཡང་གསལ་སྣང་མཛོད་ལྟ་བུ་ཁྲིད་གཞིར་བཟུང་ན་ལེགས། དེ་བཞིན་སྙན་མེའི་སྐོར་ལ་སློབ་ཞིབ་རྒྱས་པ་བྱེད་བློ་ཡོད་རིགས་ཀྱིས་འབྲུག་ཁམས་སྤྲུལ་གྱི་དབྱངས་ཅན་ངག་གི་རོལ་མཚོ་དང་བསེ་ཚང་བློ་བཟང་དཔལ་ལྡན་གྱི་ཚངས་སྲས་བཞད་པའི་སྒྲ་དབྱངས་དག་སློབ་ཞིབ་ཀྱི་གཞི་རྟེན་དུ་གཟུང་རིགས་པར་སྙམ།

 

       ༢༽ ཆོས་ཉིད་ཀྱི་གོ་རིམ་གཞིར་འཛིན་དགོས་པ། དུས་རབས་རིམ་པའི་བོད་ཀྱི་རིག་གནས་པའི་ཁྲོད་སྙན་ངག་མེ་ལོང་འཆད་ཉན་གྱི་རྐང་ཚུགས་པ་དང་བསྟུན་དེར་ཐུན་མོང་མ་ཡིན་པའི་འཆད་ཉན་སྤེལ་སྟངས་ཀྱི་རྒྱུན་སྲོལ་ཞིག་ཆགས་ཡོད་པ་ནི། ལེའུ་གཉིས་པ་ཐོག་མར་ཁྲིད་ནས་དེ་རྗེས་ལེའུ་ཐོག་མཐའ་གཉིས་ཁྲིད་པའམ། ཡང་ན་ལེའུ་གཉིས་པ་ཁོ་ན་ཙམ་ཁྲིད་དེ་འཇོག་པ་དེ་ཡིན། གོ་རིམ་དེ་ལྟར་ཁྲིད་པའི་རྒྱུ་མཚན་ནི་མེ་ལོང་མ་ཚིག་རྒྱན་རིག་པའི་གཞུང་ལུགས་ཙམ་ལ་ངོས་བཟུང་སྟེ་དེའི་རྒྱན་གྱི་སྦྱོར་ལུགས་ལྟེ་གནད་དུ་བཟུང་བ་གསལ་ཡང་། རིམ་པ་དེ་ལྟར་ཁྲིད་པས་སྙན་ངག་མེ་ལོང་གི་རྩོམ་རིག་ཕྱོགས་ཀྱི་གནད་དོན་གལ་ཆེན་མང་པོ་ཞིག་ཆུད་གཟན་པར་འགྱུར་བར་མ་ཟད། ལེའུ་གསུམ་གའི་འབྲེལ་བར་བློ་ཁ་མ་ཕྱོགས་པས་སློབ་མའི་སྙན་གཞུང་སྦྱོང་བའི་རེ་འདུན་དང་ཡང་མི་འཚམ་པ་ཤེས་ཐུབ། གཞུང་ཚད་ཀྱི་གྲངས་འབོར་གྱི་ཆ་ནས་མེ་ལོང་མར་རྒྱན་གྱི་རྣམ་གཞག་ཤས་ཆེ་བར་སྣང་ཡང་རྒྱུ་མཚན་དེས་སྙན་ངག་མེ་ལོང་ཚིག་རྒྱན་རིག་པའི་གཞུང་ལུགས་ཙམ་དུ་ཁ་ཚོན་གཅོད་མི་རུང་སྟེ། སྙན་ངག་མེ་ལོང་དུ་ཚིག་རྒྱན་གྱི་ཁོངས་སུ་མ་གཏོགས་པའི་ལུས་དང་སྐྱོན་སེལ་སོགས་རྩོམ་རིག་ཕྱོགས་ཀྱི་གལ་ཆེའི་གནད་དོན་མང་པོ་ཞིག་གསལ་ཡོད་པ་གང་ཞིག དེ་དག་ཀྱང་རྩོམ་གཞུང་སློབ་མཁན་ཞིག་ལ་མཚོན་ན་ངེས་པར་དུ་ཤེས་རྟོགས་དགོས་པའི་གཞུང་དོན་ཤ་སྟག་ཡིན་པས་སོ། སྤྱིར་བྱ་བ་གང་ཞིག་གཉེར་ནའང་དེ་སྒྲུབ་ཀྱི་ལག་ལེན་ལ་འཇུག་པར་ཆོས་ཉིད་ཀྱི་གོ་རིམ་ངེས་ཅན་ཞིག་དང་བསྟུན་དགོས་ཤིང་། བྱེ་བྲག་ཏུ་གཞུང་ལུགས་ཁྲིད་སྦྱོང་ལའང་སློབ་དཔོན་ཐུ་མིས། བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །ཞེས་པ་ལྟར་ཆོས་ཉིད་ཀྱི་གོ་རིམ་ཞིག་གཞིར་བཟུང་སྟེ་ལག་ལེན་བྱེད་དགོས་པ་གདོན་མི་ཟ། དེ་བས་རང་ཅག་གིས་སྙན་ངག་མེ་ལོང་འཆད་ཉན་སྤེལ་སྟངས་ཐད་སྔ་སྲོལ་ལ་དམ་འཛིན་མི་བྱེད་པར་གཞུང་རང་ངོས་ཀྱི་གོ་རིམ་ལྟར་ཐོག་མར་ལེའུ་དང་པོ་དང་དེ་ནས་གཉིས་པ་སོགས་རིམ་པར་ཁྲིད་ན་ཆོས་ཉིད་དང་མཐུན་ཞིང་སློབ་མ་བཀྲི་བའི་དོན་དངོས་གནས་ཚུལ་དང་འཚམ་པར་འདོད། དེའི་རྒྱུ་མཚན་ནི་འབྲུག་སྤྲུལ་སྙན་འགྲེལ་དུ། “ལུས་ནི་རེ་ཞིག་ཅེས་སོགས་ཏེ་རེ་ཞིག་གི་སྒྲ་ནི་རིམ་པའི་དོན་ཏེ། རྒྱན་གྱི་གནས་ཡིན་པའི་ཕྱིར་དང་པོར་ལུས་བཤད་པར་བྱའོ།”༡༧ ཞེས་རིན་ཆེན་དཔལ་གྱི་རྒྱ་འགྲེལ་གྱི་ལུང་དྲངས་ཏེ་རང་ལུགས་སུ་བཟུང་བ་ལྟར། སློབ་དཔོན་དཎྜིས་གཞུང་འདི་དང་ཐོག་སྒྲིག་རྩོམ་སྐབས་ལུས་རྒྱན་སྐྱོན་སེལ་སོགས་རྩོམ་གཞུང་གི་གལ་ཆེའི་ནང་དོན་རྣམས་འཆད་ཉན་གྱི་དགོས་མཁོ་གཞིར་བཟུང་སྟེ་གོ་རིམ་ངེས་ཅན་ཞིག་བསྒྲིགས་ནས་བརྩམས་ཡོད་པར་ངེས་ལ། མེ་ལོང་མའི་དཔྱད་བརྗོད་གྲགས་ཅན་སྙན་ངག་གི་རང་མདངས་གསལ་བ་ཞེས་པར་ཡང་སྙན་མེའི་ལེའུ་དང་པོ་ནི་ལེའུ་ཕྱི་མ་གཉིས་ཀྱི་སྔོན་འགྲོའམ་གླེང་གཞི་ལྟ་བུ་སྟེ་གཞུང་འདིའི་དོན་རྩ་ཡིན་ཚུལ་དང་། ཡོན་ཏན་བཅུ་ནི་རྒྱན་རིག་གཞུང་གི་ཁོག་འབུབས་ཡིན་ཚུལ་རིགས་སྒྲུབ་ནན་ཏན་བྱས་ཡོད་པ། ལྷག་པར་དུ་ལེའུ་དང་པོའི་རྩོམ་པའི་དགོས་པ་དང་། རྩོམ་བཟང་པོ་འབྱུང་བའི་རྒྱུ། རྩོམ་གཤིས། རྩོམ་སྟངས་སོགས་ཀྱི་སྐོར་ནི་རྩོམ་གཞུང་ཁྲིད་སྦྱོང་གི་ཐོག་མ་ཉིད་དུ་ཤེས་དགོས་པ་འབའ་ཞིག་རེད་ལ། ལུས་རྒྱན་གྱི་རྣམ་གཞག་ཁོང་དུ་ཆུད་རྗེས་སྐྱོན་སེལ་གྱི་ཚུལ་ཤེས་གལ་ཆེ་བར་བརྟེན་ལེའུ་གསུམ་པའི་མཇུག་ཏུ་སྐྱོན་གྱི་སྐོར་བསྟན་པའང་རང་དགར་འདོར་མི་རིགས་པས་སོ། །

 

       ༣༽ བླང་དོར་དང་ཁ་གསབ་ཀྱི་ལྟ་ཚུལ་ཡོད་དགོས་པ། སྙན་ངག་མེ་ལོང་བླང་དོར་ཡོད་པའི་སྒོ་ནས་རྒྱུན་འཛིན་བྱེད་དགོས་ཚུལ་སྔར་བརྗོད་པ་ལྟར། ཁྲིད་སྦྱོང་གི་ལག་ལེན་དངོས་ཀྱི་ནང་དོན་འཁྱོལ་བྱེད་རྒྱུ་ནི་གནད་ཀྱི་དོན་པོ་ཡིན། དཔེར་ན། སྙན་ངག་མེ་ལོང་གི་དཔེར་བརྗོད་ཀྱི་ནང་དོན་ལ་རྒྱ་གར་པའི་ཡུལ་གོམས་གཤིས་ལུགས་འདྲེས་པར་མཚོན་ན། དཔེར་བརྗོད་ཀྱི་ནང་དོན་རྟོགས་པ་དང་མི་རིགས་གཞན་གྱི་ཡུལ་གོམས་གཤིས་ལུགས་ལ་རྒྱུས་ཡོད་བྱེད་པ་ཙམ་མ་གཏོགས། དེ་བོད་ཀྱི་རྩོམ་རིག་ནང་སྦྱར་ཚེ་བོད་མིའི་མཛེས་དཔྱོད་ལྟ་བའམ་རིག་གནས་སེམས་ཁམས་དང་མི་མཐུན་གཤིས་བོད་རིགས་མི་མང་གིས་དགའ་མོས་མི་བྱེད་ཚུལ་དགེ་རྒན་གྱིས་གསེད་བཀྲོལ་དང་སློབ་མས་ངོས་ཟིན་ཐོབ་དགོས་པ་ལྟ་བུ། དེ་བཞིན་སྙན་ངག་མེ་ལོང་གི་ལོ་རྒྱུས་ལག་ལེན་ཁྲོད་བོད་ཀྱི་མཁས་པ་ཟུར་མཁར་པ་བློ་གྲོས་རྒྱལ་པོས་སྲོག་གི་བརྡ་ཆད་གསར་གཏོད་བྱས་པས་མཚོན་གཞུང་འདིར་དགོས་ངེས་གསབ་འཇུག་བྱས་ཏེ་འཕེལ་རྒྱས་བཏང་མྱོང་བ་བཞིན། སྙན་ངག་མེ་ལོང་མར་མི་རིགས་གཞན་གྱི་རྩོམ་རིག་གཞུང་ལུགས་ཀྱི་ལེགས་ཆ་དང་བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རྒྱན་སྦྱོར་ལུགས་སོགས་ཁ་གསབ་དགོས་ངེས་བྱས་ཏེ་ཁྲིད་སྦྱོང་བྱེད་ཐུབ་ན་ད་གཟོད་ཕན་ཐོགས་མི་ཆུང་སྙམ།

 

          ༤༽ དཔེར་བརྗོད་ཀྱི་ལག་ལེན་དང་ཟུང་འབྲེལ་བྱ་དགོས་པ། སྤྱིར་ཁ་རྒྱུན་ལ་མཚན་ཉིད་ཀྱི་རིགས་ལམ་ཤེས་མིན་ནི་རྩོད་གྲྭ་ལས་ཁ་བྱང་ཐུབ་མིན་དང་། རིག་གནས་ (ཐུན་མོང་རིག་གནས་ཏེ་གཙོ་བོ་བརྡ་སྤྲོད་དམ་སྙན་ངག་སོགས་སྒྲ་རིག་པའི་སྐོར།) ལེགས་པོ་ཤེས་མིན་ནི་དཔེར་བརྗོད་འཇོག་རྒྱུར་རག་ལས་ཡོད་ཅེས་གསུང་སྲོལ་ཡོད་པ་ལྟར། སྙན་གཞུང་སྦྱོང་བའི་དགོས་པ་གཙོ་བོའང་གཞུང་ལུགས་ཀྱི་ཁྲིད་སྟོན་འོག་ལག་ལེན་ཐོག་ལུས་སྲོག་རྒྱན་གསུམ་ཚང་བའི་རྩོམ་རིག་བརྩམས་ཆོས་ལ་འཇུག་པའི་དམིགས་ཡུལ་མ་གཏོགས་གཞུང་ལུགས་ཀྱི་སྟོང་བཤད་ཙམ་ལ་དམིགས་མཁན་ཡོད་མི་སྲིད། སྙན་གཞུང་ལག་ལེན་ལ་དངོས་འབེབས་བྱེད་དགོས་ན་དཔེར་བརྗོད་འབྲི་རྩོམ་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ་དཔེར་བརྗོད་ཀྱི་ལམ་ནས་རྒྱན་སྦྱོར་ཚུལ་སོགས་ལ་བྱང་གོམས་དགོས་པ་ནི་གནད་ཀྱི་སྙིང་པོ་ཡིན། རྒྱུ་མཚན་དེའི་དབང་གིས་སྔོན་ཆད་སྙན་གཞུང་ཁྲིད་པའི་ལག་རྗེས་ལྟ་བུར་ལེའུ་དང་པོའི་ལམ་རྣམ་པར་དབྱེ་བ་ནས་སྐྱོན་བཅུ་སྤོང་བའི་བར་གྱི་དཔེར་བརྗོད་ཆ་ཚང་ཞིག་རྩོམ་རྒྱུགས་སུ་འབུལ་སྲོལ་ཡང་ཡོད། དེས་ན་སྙན་གཞུང་གི་གོ་རྟོགས་ཅི་ཙམ་ལེགས་རུང་རྩོམ་འབྲིའི་ལག་ལེན་ལ་འཇོན་ཐང་མེད་པ་ཞིག་ཏུ་མི་འགྱུར་ཆེད་སྙན་གཞུང་ཁྲིད་པ་དང་དུས་མཚུངས་དཔེར་བརྗོད་ཀྱི་ལག་ལེན་དང་ཟུང་འབྲེལ་བྱེད་གལ་ཆེ་ཞིང་། དེ་ནི་སྙན་གཞུང་ཁྲིད་སྦྱོང་བྱས་པའི་གྲུབ་འབྲས་ཀྱི་འགན་ལེན་ཡང་ཡིན། དཔེར་བརྗོད་འཇོག་སྟངས་ཀྱི་ཆ་ནས་སྔོན་ཆད་སྙན་ངག་སྨྲ་བ་རིམ་བྱོན་གྱིས་ཚིགས་བཅད་ཀྱིས་བྱས་པ་འབའ་ཞིག་ལས་ཚིག་ལྷུག་གི་དཔེར་བརྗོད་བཞག་པ་མི་སྣང་ཡང་། ཚིག་ལྷུག་ལའང་ཁ་བསྒྱུར་བྱས་ཏེ་ལྷུག་པའི་རྣམ་ཅན་གྱི་དཔེར་བརྗོད་འཇོག་རིགས། སྦྱར་རྒྱན་དང་སྒྲ་རྒྱན་སོགས་ཚིགས་བཅད་ལྟར་ལྷུག་པར་སྦྱོར་མི་བཏུབ་ཀྱང་དཔེ་རྒྱན་དང་གཟུགས་རྒྱན་སོགས་རྒྱན་ཕལ་མོ་ཆེར་རིགས་འགྲེ་བྱེད་ནུས། དཔེར་བརྗོད་ཀྱི་བརྗོད་བྱ་འདེམས་སྟངས་ལ་མཚོན་ནའང་ཟླ་བ་དང་པདྨ་ལྟ་བུའི་འཁོར་རྒྱ་གུ་དོག་ཅིག་ཏུ་བསྐྱར་ཟློས་ཀྱིས་མི་ཚིམ་པར་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱིས་བསྡུས་པའི་སྡེ་བཞིའི་དོན་མཐའ་དག་ལས་གང་དགའ་ཅི་འོས་ཀྱི་བསལ་འདེམས་བྱེད་དུ་བཅུག་ཚེ་དཔེར་བརྗོད་འཇོག་པོའི་བྱ་དངོས་སྣ་ཚོགས་ལ་ལྟ་ཞིབ་ཀྱི་ཆུ་ཚད་མཐོར་འདེགས་ལ་སྨན་པར་མ་ཟད་གཞི་སྣ་ཚོགས་དང་སྦྱར་བའི་རྩོམ་འབྲི་ཐུབ་པར་ཡང་ཕན་ཐོགས་ཡོད་སྙམ། དེ་བཞིན་རྒྱན་སོ་སོའི་མཚན་ཉིད་དང་མཐུན་པར་སྦྱོར་ཐུབ་ཆེད་དཔེར་བརྗོད་ཉུང་འཇོག་བྱེད་དུ་བཅུག་ལ་ལེགས་ཤིང་། ལེའུ་གསུམ་གའི་དཔེར་བརྗོད་འཇོག་ཐུབ་ན་རབ་དང་གལ་སྲིད་དུས་ཚོད་སོགས་ཀྱིས་ལྕོགས་མིན་བྱུང་ཚེ་བྱེ་བྲག་ལ་བརྟེན་ནས་རྒྱན་སོ་སོའི་གཞི་རྩའི་མཚོན་ཐབས་ཤེས་སུ་འཇུག་རྒྱུར་འབད་དགོས་ཏེ། དཔེར་ན། ཆོས་དཔེ་དང་དངོས་དཔེ་གཉིས་ལ་བརྟེན་ནས་དཔེ་རྒྱན་གྱི་གཞི་རྩའི་ཆོས་ཉིད་ཤེས་པ་དང་། བསྡུས་དང་མ་བསྡུས་ཀྱི་གཟུགས་རྒྱན་ལ་བརྟེན་ནས་གཟུགས་རྒྱན་གྱི་རྩ་བའི་མཚོན་ཐབས་ཤེས་ཐུབ་པ་བྱེད་དགོས་པས་མཚོན་ནོ། རྩོམ་འབྲིའི་ལག་ལེན་དངོས་ཀྱི་སྐབས་ཐབས་ཚུལ་ཅི་འདྲར་བརྟེན་ནས་སྐབས་དོན་མཚོན་པ་དང་རྩོམ་ཉམས་ཐོན་པར་བསམ་གཞིག་གཏོང་བ་ལས་རྒྱན་གྱི་མཚན་ཉིད་དུ་འགྲོ་མིན་ལ་དོ་སྣང་བྱེད་སྲོལ་མེད་ཀྱང་སྙན་གཞུང་ཁྲིད་སྦྱོང་གི་དཔེར་བརྗོད་འཇོག་སྐབས་རྒྱན་སོ་སོའི་མཚན་ཉིད་དང་མཐུན་པོ་ཡོང་ཐབས་སུ་འབད་དགོས་པ་སྨོས་སུ་མེད་དོ། །

 

འདིར་སྨྲས་པ།

            དཎྜིའི་སྙན་གཞུང་ངོ་མཚར་ཨ་དར་ཤ །ལོག་སྒྲུབ་གཡའ་ཆུས་མོག་པོར་བྱས་པའི་རྡུལ། །ལྷག་བསམ་གངས་ཀྱི་རི་ལས་ཉེར་བབས་པའི། །དཔྱད་གཏམ་བདུད་རྩིའི་ཆབ་འདིས་དྭངས་པར་བྱས། །དབྱངས་ཅན་མགྲིན་པར་རོལ་པའི་བཤེས་གཉེན་ལས། །མན་ངག་ལི་ཤིའི་ཡལ་འདབ་ཉེར་ཟོས་ཏེ། །ངག་རིག་རི་བོའི་སུལ་ནས་སྒྲེག་པའི་དྲི། །ཁུངས་མེད་ལབ་བརྡོལ་ཕལ་གྱི་དོ་ཟླ་མིན། །འདིར་འབད་ལེགས་བྱས་ཆུ་ཡི་ཟིལ་བ་ཙམ། །མཆིས་ན་གངས་ལྗོངས་རྩོམ་རིག་འཕེལ་ཕྱིར་དང་། །རྨོངས་བཞིན་འོལ་ཚོད་བྱས་པའི་ཉེས་པ་དག །ཚུལ་འདིར་མཁས་པའི་མདུན་སར་གུས་པས་འཆགས། །ཞེས་སྙན་ངག་མེ་ལོང་རྒྱུན་འཛིན་བྱེད་རིགས་པའི་དོན་སྙིང་དང་བྱ་ཐབས་སྐོར་གླེང་བ་རེ་ཞིག་མཇུག་གྲུབ་པར་བྱས་སོ། །སརྦམངྒལཾ།

 

ཟུར་མཆན།

༡༽ མཁན་པོ་སྟོབས་ལྡན་རབ་འབྱམས་པས་མཛད་པའི་སྙན་ངག་མེ་ལོང་གི་ཟིན་ཐོ་དྲན་པའི་གསལ་འདེབས། མཚོ་སྔོན་ལྕགས་པར། ཤོག་ངོས་༢༩༤ བར་གསལ།

༢༽ ཚེ་ཏན་ཞབས་དྲུང་གི་སྙན་ངག་སྤྱི་དོན་དུ་དྲངས་པའི་དཎྜིའི་ངག་རྒྱུན་ལོ་རྒྱུས་གཞིར་བཟུང་ནས་བརྗོད་པ་དང་གཞན་ཡང་ལེགས་སྦྱར་ཤེས་པའི་གྲོགས་རེ་ཟུང་གི་ངག་ལས་ཀྱང་ཐོས།

༣༽ གངས་ཅན་རིག་མཛོད་དེབ་ཕྲེང་གཉིས་པ། བོད་ལྗོངས་ལྕགས་པར། ཤོག་ངོས་༥༩ བར་གསལ།

༤༽ གངས་ཅན་རིག་མཛོད་དེབ་ཕྲེང་བཅུ་པ། བོད་ལྗོངས་ལྕགས་པར། ཤོག་ངོས་༤ བར་གསལ།

༥༽ བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་སྙན་འགྲེལ་དཎྜིའི་དགོངས་རྒྱན། མཚོ་སྔོན་ལྕགས་པར། ཤོག་ངོས་ ༨༩ བར་གསལ།

༦༽ མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི་མི་དབང་རྟོགས་བརྗོད། སི་ཁྲོན་ལྕགས་པར། ཤོག་ངོས་༡༤༢ བར་གསལ།

༧༽ གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་དེབ་ཕྲེང་དགུ་པ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༢༥༩ བར་གསལ།

༨༽ དོར་ཞིའི་དཔྱད་རྩོམ་ཕྱོགས་བསྒྲིགས་མུན་འཇོམས་ནོར་བུའི་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༤༠༥ བར་གསལ།

༩༽ གངས་ཅན་རིག་མཛོད་དེབ་ཕྲེང་གཉིས་པ། བོད་ལྗོངས་ལྕགས་པར། ཤོག་ངོས་༦༧༧ བར་གསལ།

༡༠༽ གངས་ཅན་རིག་མཛོད་དེབ་ཕྲེང་གཉིས་པ། བོད་ལྗོངས་ལྕགས་པར། ཤོག་ངོས་༡༨ པར་གསལ།

༡༡༽ དོར་ཞིའི་དཔྱད་རྩོམ་ཕྱོགས་བསྒྲིགས་མུན་འཇོམས་ནོར་ཕྲེང་དུ་ཚིགས་བཅད་སྡེབ་སྟངས་ཀྱི་ཤེས་བྱའི་རྣམ་གཞག་ཅེས་པ་ཞིག་འབྱུང་ངོ་། །

༡༢༽ འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ། སྡེ་དགེའི་དཔལ་སྤུངས་ཤིང་པར། ཤོག་ངོས་༥༡ ཉ་༥ བར་གསལ།

༡༣༽ གངས་ཅན་རིག་མཛོད་དེབ་ཕྲེང་བཅུ་པ། བོད་ལྗོངས་ལྕགས་པར། ཤོག་ངོས་༢༨༢ བར་གསལ།

༡༤༽ གངས་ཅན་རིག་མཛོད་དེབ་ཕྲེང་གཉིས་པ། བོད་ལྗོངས་ལྕགས་པར། ཤོག་ངོས་༤༦༦ བར་གསལ།

༡༥༽ གངས་ཅན་རིག་མཛོད་དེབ་ཕྲེང་གཉིས་པ། བོད་ལྗོངས་ལྕགས་པར། ཤོག་ངོས་༦༧༧ བར་གསལ།

༡༦༽ བོད་མཁས་པའི་དཎྜིའི་དགོངས་རྒྱན། མཚོ་སྔོན་ལྕགས་པར། ཤོག་ངོས་༤༢༠ བར་གསལ།

༡༧༽ གངས་ཅན་རིག་མཛོད་དེབ་ཕྲེང་གཉིས་པ། བོད་ལྗོངས་ལྕགས་པར། ཤོག་ངོས་༥༥ བར་གསལ།

 

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.