སློབ་དཔོན་ཆེན་མོ་འབྲིང་བ་དཀོན་མཆོག་འཇིགས་མེད།


གླེང་གཞི།


༄༅།། ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་རྒྱ་གར་ལྷོ་ཕྱོགས་བཻདརྦྷའི་མཁས་པ་རྣམས་ཀྱིས་ཚིག་སྦྱོར་སྤྱི་དང་། ལྷག་པར་སྙན་ངག་གི་ཚིག་སྦྱོར་རྣམས་བརྗོད་བདེ་བ་ཞིག་དགོས་པ་ཤིན་ཏུ་གལ་ཆེ་བར་བརྩི་བཞིན་ཡོད་པ་ལྟར། རང་རེའི་བོད་ཀྱི་མཁས་པ་དག་གིས་ཀྱང་བརྗོད་བདེ་བ་ཚིག་སྦྱོར་གྱི་ཡོན་ཏན་ཞིག་ཏུ་རྩི་བཞིན་ཡོད། དེའང་བརྗོད་བདེ་བ་ཡོང་བའི་ཐབས་ནི། མིང་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་ལྷུ་འགྲིག་པ་སོགས་དགོས་པ་སྨོས་མེད་ཐོག གཙོ་བོར་མིང་ཚིག་གི་སྦྱོར་བ་འགྲུབ་པའི་གཞི་ཡི་གེའི་འཇམ་རྩུབ་དང་ལྕི་ཡང་ལ་སོགས་པ་རྣམས་མང་ཉུང་འཚམས་པའི་སྡེབ་སྒྲིག་ལེགས་པ་ཞིག་དགོས་གལ་ཆེ་སྟེ། འཇམ་རྩུབ་མང་ཉུང་མཉམ་པའི་མཉམ་ཉིད་དང་། འཇམ་པ་ཤས་ཆེ་བའི་ཤིན་གཞོན་སོགས་ནི་ལྷོ་ཕྱོགས་བཻདརྦྷའི་མཁས་པ་རྣམས་ཀྱིས་སྙན་ངག་གི་ལམ་གྱི་སྲོག་ཏུ་བཞེད་པའི་ཕྱིར་རོ། །འོ་ན་ཡི་གེའི་འཇམ་རྩུབ་དང་ལྕི་ཡང་ལ་སོགས་པ་དེ་དག་གི་ཁྱད་པར་ཇི་ལྟར་ཡིན་ནམ་ཞེ་ན། སྙན་ངག་མེ་ལོང་དུ་འབྱུང་བ་ནི་རྒྱ་གར་ཡི་གེའི་དབང་དུ་བྱས་པ་ཡིན་པས་བོད་ཡིག་ལ་དེ་ཇི་བཞིན་སྦྱོར་དུ་ཡོད་མེད་སྣ་ཚོགས་ལ་བརྟེན། ཀུན་གཟིགས་ལྔ་པ་ཆེན་པོ་དང་འབྲུག་ཁམས་སྤྲུལ་སོགས་ཀྱིས་སུམ་རྟགས་གཞུང་གི་ཕོ་མོ་མ་ནིང་ལྟར་བོད་ཡིག་རང་གི་དབང་དུ་བྱས་པའི་འཇམ་རྩུབ་དང་ལྕི་ཡང་གི་རྣམ་གཞག་བྱས་ན་ལེགས་པའི་དགོངས་ཚུལ་བཏོན་ཡོད། ཡིན་ནའང་དེའི་ཚུལ་མཁས་པའི་བཞེད་སྲོལ་གཅིག་གྱུར་གཏན་ལ་ཕེབས་པ་ཞིག་ད་ལྟའང་བྱུང་མེད། དེས་ན་འདིའི་སྐོར་ལ་བསམ་གཞིག་དང་གླེང་སློང་བྱ་རྒྱུ་དགོས་གལ་ཆེ་བར་མཐོང་།

 

དང་པོ། སྤྱིར་ཡི་གེ་ལ་འཇམ་རྩུབ་སོགས་ཀྱི་ཁྱད་འབྱེད་དུ་ཡོད་མེད།

 

འཇམ་རྩུབ་དང་ལྕི་ཡང་སོགས་ནི་རེག་བྱའི་ཁྱད་པར་ཡིན་པས། མཉན་བྱ་སྒྲའི་རང་བཞིན་གྱི་ཡི་གེ་ལ་ཁྱད་པར་དེ་དག་སྦྱར་དུ་མེད་པ་ལྟ་བུ་ཡིན་མོད། འོན་ཀྱང་གཟུགས་སྒྲ་སོགས་ཀྱི་ཁྱད་ཆོས་ཕན་ཚུན་སྣོལ་སྦྱོར་བྱེད་པ་མང་དུ་ཡོད་དེ། དཔེར་ན། མཛེས་མི་མཛེས་ནི་གཟུགས་ཀྱི་ཁྱད་པར་ཞིག་ཡིན་ཀྱང་། སྒྲའི་རང་བཞིན་གྱི་ཚིག་སྦྱོར་ལའང་མཛེས་མི་མཛེས་བཤད་དུ་ཡོད་པ་ལྟ་བུ་སྟེ། འདི་རིགས་ནི་སྒྲོ་བཏགས་ཀྱི་རྣམ་པའི་ཐོག་ནས་གཞན་ལ་རིགས་མཚུངས་ཀྱིས་སྦྱར་བ་ཞིག་ཏུ་སྣང་། དེས་ན། འབྲུག་ཁམས་སྤྲུལ་དང་འཇུ་མི་ཕམ་པ་སོགས་༡ཀྱིས་སྐབས་འདིར་འཇམ་པ་དང་། ཡང་བ། སྲོག་ཆུང་། ལྷོད་པ། མཉེན་པ། ཡི་གེ་མཆོག་ཅེས་པ་རྣམས་དོན་གཅིག་ལ་དེ་ལས་ལྡོག་སྟེ་རྩུབ་པ་དང་། ལྕི་བ། སྲོག་ཆེན། དམ་པ། གྱོང་བ། ཡི་གེ་དམན་པ་ཞེས་པ་རྣམས་དོན་གཅིག་ཡིན་པར་གསུངས་པ་བཞིན་ཡི་གེ་ལ་འཇམ་རྩུབ་དང་། ལྕི་ཡང་། སྲོག་ཆེ་ཆུང་། དམ་ལྷོད། གྱོང་མཉེན། མཆོག་དམན་བཅས་ཀྱི་ཁྱད་པར་བཤད་དུ་ཡོད་པ་ཡིན། འོན་ཏེ་འཇམ་པ་དང་ཡང་བ་སོགས་དོན་གཅིག་དང་། རྩུབ་པ་དང་ལྕི་བ་སོགས་དོན་གཅིག་ཏུ་གསུངས་པ་དེ་ཇི་ལྟ་བ་བཞིན་འཐད་དཀའ་བ་འོག་ཏུ་རིམ་པས་འཆད་པར་འགྱུར་ལ། འཇམ་རྩུབ་ལ་སོགས་པའི་བཤད་པ་འདི་དག་རྒྱ་གར་ཡི་གེའི་བཤད་སྲོལ་ལ་བརྟེན་ནས་བྱུང་བ་ཡིན་པས། རྒྱ་ཡིག་གི་འཇམ་རྩུབ་དང་ལྕི་ཡང་གི་རྣམ་གཞག་ཇི་ལྟར་ཡིན་པ་ངེས་པར་ཤེས་གལ་ཆེ།

 

གཉིས་པ། རྒྱ་གར་ཡི་གེའི་འཇམ་རྩུབ་དང་ལྕི་ཡང་།

 

སློབ་དཔོན་ཙནྜ་གོ་མིའི་ཡི་གེའི་མདོར། དང་པོ་དང་གསུམ་པ་དང་ལྔ་པ་རྣམས་དང་། མཐར་གནས་རྣམས་ནི་སྲོག་ཆུང་བ་རྣམས་སོ། ཞེས་བཤད་པས། སྡེ་བ་རྣམས་ཀྱི་དང་པོ་ཀ་ཙ་ཊ་ཏ་པ། གསུམ་པ་ག་ཛ་ཌ་ད་བ། ལྔ་པ་ང་ཉ་ཎ་ན་མ། མཐར་གནས་ཡ་ར་ལ་ལྭ་དང་བཅུ་དགུ་པོ་ནི་སྲོག་ཆུང་ཡིན་ལ། ལྷག་མ། ཁ་གྷ། ཚ་ཛྷ། ཋ་ཌྷ། ཐ་ངྷ། ཕ་བྷ། ཤ་ཥ་ས་ཧ་ཀྵ་སྟེ་བཅོ་ལྔ་པོ་ནི་སྲོག་ཆེན་ཡིན། དེ་ལ་སྲོག་ཆེ་ཆུང་ནི་བརྗོད་པའི་རླུང་ཤུགས་ཆེ་ཆུང་ལ་བྱས་པ་སྟེ། རིན་སྤུངས་ངག་དབང་འཇིག་གྲགས་ཀྱི་སྙན་འགྲེལ་དུ། “ཅིའི་ཕྱིར་སྲོག་ཆེ་ཆུང་གི་ཐ་སྙད་བྱས་སྙམ་ན། སྲོག་གི་རླུང་ཤུགས་ཆེ་ཆུང་ལས་ཐ་སྙད་དེ་ལྟར་དུ་བྱས་སོ།” ཞེས་གསུངས། དེས་ན་སྲོག་གི་རླུང་ཤུགས་ཆུང་བ་རྣམས་སྒྲ་འཇམ་པ་དང་། ཆེ་བ་རྣམས་སྒྲ་རྩུབ་པས་འཇམ་རྩུབ་ཀྱང་དེ་ལྟར་དུ་བཞག་པ་སྟེ། འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་དུ། “ཁ་ནས་བརྗོད་པའི་སྐབས་སུ་སྲོག་གི་རླུང་ཤུགས་ཆུང་ངུར་འབྱིན་པས་ན་ཡི་གེ་འཇམ་པ་དང་།” ཞེས་དང་། “བརྗོད་པའི་ཚེ་ན་སྲོག་གི་རླུང་ཁ་ནས་ཤུགས་ཆེ་བར་འབྱིན་ཅིང་། བརྗོད་པ་གསལ་བ་དང་སྒྲ་རྩུབ་པས་སྲོག་ཆེན་དང་སྦྱོར་བ་རྩུབ་པའམ་ལྕི་བ་ཞེས་བྱ་”ཞེས་གསུངས། སྦྱོར་བ་འཇམ་རྩུབ་ནི་ཡི་གེ་འཇམ་རྩུབ་ལས་བྱུང་བས་དེ་གཉིས་ལ་ཁྱད་པར་ཆེར་མེད་དེ་འོག་ཏུ་འཆད་དོ། །ལྕི་ཡང་ལ་སྦྱོར་བ་ལྕི་ཡང་དང་ཡི་གེ་ལྕི་ཡང་ཞེས་མི་འདྲ་བ་གཉིས་ཡོད་པ་དེ་གཉིས་ནམ་ཡང་བསྲེ་མི་རུང་སྟེ། རིན་སྤུངས་པའི་སྙན་འགྲེལ་དུ། “འདིའི་སྐབས་(ལེའུ་དང་པོའི་སྦྱར་བའི་ཡོན་ཏན་སྐབས་)ཀྱི་ལྕི་བ་ནི་སྦྱོར་བ་ལྕི་བ་ལ་བྱ་ཞིང་། སྡེབ་སྦྱོར་གྱི་ལྕི་བ་ནི་ཡི་གེ་ལྕི་བའོ། དེས་ན་སྦྱོར་བ་ལྕི་བ་དང་ཡི་གེ་ལྕི་བ་མི་འདྲ་ཞིང་། སྦྱོར་བ་ལྷོད་པ་དང་ཡི་གེ་ཡང་བ་ཡང་འདྲ་བ་མ་ཡིན་ནོ།” ཞེས་གསུངས་ཏེ། རྒྱལ་དབང་ལྔ་པ་དང་བོད་མཁས་པ་སོགས་ཀྱིས་ཀྱང་དེ་ཇི་བཞིན་དུ་གསུངས། དེས་ན་སྦྱོར་བ་ལྕི་ཡང་ནི་ཡི་གེ་རེ་རེ་བའི་ལྕི་ཡང་མིན་པར་ཡི་གེའི་ཚོགས་པའམ་ངག་སྦྱོར་ལྕི་ཡང་སྟེ། དེ་ནི་ཡི་གེ་འཇམ་རྩུབ་དང་ལྕི་ཡང་འདུས་པའི་ཁྱད་པར་ཡིན་པས། ཡི་གེ་ལྕི་ཡང་འདུས་པས་སྦྱོར་བ་ལྕི་ཡང་དུ་འགྱུར་བ་ནི་སྨོས་མེད་ཡིན་ལ། འདིར་གཙོ་བོར་ཡི་གེ་འཇམ་རྩུབ་ཀྱིས་སྦྱོར་བ་ལྕི་ཡང་གི་ཁྱད་པར་འོང་བ་དེ་ཡིན། དེའང་སྤྱིར་བཏང་ཙམ་ལ་འཇམ་པའི་ཡི་གེ་འདུས་པ་སྦྱོར་བ་འཇམ་ཞིང་ཡང་བ་དང་། རྩུབ་པའི་ཡི་གེ་འདུས་པ་སྦྱོར་བ་རྩུབ་ཅིང་ལྕི་བས། ཡི་གེ་འཇམ་རྩུབ་དང་སྦྱོར་བ་འཇམ་རྩུབ། སྦྱོར་བ་འཇམ་རྩུབ་དང་སྦྱོར་བ་ཡང་ལྕི་ཞེས་པ་རྣམས་ཕལ་ཆེར་དོན་གཅིག་ཏུ་འབབ་ཀྱང་། ཡི་གེ་འཇམ་རྩུབ་དང་ཡི་གེ་ཡང་ལྕི། སྦྱོར་བ་ལྕི་ཡང་དང་ཡི་གེ་ལྕི་ཡང་རྣམས་དོན་སོ་སོ་བ་ཡིན། དེའང་སྦྱོར་བ་ལྕི་ཡང་ནི་དཔེར་ན། ལྷོ་ཕྱོགས་བཻདརྦྷའི་ལུགས་ཀྱི་སྦྱར་བའི་ཡོན་ཏན་གྱི་རྩ་བའི་རྒྱ་དཔེར། མཱ་ལ་ཏཱི་དཱ་མ། ལཾ་གྷི་ཏཾ་བྷ྄་ར་མ་རཻཿ (ཛཱ་ཏིའི་མེ་ཏོག་ཕྲེང་། བུང་བ་རྣམས་ཀྱིས་འཁོར་ཞིང་ལྡིང་།།) ཞེས་པ་འདིར་སྲོག་ཆེན་གྷ་བྷ་གཉིས་ལས་མེད་པས་སྦྱོར་བ་ཡང་བ་ཡིན་དགོས་ཚོད་ཀྱང། མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་སྦྱོར་བ་ལྕི་བར་གསུངས། འོན་ཀྱང་ལྕི་བའི་རྒྱུ་མཚན་ལ་ཅུང་མི་མཐུན་ཏེ། རིན་སྤུངས་པ་དང་རྒྱལ་དབང་ལྔ་པ་སོགས་ཀྱིས། ༢ སྲོག་ཆེན་གྱི་ཡི་གེ་མང་དུ་ཚོགས་ཤིང་ཤས་ཆེ་བས་ཡིན་གསུངས་ཀྱང་། སྲོག་ཆེན་ལས་སྲོག་ཆུང་མང་བ་མངོན་སུམ་ཡིན་པས་བོད་མཁས་པས་བཀག་པ་ ༣ ལྟར་མི་འཐད་པ་བདེན་མོད། བོད་མཁས་རང་གིས་ཀྱང་འགྲེལ་པར། “སྲོག་ཆེན་གྷ་དང་བྷ་གཉིས་ཙམ་ཡོད་པས་སྦྱོར་བ་ལྕི་བར་བྱས་པའོ།” ཞེས་པ་ཙམ་ལས་གསལ་བོར་མ་གསུངས་ལ། འབྲུག་སྤྲུལ་གྱིས་ནི། སྲོག་ཆུང་མང་ཡང་སྲོག་ཆེན་འདྲེས་པས་འདོན་པའི་སྐབས་སུ་སྲོག་ཆེན་གྱི་སྒྲ་ཤུགས་ཆེ་བས་ཡིན་པར་སི་ཏུས་བཞེད་གསུངས། ༤ འཇུ་མི་ཕམ་པས་སྲོག་ཆུང་ལའང་དབྱངས་རིང་པོ་སོགས་ལྡན་ཚེ་སྲོག་ཆེན་དང་འདྲ་བར་གསུངས་ ༥ ཀྱང་། སྡེབ་སྦྱོར་གྱི་ཡི་གེ་ལྕི་ཡང་དང་བསྲེས་པར་སྣང་བས་མི་འཐད་སྙམ། གང་ལྟར་སྲོག་ཆེན་རྩུབ་པའི་ཡི་གེའི་སྟོབས་ཀྱིས་ངག་ལ་ལྕི་བའམ་ཚེགས་ཀྱིས་བརྗོད་དགོས་པའི་ངག་སྦྱོར་ལ་སྦྱོར་བ་ལྕི་བ་ཞེས་བྱ། འོན་ཀྱང་སྲོག་ཆེན་གྱི་ཡི་གེ་ཡོད་པའི་ངག་སྦྱོར་ཡིན་ཚད་སྦྱོར་བ་ལྕི་བའི་ངེས་པ་མེད་དེ། ལྷོ་བའི་ཤིན་གཞོན་ཡང་སྲོག་ཆུང་མང་ལ་སྲོག་ཆེན་བླང་བ་གོང་གི་སྦྱར་བ་དང་འདྲ་ལ། ཁྱད་པར་ནི་འདོན་པའི་ཚེ་སྲོག་ཆུང་གི་སྒྲ་ཤུགས་ཆེ་བར་འབྱུང་བ་དེ་ཡིན་ཞིང་། དེའི་དབང་གིས་སྦྱོར་བ་ཡང་ལྷོད་པའམ་ཡང་བར་ཆགས་པ་ཡིན། དེ་ལྟར་ན་སྲོག་ཆེན་ཉུང་ལ་སྲོག་ཆུང་མང་བའི་ངག་སྦྱོར་ལ་སྦྱོར་བ་ལྕི་ཡང་གཉིས་འབྱུང་། སྲོག་ཆུང་ཤ་སྟག་འདུས་ཚེ་སྦྱོར་བ་ལྷོད་པའི་སྐྱོན་དུ་འགྲོ་སྟེ། མེ་ལོང་མར། གང་ཕྱིར་ཐམས་ཅད་མཉེན་པ་ནི། །སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད། ཅེས་གསུངས་ལ། དེ་ལས་ལྡོག་ཚེ་སྐྱོན་ཡང་དེ་ལས་ལྡོག་པ་འབྱུང་བ་གོ་དགོས་སོ། །


ཡི་གེ་ལྕི་ཡང་ནི། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། “དབྱངས་ཐུང་ངུ་ནི་ཡང་བ་དང་ལ་སྟེ་དྲང་པོའོ། རྐང་པའི་མཐའ་རྣམས་སུ་མང་པོ་ཞིག་ལྕི་བ་དང་ག་སྟེ་འཁྱོག་པོའོ། དབྱངས་དང་བྲལ་བའི་གསལ་བྱེད་ལས་སྔ་མའོ། རིང་པོ་དང་པླུ་ཏ་ཉིད་ཀྱང་ངོ་།” ཞེས་གསུངས་པའི་ཐད་ཀྱི་སྨིན་གླིང་ལོ་ཆེན་ངྷརྨ་ཤྲཱིའི་འགྲེལ་པར། “ཕ་རོལ་ཏུ་ཡི་གེ་བརྩེགས་མ་དང་། རྣམ་བཅད་དང་། ང་རོ་རྣམས་མེད་པའི་དབྱངས་ཐུང་ངུ་རྣམས་ལ་ནི་ཡང་བ་ཞེས་གྲགས་ཏེ།” ཞེས་དང་། སྤྱིར་ཐུང་ངུ་ལ་ཡིག་ཡིན་ཀྱང་རྐང་པའི་མཐའ་རྣམས་སུ་ཡོད་པའི་དབྱངས་ཐུང་ངུ་མང་པོ་ཞིག་ཀྱང་ལྕི་བ་དང་།” ཞེས་དང་། “ཕ་རོལ་ན་དབྱངས་དང་བྲལ་བ་ཧ་ལན་ཏའི་མཚན་མ་ཅན་གྱི་གསལ་བྱེད་དམ་གསལ་བྱེད་བརྩེགས་པ་ཡོད་ནའང་དེ་ལས་ཚུ་རོལ་སྔ་མའི་ཡི་གེ་ཐུང་ངུ་དེའང་ལྕི་བའོ། དབྱངས་རིང་ཆ་དང་འགྲེང་བུ་རྣ་རུ་ཅན་ཏེ་རིང་པོ་རྣམས་དང་པླུ་ཏའི་རྟགས་ཅན་ཤིན་ཏུ་རིང་པོ་ཉིད་ནི་གནས་སྐབས་ཐམས་ཅད་དུ་ལྕི་བ་ཡིན་ལ། དེར་མ་ཟད་རྣམ་བཅད་དང་རྗེས་སུ་ང་རོ་ཅན་རྣམས་ཀྱང་ལྕི་བའོ།” ཞེས་གསུངས། དེ་དག་གི་དོན་མདོར་བསྡུས་ན། དབྱངས་ཐུང་ངུ་ཅན་རྣམས་ཡང་བ་དང་། རིང་པོ་དང་ཤིན་ཏུ་རིང་པོ་ཅན་རྣམས་ལྕི་བ་ཡིན་ལ། ལྕི་བར་ག་དང་ཡང་བར་ལ་ ༦ ཞེས་བརྡ་སྦྱར་ཏེ་པྲསྟཱ་རའི་རི་མོའང་འཁྱོག་པོ་དང་དྲང་པོར་འབྲི། འོན་ཀྱང་རིང་པོ་དང་ཤིན་ཏུ་རིང་པོ་རྣམས་གནས་སྐབས་ཐམས་ཅད་དུ་ལྕི་བ་ཡིན་ཀྱང་། ཐུང་ངུ་རྣམས་དེ་ལྟར་མ་ཡིན་ཏེ། ཕ་རོལ་ཏུ་ཧ་ལན་ཏའི་མཚན་མ་ཅན་གྱི་གསལ་བྱེད་དང་། གསལ་བྱེད་བརྩེགས་མ་དང་། རྣམ་བཅད་དང་། ཀླད་དུ་རྗེས་སུ་ང་རོ་རྣམས་བྱུང་ཚེ་དབྱངས་ཐུང་ངུ་ཅན་རྣམས་ཀྱང་ལྕི་བར་འགྱུར་ལ། དེར་མ་ཟད་སྡེབ་སྦྱོར་གྱི་དབང་གིས་མཉམ་པའི་བྲྀཏྟ་ལས་ཡི་གེ་བཅུ་གཅིག་པ་སུམ་བསྔགས་ཀྱི་བྱེ་བྲག་དབང་རྡོར་ལ་སོགས་པ་འགའ་ཞིག་གི་རྐང་མཐའི་ཐུང་ངུ་ཡང་ལྕི་བར་འགྱུར། བརྩེགས་མ་རྣམས་ནི་རང་གི་དབྱངས་རིང་ཐུང་དང་ཕ་རོལ་ཏུ་རྣམ་བཅད་སོགས་ཡོད་མེད་ལ་བལྟ་བ་ལས། རང་ཉིད་བརྩེགས་མ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ལྕི་བར་འཇོག་པ་མེད་དོ། འདིར་བཤད་པའི་དབྱངས་རིང་ཐུང་ནི། ཨ་ཨི་ཨུ་རྀ་ལྀ་སྟེ་ཐུང་ངུ་ལྔ་དང་། ཨཱ་ཨཱི་ཨཱུ་རཱྀ་ཨེ་ཨཻ་ཨོ་ཨཽ་སྟེ་རིང་པོ་བརྒྱད། ཨ྅་ཨི྅་ཨུ྅་རྀ྅་ལྀ྅་ཨེ྅་ཨཻ྅་ཨོ྅་ཨཽ྅་སྟེ་པླུ་ཏའི་མཚན་མ་ཅན་ཤིན་ཏུ་རིང་པོ་དགུ་བཅས་དབྱངས་ཡིག་ཉི་ཤུ་རྩ་གཉིས་ཡིན། འདིར་ལྀ་ལ་ཐུང་ངུ་དང་པླུ་ཏ་ཅན་མ་གཏོགས་རིང་ཆ་ཅན་མེད་པས། སྒྲའི་མཚམས་སྦྱོར་སྐབས་སུའང་ “ལྀ་ལ་རིང་པོ་མེད་པའི་གནད་ཀྱིས་ཕྱིས་” ཞེས་པའི་མདོ་བྱུང་ངོ་། །
དེ་ལྟར་རྒྱ་གར་ཡི་གེའི་འཇམ་རྩུབ་ནི་སྲོག་སྟེ་དབུགས་ཤུགས་ཆེ་ཆུང་དང་། ལྕི་ཡང་ནི་གཙོ་བོར་དབྱངས་རིང་ཐུང་ལས་ཕྱེས་པས་སོ་སོའི་ཡི་གེ་ཐ་དད་དུ་གྲུབ་པར་བརྟེན་དེ་གཉིས་དོན་གཅིག་ཏུ་གཟུང་མི་རུང་ལ། དམ་ལྷོད་དང་གྱོང་མཉེན་སོགས་ནི་དེ་ལྟའི་འགྲེལ་བཤད་དམིགས་བསལ་བ་དང་ཆ་ཚང་བ་རེ་ཡོད་པ་ཞིག་མིན་ཀྱང་། སྙན་ངག་མེ་ལོང་དུ་བརྡ་ཆད་དེ་དག་ཟུར་ཙམ་རེ་འབྱུང་བས། ༧ ཕྱིས་ནས་བོད་ཀྱི་མཁས་པ་རྣམས་ཀྱིས་བརྟགས་ཏེ་རིམ་པས་ཕྱོགས་གཅིག་དོན་གཅིག་ཏུ་བསྒྲིགས་པར་མངོན་ཀྱང་ཞིབ་ཆ་ཕྲན་བུ་རེ་འབྱེད་རྒྱུ་ཡོད་དེ་གཤམ་དུ་འོང་ངོ་། །


གསུམ་པ། བོད་ཡིག་གི་འཇམ་རྩུབ་དང་ལྕི་ཡང་སོགས་བཤད་པ།


གོང་དུ་བཤད་མ་ཐག་པ་ལྟར་རྒྱ་ཡིག་གི་འཇམ་རྩུབ་དང་ལྕི་ཡང་འཇོག་ཚུལ་མི་འདྲ་བ་བཞིན་དུ། རིག་པ་དེ་ལ་བརྟེན་པའི་བོད་ཡིག་གི་འཇམ་རྩུབ་དང་ལྕི་ཡང་འཇོག་ཚུལ་ཡང་མི་འདྲ་སྟེ། ྋརྒྱལ་དབང་ལྔ་པ་དང་འབྲུག་ཁམས་སྤྲུལ་སོགས་ཀྱི་དགོངས་པ་ལྟར་ན་རྟགས་འཇུག་གི་ཕོ་མོ་མ་ནིང་ལྟར་སྒྲ་རྩོལ་དྲག་ཞན་གྱིས་བཞག་སྟེ་དྲག་པ་ཕོ་རྣམས་རྩུབ་པའམ་ལྕི་བ་དང་། ཞན་པ་མོ་རྣམས་འཇམ་པའམ་ཡང་བར་འཇོག་དགོས་པས། ཀ་ལྟ་བུ་རྩུབ་པ་དང་ས་ལྟ་བུ་འཇམ་པའི་ཡི་གེར་འགྱུར་ལ། མ་ནིང་རྣམས་གང་དུ་འཇོག་ཆ་ཡང་མ་འཚལ་མོད། དེ་གང་ལྟར་ཀྱང་རྒྱ་ཡིག་གི་ཀ་འཇམ་པ་དང་བོད་ཡིག་གི་ཀ་རྩུབ་པ་ཡིན་དགོས་པའི་རྒྱུ་མཚན་ཅི་ཡང་མ་མཐོང་སྟེ། རྒྱ་གར་དང་བོད་ཀྱི་ཡི་གེའི་ཀློག་ཚུལ་དང་སྒྲ་གདངས་ཕལ་ཆེར་འདྲ་བས། རྒྱ་གར་གྱི་ཀ་དབུགས་ཤུགས་ཆུང་བའི་སྲོག་ཆུང་འཇམ་པ་ཡིན་པ་ལྟར། བོད་ཀྱི་ཀ་ཡང་དེ་ཇི་བཞིན་ལས་ཁྱད་པར་གང་ཡང་མེད་པ་མངོན་སུམ་ཡིན་པའི་ཕྱིར། དེས་ན་ཀ་ལྟ་བུ་འཇམ་རྩུབ་ཕྱེས་པའི་འཇམ་པ་དང་། ཕོ་མོ་ཕྱེས་པའི་ཕོ་ཡིན་པ་ལ་འགལ་བ་གང་ཡང་མེད་དེ། ཕོ་མོའི་རྣམ་གཞག་ནི་སྒྲ་དྲག་ཞན་དང་བྱེད་རྩོལ་གྲིམ་ལྷོད་ཀྱི་སྒོ་ནས་བྱས་ལ། འཇམ་རྩུབ་ནི་སྒྲ་ལ་རྩུབ་རེག་ཡོད་མེད་དེ། དེའང་དབུགས་ཤུགས་ཆེ་ཆུང་དང་མཐུན་པར་ཡོད་པའི་སྒོ་ནས་བཞག་པས་ཕོ་མོ་དང་འཇམ་རྩུབ་གཉིས་འཇོག་ཚུལ་ཤིན་ཏུ་ཐ་དད་པ་ཡིན། ལར་ནས་སྒྲ་གདངས་དྲག་པོ་ཡིན་པ་རྣམས་དབུགས་ཤུགས་ཀྱང་ཆེན་པོ་ཡིན་དགོས་པ་ནི་མ་ཡིན་ཏེ། སྒྲའི་ང་རོ་འདྲེན་ཚུལ་འཆད་པ་ན་ཕོ་ཡིག་རྣམས་དབུགས་སྟོབས་ཆུང་ངུས་སྒྲ་དྲག་པའི་ཚུལ་གྱིས་གདོན་དགོས་པར་ཨ་ལ་ཤའི་མཁས་པའི་ཁ་རྒྱན་དང་གསེར་ཏོག་སུམ་འགྲེལ་སོགས་ ༨ སུ་བཤད་པའི་ཕྱིར་རོ། དེ་ལྟ་བས་ན། རྟགས་འཇུག་ལྟར་མཛད་པའི་བཞེད་དགོངས་དེར་བསྟུན་ནས་འཇུ་མི་ཕམ་པ་དང་ཨ་ལགས་ཚེ་ཏན་ཞབས་དྲུང་སོགས༩་ཀྱིས་བསྒྲགས་དགྱེས་བཀད་བསྐྱོད་ལྟ་བུ་ཡི་གེ་རེ་རེ་བ་སྲོག་ཆུང་ཡིན་ཀྱང་མགོ་འདོགས་འཕུལ་རྟེན་གྱི་དབང་གིས་སྒྲ་དྲག་པོར་སོང་བ་རྣམས་ལྕི་བ་དང་རྩུབ་པའི་ཡི་གེ་དང་། མཁའ་ལྟ་བུ་སྔོན་རྗེས་ཀྱི་དབང་གིས་སྒྲ་ཞན་པར་སོང་བས་ཡང་བ་དང་འཇམ་པའི་ཡི་གེར་བསྡུ་དགོས་ཚུལ་གསུངས་པ་ནི་སྲོག་དབུགས་ཆེ་ཆུང་དང་སྒྲ་དྲག་ཞན་གྱིས་འཇོག་ཚུལ་གཉིས་བསྲེས་པར་འདུག་པས་མི་ལེགས་ཏེ། དེ་བསྲེས་པས་སྦྱོར་བ་ལྕི་ཡང་དང་ཡི་གེ་ལྕི་ཡང་གཉིས་ཀྱང་འདྲེས་པར་འགྱུར་བས་དབྱེ་བ་སོ་སོའི་རྣམ་གཞག་ཕན་ཚུན་འཛིངས་ཤིང་འཁྲུགས་པའི་སྐྱོན་འབྱུང་བ་གོང་གི་དཔེར་བརྗོད་ (བསྒྲག་སོགས་) འགོད་ཚུལ་ལས་གསལ་བོར་མཐོང་ཐུབ། དུང་དཀར་ཚང་གིས་འགལ་འདུ་འབྱུང་ཚུལ་གསུངས་ ༡༠ པའང་དེ་གཉིས་བསྲེས་པའི་སྐྱོན་ཏེ། དབྱེ་ཚུལ་དེ་དག་དབྱེ་སྒོ་ཐ་དད་པའི་ལམ་ཐ་དད་དུ་བཏང་ན་འགལ་བ་འདུ་བའི་སྐབས་ཅུང་ཟད་ཀྱང་མེད་དོ། དེས་ན་འཇམ་རྩུབ་དང་ལྕི་ཡང་ལ་སོགས་པ་དེ་དག་སོ་སོའི་རྣམ་པར་གཞག་པ་ཇི་ལྟར་ཡིན་ཅུང་ཞིབ་པར་གླེང་བ་ལ།


ཀ༽ སྲོག་ཆེན་དང་སྲོག་ཆུང་། དེ་ལ་སྲོག་ཅེས་པ་ནི་སྐབས་འདིར་ཡི་གེ་སོ་སོའི་སྒྲ་དང་ལྷན་ཅིག་ཏུ་འབྱུང་བའི་དབུགས་ལ་བྱ་ཞིང་། སྨྲ་སྒོ་རྩ་འགྲེལ་དུ་ཡི་གེའི་རྒྱུ་བདུན་བཤད་པའི་ནང་བཱ་ཡ་ཏ་དང་ནིཿཤྭཱ་སྭ྄ཱ་ཞེས་པའི་རླུང་གཉིས་ཡོད་པའི་ཕྱི་མ་དེ་འདི་ཡིན་ཏེ། འདི་ལ་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བྱ། དེ་ཡང་སྨྲ་སྒོར། སྐྱེས་བུ་དང་ནི་བཞོན་པ་བཞིན། །ལྷན་ཅིག་འབྱུང་རྒྱུ་ནིཿཤྭཱ་སྭཱ། །ཞེས་དང་། འགྲེལ་པར། “དཔེར་ན་སྐྱེས་བུ་རྟ་ལ་ཞོན་ན་སྐྱེས་བུ་དེ་རྟ་ལ་བརྟེན་ཅིང་རྟ་དང་ལྷན་ཅིག་འབྱུང་བ་བཞིན་དུ། སྒྲ་རྣམས་དབུགས་ལ་བརྟེན་ནས་དབུགས་དང་ལྷན་ཅིག་འབྱུང་བས་ནིཿཤྭཱ་སྭཱའི་རླུང་ལ་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བྱའོ།” ཞེས་གསུངས། དེ་ལྟའི་དབུགས་དེའི་ཤུགས་ཆེ་ཆུང་ལས་སྲོག་ཆེ་ཆུང་གི་དབྱེ་བ་ཕྱེ་བ་ཡིན་པར་རིན་སྤུངས་པ་དང་སི་ཏུ་པཎ་ཆེན་སོགས༡༡་ཀྱིས་གསུངས་པ་ལྟར་ཡིན་པས། བོད་ཡིག་ལ་མཚོན་ན། འཇུ་མི་ཕམ་པའི་སྙན་འགྲེལ་དུ། ཀ་ག་ང་། ཅ་ཇ་ཉ། ཏ་ད་ན། པ་བ་མ། ཙ་ཛ་ལྭ། འ་ཡ་ར་ལ་ཨ་སྟེ་ཉི་ཤུ་ནི་སྲོག་ཆུང་དང་། ཁ་ཆ་ཐ་ཕ་ཚ། ཞ་ཟ་ཤ་ས་ཧ་སྟེ་བཅུ་ནི་སྲོག་ཆེན་དུ་གསུངས་ལ། ཨ་ལགས་ཚེ་ཏན་ཞབས་དྲུང་སོགས་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཀྱང་དེ་ལྟར་བཞེད་མོད། འོན་ཀྱང་སི་ཏུའི་སུམ་རྟགས་འགྲེལ་ཆེན་དུ། “སྒྲ་ཕྱིར་དབྱུང་བའི་ཚེ་དབུགས་ཆེ་ཆུང་གི་ཁྱད་པར་གྱིས། ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྲོག་ཆེན་དང་། ཡི་གེ་ལྷག་མ་རྣམས་སྲོག་ཆུང་དང་།” ཞེས་ཨ་སྲོག་ཆེན་དུ་གསུངས་པ་སོགས་གཞན་དང་ཅུང་མི་འདྲ་ཞིང་། དབྱངས་ལ་ནི་མཁས་པ་གཞན་གྱི་བཤད་པ་མ་མཐོང་། བཞེད་ཚུལ་དེ་དག་ལས་གང་འཐད་ཁ་ཚོན་གཅོད་དཀའ་ཡང་། རྟགས་འཇུག་སྐབས་མིང་གཞི་དང་སྔོན་རྗེས་སོ་སོའི་སྒྲ་རྩོལ་དྲག་ཞན་གྱི་ཁྱད་པར་བཤད་པ་ན་སི་ཏུའི་གསུང་ཚུལ་རྣམས་མཁས་པ་མང་ཆེ་བས་འཐད་ལྡན་དུ་བརྩི་བ་ལྟར། ཡི་གེའི་སྒྲ་དང་འབྲེལ་བ་འདི་རིགས་ལ་ཁོང་མཁྱེན་རྩལ་གཞན་ལས་ཆེ་བས་བདེན་ཁ་ཁོང་ལ་སྦྱིན་པར་འདོད། ཨ་ཀྱཱ་ཡོངས་འཛིན་གྱི་རྟགས་འཇུག་སོགས་སུ་ཡི་གེ་ཕོ་མོའི་ཁྱད་པར་འབྱེད་སྐབས་བརྗོད་པའི་རླུང་ཤུགས་གྲིམ་ལྷོད་ཅེས་གསུངས་ ༡༤ པ་ནི་ཅུང་རྩིང་སྟེ། ཕོ་མོའི་ཁྱད་པར་ནི་སྒྲ་རྩོལ་གྱིས་འབྱེད་པ་ལས་རླུང་ཤུགས་ཀྱིས་འབྱེད་མི་ནུས་པའི་ཕྱིར་ཏེ། རླུང་ཤུགས་ཀྱིས་ཕྱེ་ཚེ་སྲོག་ཆེན་དང་སྲོག་ཆུང་དུ་འགྱུར་བའི་ཕྱིར་རོ། འཇུ་མི་ཕམ་པས་སྲོག་ཆུང་ལ་སྒྲ་མེད་དང་སྲོག་ཆེན་ལ་སྒྲ་ལྡན་ཞེས་གསུངས་ ༡༥ པ་སྒྲ་ལྡན་སྒྲ་མེད་ཀྱི་དབྱེ་ཚུལ་དང་མི་མཐུན་ཏེ་འོག་ཏུ་འཆད་དོ། །


ཁ༽ འཇམ་པ་དང་རྩུབ་པ། ཀུན་གཟིགས་ལྔ་པའི་དབྱངས་ཅན་དགྱེས་གླུར། སངས་རྒྱས་ཀྱི་བཀས། ཁྱོད་ཀྱིས་སྨྲས་ཞེས་པ་ལྟ་བུ་རྩུབ་པ་དང་། གསུང་མཉན་ཞེས་པ་ལྟ་བུ་ལྷོད་པ་སྟེ། ཙནྜ་གོ་མིའི་ཡི་གེའི་མདོར་བཤད་པའི་ཡི་གེ་འཇམ་རྩུབ་དང་མི་མཐུན་ཀྱང་། སུམ་རྟགས་ནས་བཤད་པའི་ཕོ་མོའི་རྣམ་གཞག་བོད་སྐད་ཀྱི་གདངས་ལ་བརྟེན་ནས་རྒྱ་དཔེ་དང་འདྲ་མཚུངས་སུ་སྦྱོར་བ་ལེགས་ཚུལ་གསུངས། ༡༦ འབྲུག་ཁམས་སྤྲུལ་སོགས་ ༡༧ ཀྱིས་ཀྱང་དེ་ལེགས་པར་འདོད་མོད། འོན་ཀྱང་དེ་ལྟར་སྦྱོར་ཐུབ་ཀྱི་མེད། མི་ཐུབ་པའི་རྒྱུ་མཚན་ཡང་ཕོ་མོ་དང་འཇམ་རྩུབ་དབྱེ་སྟངས་མི་འདྲ་བས་ཡིན་ཏེ་བཤད་ཟིན་དང་འཆད་འགྱུར་ལྟར་རོ། དེས་ན་འདི་ནི་ཡི་གེ་སོ་སོའི་སྒྲའི་འཇམ་རྩུབ་ལས་ཕྱེ་བ་ཡིན་ལ། དེའང་རྒྱ་ཡིག་ལ་སྲོག་ཆུང་འཇམ་པ་དང་སྲོག་ཆེན་རྩུབ་པར་བཞག་པ་ལྟར། བོད་ཡིག་ལའང་མཁས་པ་རྣམས་ཀྱིས་དེ་ལྟར་བཞག་པ་འཐད་ལྡན་དུ་སྣང་སྟེ། དབུགས་ཤུགས་ཆེ་བ་རྣམས་སྒྲ་རྩུབ་པ་དང་། ཆུང་བ་རྣམས་སྒྲ་འཇམ་པར་གྲུབ་པ་ཀ་དང་ཁ་གཉིས་བསྡུར་བས་ཀྱང་ཤེས་ཏེ། སྒྲའི་འཇམ་རྩུབ་ནི་སྒྲ་ལ་རྩུབ་རེག་ཡོད་མེད་ལས་གདངས་ཀྱི་དྲག་ཞན་ལ་བལྟ་རྒྱུ་མིན་ནོ། འདིར་སི་ཏུའི་ལུགས་ཀྱི་སྲོག་ཆེན་ལས་ཨ་ཨི་ཨུ་ཨེ་ཨོ་རྣམས་སྒྲ་འཇམ་པར་མངོན་སུམ་དུ་གྲུབ་པས་འཇམ་ཡིག་ཏུ་བཞག་ན་ལེགས་ཤིང་། དེས་སྲོག་ཆེན་ཡིན་པ་དང་འགལ་བའང་མི་འགྲོ་སྟེ་འཇོག་བྱེད་ཐ་དད་པའི་ཕྱིར་རོ། །


ག༽ ལྕི་བ་དང་ཡང་བ། གོང་དུ་བརྗོད་ཟིན་ལྟར་རྒྱ་གར་ཡི་གེའི་ལྕི་ཡང་ནི་དབྱངས་རིང་ཐུང་དང་ཕ་རོལ་ཏུ་གསལ་བྱེད་སྲོག་མེད་དང་རྣམ་བཅད་སོགས་ཡོད་མེད་ཀྱིས་ཕྱེས་པ་ཡིན་མོད། བོད་ཡིག་ལ་དབྱངས་རིང་ཐུང་སོགས་ཀྱི་རྣམ་གཞག་དེ་མེད་པས་དེ་ལྟར་འབྱེད་དུའང་མེད་ལ། མཁས་པ་འགས་བོད་ཡིག་ལ་ལྕི་ཡང་གི་བརྡ་སྦྱར་དུ་མེད་པར་ཡང་འདོད། འོན་ཀྱང་རིགས་མཚུངས་ཀྱིས་བཞག་ན་འཇོག་གཏན་མི་ཐུབ་པ་ཞིག་ཀྱང་མ་ཡིན་ལ། ཚིག་སྦྱོར་ལེགས་པོ་སྤེལ་བ་ལ་དགོས་མཁོའང་ཡོད་པས་བོད་ཡིག་རང་གི་ཁྱད་ཆོས་ཐོག་ནས་ལྕ་ིཡང་ཕྱེ་ཐུབ་ན་དགེ་མཚན་ཡོད་སྙམ།
དེ་ལ་ད་སྔ་མཁས་པའི་བཞེད་ཚུལ་ཕྱོགས་གཉིས་ཏེ། གཅིག་ནི་རིན་སྤུངས་པའི་སྙན་འགྲེལ་དུ། “བོད་ལ་ནི་ཡི་གེ་ལྕི་ཡང་གི་ཐ་སྙད་མ་གྲགས་ཀྱང་། རྒྱ་གར་གྱི་རིག་པས་གཞལ་ཏེ། ལྕི་ཡང་གི་རྣམ་པར་གཞག་པ་ཙམ་བྱས་ན། འགྲེང་བུ་ཅན་དང་། ན་རོ་ཅན་དང་། མཐའ་རྟེན་ཅན་རྣམས་ལྕི་བ་དང་། དེ་ལས་ལྡོག་པ་རྣམས་ཡང་བར་རིགས་པས་འགྲུབ།” ཅེས་གསུངས་པ་འདི་ཡིན་ཞིང་། ད་བར་དུ་ཕལ་མོ་ཆེ་འདིའི་རྗེས་སུ་འབྲང་བཞིན་ཡོད། བཞེད་ཚུལ་གཞན་གཅིག་ནི། གོང་དུ་རྒྱལ་དབང་ལྔ་པས་འཇམ་རྩུབ་དབྱེ་སྟངས་གསུངས་པའི་དགོངས་པ་དེ་ལྕི་ཡང་ལའང་དེ་བཞིན་འཁྱེར་རྒྱུ་ཡིན་མིན་ཞལ་མི་གསལ་ཡང་ཕལ་ཆེར་འཁྱེར་དགོས་པ་འདྲ། འབྲུག་སྤྲུལ་གྱིས་ནི་འདི་ཡང་རྟགས་འཇུག་གི་ཕོ་མོ་ལྟར་འཇོག་པ་ལེགས་པར་བཞེད་ལ། ༡༨ འཇུ་མི་ཕམ་སོགས་ ༡༩ ཀྱིས་འཇམ་རྩུབ་སྲོག་ཆེ་ཆུང་གིས་ལོགས་སུ་བཞག་ནས་འཇམ་རྩུབ་དང་ཡང་ལྕི་རྣམ་གྲངས་སུའང་བཤད་མོད། འོན་ཀྱང་རྟགས་འཇུག་གི་ཕོ་མོ་ལྟར་སྒྲ་དྲག་ཞན་གྱིས་ལྕི་ཡང་འཇོག་པར་ཡང་བཞེད་ནས། བསྒྲགས་དང་བསྐྱོད་སོགས་སྦྱོར་བ་ལྕི་ཡང་ཅན་རྣམས་ཡི་གེ་ལྕི་ཡང་དུ་བཞག་ཡོད་པ་གོང་དུ་དྲངས་ཟིན་ལྟར་ཏེ་བཞེད་ཚུལ་གཅིག་དེ་ཡིན་ནོ། །
བཞེད་ཚུལ་དེ་དག་གི་རིག་པས་དཔག་སྟེ་གསང་བདག་རྡོ་རྗེ་ཟེར་བས། རྟགས་འཇུག་ལྟར་སྒྲ་དྲག་ཞན་གྱིས་དབྱེ་མི་ཐུབ་པར། རྗེས་འཇུག་གིས་སྒྲ་ལྕི་ཡང་དུ་འགྱུར་བའི་ཆ་ནས་དབྱེ་དགོས་པ་དང་། དེའང་ག་ད་བ་ས་བཞིའི་རྗེས་འཇུག་དང་ད་སའི་ཡང་འཇུག་ཅན་རྣམས་ལྕི་བ་དང་། ང་ན་མ་ར་ལའི་མཐའ་ཅན་རྣམས་ཡང་བ་སྟེ། ཡང་བའི་ནང་དུའང་ལྕི་བར་འགྱུར་བ་འགའ་ཞིག་ཡོད་པར་བཤད། ༢༠ འདི་ཡང་དོན་གྱིས་སྒྲ་དྲག་ཞན་དང་སྦྱོར་བ་ལྕི་ཡང་སོགས་བསྲེས་ཏེ་ཕྱེས་པར་སྣང་། གཉའ་བློ་གྲོས་རྒྱལ་མཚན་གྱིས། བརྗོད་དཀའ་ལ། རྩོལ་བ་དྲག་པ། རླུང་ཤུགས་ཆེ་བ་རྣམས་ལྕི་བ་དང་། དེ་ལས་ལྡོག་པ་རྣམས་ཡང་བར་བྱས་ཏེ་གསལ་བྱེད་དང་མགོ་འདོགས་ཅན་ཀུན་ལ་ལྕི་ཡང་གི་ཁྱད་པར་ཕྱེས་འདུག་ཀྱང་། ༢༡ སྦྱོར་བ་ལྕི་ཡང་དང་ཕོ་མོ་དང་སྲོག་ཆེ་ཆུང་སོགས་ཀྱི་འབྱེད་ཆོས་ཐམས་ཅད་གཅིག་ཏུ་བསྲེས་འདུག་པས་འདིར་ཞིབ་ཏུ་མ་དྲངས། དེ་ལྟར་ལྕི་ཡང་འཇོག་སྟངས་ལ་རྩ་བའི་ཆ་ནས་བཞེད་ཚུལ་ཁག་གཉིས་ཡོད་པ་དེར་བསྐྱར་ཞིབ་ཅིག་བྱས་ན། བཞེད་ཚུལ་དང་པོ་ནི་རྒྱ་གར་ཡི་གེ་ལ་རིགས་འགྲེ་སྦྱར་བ་ཙམ་ཁོ་ནར་ཟད་པས་བོད་ཡིག་རང་གི་ཐོག་ནས་རྒྱུ་མཚན་ཇི་བཞིན་བཤད་དུ་མེད་དེ། བོད་ཡིག་གི་དབྱངས་འགྲེང་བུ་དང་ན་རོ་ཅན་ལྕི་ལ་གི་གུ་དང་ཞབས་ཀྱུ་ཅན་ཡང་བའི་རྒྱུ་མཚན་སོ་སོར་བགྲང་དུ་མེད་དེ་དབྱངས་བཞིའི་སྒྲ་ཡང་ལྕི་འདྲ་ལ་རིང་ཐུང་གི་ཁྱད་པར་མེད་པས། ཡང་ན་ཡང་མཉམ་དང་ལྕི་ན་ལྕི་མཉམ་ཡིན་དགོས་པ་དང་། རྗེས་འཇུག་ཅན་རྣམས་སྒྲ་ལྕི་བར་འཇོག་པ་ཡང་དེ་དང་འདྲ་སྟེ། གལ་སྲིད་གནས་བྱེད་ཀྱི་རྣམ་འགྱུར་གསལ་བའི་ཡི་གེ་གཉིས་སམ་གསུམ་སོགས་འདུས་པས་ཡིན་ན་ནི། རྗེས་འཇུག་དངོས་སུ་མེད་པའི་(འ་མཐའ་དངོས་སུ་མེད་པ་རྣམས་རྗེས་འཇུག་མེད་པའི་གྲས་སུ་བརྩིས་གནང་ཡོད།) མགོ་འདོགས་ཅན་རྣམས་ཀྱང་ལྕི་བར་ཅིའི་ཕྱིར་མི་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། བཞེད་ཚུལ་གཉིས་པ་ཡང་འཐད་དཀའ་ཚུལ་གོང་གི་དཔྱད་པ་སྔ་ཕྱི་དག་གིས་རྟོགས་ནུས་ལ། རྒྱུ་མཚན་གཙོ་བོ་ནི། སྒྲ་རྩོལ་དྲག་ཞན་གྱིས་ཕོ་མོའི་དབྱེ་བ་མ་གཏོགས་ལྕི་ཡང་གི་ཁྱད་པར་འབྱེད་མི་ཐུབ་པའི་ཕྱིར་ཏེ། ལྕི་ཡང་ནི་གཙོ་བོར་དབྱངས་རིང་ཐུང་གིས་ཕྱེ་བ་ཡིན་པ་ལས་སྒྲའི་གདངས་དྲག་ཞན་གྱིས་ཕྱེ་བ་མིན་པ་རྒྱ་གར་གྱི་ལྕི་ཡང་འབྱེད་ཚུལ་ལ་བལྟས་ན་ཤིན་ཏུ་གསལ་བའི་ཕྱིར་རོ། དེ་ལ་འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་༢༢སོགས་སུ་རྒྱ་གར་གྱི་ཡི་གེ་ལྕི་བ་རྣམས་སྒྲ་མཐོ་ཞིང་ཡང་བ་རྣམས་སྒྲ་དམའ་ཚུལ་གསུངས་པ་ཅི་ཞེ་ན། དེ་ནི་དབྱངས་རིང་ཐུང་སོགས་ཀྱི་དབང་གིས་སྒྲའི་རྣམ་པ་ལ་རིང་ཐུང་གི་མཐོ་དམའ་བྱུང་བ་ལས་སྒྲའི་གདངས་ལ་མཐོ་དམའམ་དྲག་ཞན་ཐོན་པ་མིན་ཏེ། སྒྲའི་རིང་ཐུང་གི་མཐོ་དམའ་ཡང་རིང་བ་རྣམས་མཐོ་ཞིང་ཐུང་བ་རྣམས་དམའ་བ་ཡིན། དེའི་རྒྱུ་མཚན་ཡང་། སྣར་ཐང་ལོ་ཙཱ་བའི་སྔགས་བཀླག་ཐབས་ལས། ཡི་གེ་ཐུང་བ་གཅིག་ཡུན་བཀླག །རིང་བ་གཉིས་ཀྱི་ཡུན་དུ་བཀླག །ཤིན་ཏུ་རིང་བ་གསུམ་ཡིན་བཀླག །པླུ་ཏ་ཏ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་ལྟར། དབྱངས་ཐུང་བ་རྣམས་མིག་འཛུམ་གཅིག་གམ་སེ་གོལ་གཅིག་གི་ཡུན་དང་། རིང་བ་རྣམས་གཉིས་ཀྱི་ཡུན། ཤིན་ཏུ་རིང་བ་དང་པླུ་ཏ་རྣམས་གསུམ་གྱི་ཡུན་དུ་བཀླག་དགོས་པ་དེས་སྒྲའི་རྣམ་པ་ལ་རིང་ཐུང་གི་མཐོ་དམའ་བྱུང་བ་ཡིན་པས་ལྕི་བ་རྣམས་མཐོ་ལ་ཡང་བ་རྣམས་དམའ་བར་གྲུབ། དེས་ན་རང་གི་བསམ་ཚུལ་ལ། བོད་ཡིག་ལ་དབྱངས་རིང་ཐུང་སོགས་རྒྱ་གར་གྱི་རྣམ་གཞག་དེ་འདྲ་མེད་པས་རྒྱ་ཡིག་ཇི་བཞིན་དབྱངས་རིང་ཐུང་སོགས་ཀྱིས་ལྕི་ཡང་འཇོག་ཏུ་མེད་ཀྱང་། སྒྲའི་རྣམ་པ་རིང་ཐུང་གི་ཁྱད་པར་དེ་བོད་ཡིག་ལའང་རིགས་མཚུངས་ཕྱོགས་ཙམ་བྱེད་དུ་ཡོད་པས་དེའི་ཆ་ནས་ལྕི་ཡང་གི་རྣམ་གཞག་བྱས་ན་མི་འགྲིག་པ་མེད་སྙམ། དེའང་ཡི་གེ་རྣམས་བརྗོད་པའི་ཚེ་ཕྱི་རོལ་ཏུ་སྒྲ་འཐོན་ཆེ་ཆུང་གི་དབྱེ་བས་སྒྲ་ལྡན་སྒྲ་མེད་གཉིས་སུ་དབྱེ་བ་འབྱེད་པ་དེ་ལ་གཞི་བཅོལ་ནས། སྒྲ་འཐོན་ཆེ་བ་རྣམས་རིང་བའམ་མཐོ་བ་དང་འཐོན་ཆུང་བ་རྣམས་ཐུང་བའམ་དམའ་བར་བཞག་ན་དོན་དུའང་དེ་འདྲའི་རིང་ཐུང་ཞིག་ཡོད་པས་རྒྱུ་མཚན་དང་ལྡན་ལ། དབྱེ་བདེ་བ་དང་རྟོགས་སླ་བ་དང་དབྱེ་སྒོ་གཞན་དང་མི་འཁྲུག་པ་སོགས་ཀྱི་དགེ་མཚན་ཡང་ཆེ་སྙམ། འོ་ན་སྒྲ་ལྡན་སྒྲ་མེད་ཀྱི་ཡི་གེའི་ཁྱད་པར་ཇི་ལྟར་ཞེ་ན། སི་ཏུའི་སུམ་རྟགས་འགྲེལ་ཆེན་ལས། “དེ་ལའང་(སྒྲ)འཐོན་ཆེ་ཆུང་གི་དབྱེ་བས་ག་ང་ཇ་ཉ་ད་ན་བ་མ་ཛ་ལྭ་འ་ཡ་ར་ལ་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྒྲ་ལྡན་དང་། ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཞ་ཟ་ཤ་ས་རྣམས་སྒྲ་མེད་དང་” ཞེས་གསུངས་པ་ལྟར་རོ། དེས་ན་ཁོ་བོས་སྒྲ་ལྡན་ག་སོགས་ལྕི་བ་དང་སྒྲ་མེད་ཀ་སོགས་ཡང་བར་འདོད་པ་ཡིན་ལ། མགོ་འདོགས་དང་འཕུལ་རྟེན་ཅན་སོགས་ཀྱང་མིང་གཞི་གཙོ་བོ་དེའི་ལྕི་ཡང་ལ་བལྟའོ། གཞན་ཡང་། འབྲུག་ཁམས་སྤྲུལ་གྱིས་སྙན་ངག་ལེའུ་དང་པོའི་བརྗིད་པའི་ཡོན་ཏན་སྐབས་བོད་ཡིག་ལ་རྒྱ་ཡིག་བཞིན་ལྕི་ཡང་གི་རྣམ་གཞག་བྱས་ཆོག་ཀྱང་པྲསྟཱ་ར་ཁུངས་མེད་པས་འགོད་མི་རུང་བ་དང་། དེའང་ལྕི་བ་ལ་ཡང་བའི་པྲསྟཱ་ར་ཕོག་པ་ལྟ་བུའང་གོ་སྲིད་གསུངས་པ་ནི། ༢༣ ལྕི་ཡང་དང་འཇམ་རྩུབ་སོགས་ཀྱི་དབྱེ་སྒོ་གཅིག་ཏུ་བསྲེས་ཚེ་དེ་འདྲ་ཞིག་ཡིན་མཆི་ཡང་། འདི་ལྟར་དབྱེ་སྒོ་ཐ་དད་པར་ཕྱེས་ཚེ་པྲསྟཱ་ར་འགོད་མི་རུང་བ་ཅི་ཡང་མེད་དོ་སྙམ། གོང་དུ་འཇུ་མི་ཕམ་པས་སྲོག་ཆེན་ལ་སྒྲ་ལྡན་དང་སྲོག་ཆུང་ལ་སྒྲ་མེད་ཅེས་གསུངས་པ་དེ་དབྱེ་སྒོ་ཐ་དད་པ་གཉིས་གཅིག་ཏུ་བྱས་པའི་སྐྱོན་ཅན་ཏེ། སྲོག་ཆེན་སྲོག་ཆུང་ནི་དབུགས་ཆེ་ཆུང་དང་སྒྲ་ལྡན་སྒྲ་མེད་ནི་སྒྲ་ཐོན་ཆེ་ཆུང་གིས་བཞག་པ་ཡིན་པས། དེ་གཉིས་གཅིག་ཏུ་བྱར་མེད་པ་སི་ཏུ་པཎ་ཆེན་གྱི་གསུང་དེས་གསལ་བར་བསྟན་ཏོ། །


ང༽ དམ་པ་དང་ལྷོད་པ། ཅ༽ གྱོང་བ་དང་མཉེན་པ། ཆ༽ ཡི་གེ་མཆོག་དང་ཡི་གེ་དམན་པ། དམ་ལྷོད་ལ་བྱེད་རྩོལ་དམ་ལྷོད་དང་སྦྱོར་བ་དམ་ལྷོད་གཉིས་འབྱུང་བའི་བྱེད་རྩོལ་དམ་ལྷོད་ནི། རྟགས་འཇུག་སྐབས་ཀྱི་ཡི་གེ་ཕོ་མོའི་འབྱེད་ཆོས་བྱེད་རྩོལ་གྲིམ་ལྷོད་དེ། གསེར་ཏོག་སོགས་ཀྱིས་དེ་ལ་བརྗོད་ཚུལ་དམ་ལྷོད་ཅེས་ཀྱང་གསུངས་ཡོད་པ་དེའོ། སྦྱོར་བ་དམ་ལྷོད་ནི་སྦྱོར་བ་འཇམ་རྩུབ་དང་འདྲ་བར་སྲོག་ཆེན་མང་བ་སྦྱོར་བ་དམ་ལ་སྲོག་ཆུང་མང་བ་སྦྱོར་བ་ལྷོད་པ་ཡིན། གྱོང་མཉེན་ཡང་དེ་བཞིན་ཚེགས་ཀྱིས་བརྗོད་དགོས་པའི་ངག་སྦྱོར་ལ་སྦྱོར་བ་གྱོང་བ་དང་དེ་ལས་ལྡོག་པ་ལ་སྦྱོར་བ་མཉེན་པ་སྟེ། སྦྱོར་བ་འཇམ་རྩུབ་དང་དོན་གཅིག ཡི་གེ་མཆོག་དམན་ཞེས་པ་ནི་དབུ་ཅན་དབུ་མེད་ལ་ཀློག་དཀའ་སླའི་དབང་གིས་ཡིག་དཀར་ཡིག་ནག་ཅེས་ཅིག་ཤོས་དཀར་པོ་བཟང་པོ་དང་ཅིག་ཤོས་ནག་པོ་ངན་པ་ཡིན་པ་ལྟ་བུར་བཏགས་པ་ལྟར། ངག་ནས་བརྗོད་དཀའ་སླའི་ཁྱད་པར་གྱིས་རྩུབ་པ་སྲོག་ཆེན་རྣམས་ལ་ཡི་གེ་དམན་པ་དང་འཇམ་པ་སྲོག་ཆུང་རྣམས་ལ་ཡི་གེ་མཆོག་ཅེས་བཏགས་པ་ཙམ་སྟེ། ཡི་གེ་རང་གི་ངོ་བོའི་ཆ་ནས་མཆོག་དམན་གྱི་ཁྱད་པར་ཡོད་པ་མིན་ནོ། །

 

བཞི་པ། དཔྱད་དོན་གྱི་སྙིང་པོ་བསྡུས་ཏེ་མཇུག་བསྡུ་བ།


གོང་དུ་རྒྱ་གར་ཡི་གེའི་འཇམ་རྩུབ་དང་ལྕི་ཡང་ཕྱེ་སྟངས་ཀྱི་རིག་པས་གཞལ་ཏེ་བོད་ཡིག་ལ་དེ་དག་ཇི་ལྟར་དབྱེ་ཚུལ་དཔྱད་པ་ཅུང་ཟད་བཏང་བའི་སྙིང་པོར། འཇམ་རྩུབ་རྒྱ་ཡིག་དང་ཕལ་ཆེར་ཕྱོགས་མཚུངས་སུ་འཇོག་འོས་ཀྱང་། ལྕི་ཡང་ནི་བོད་ཡིག་རང་གི་ཁྱད་ཆོས་ལ་གཞིགས་པའི་འཇོག་བྱེད་གཞན་ཞིག་གིས་གསར་དུ་འཇོག་དགོས་པར་མཐོང་། དེ་དང་ཆབས་ཅིག་སྲོག་ཆེ་ཆུང་དང་ལྕི་ཡང་དང་ཕོ་མོ་ལ་སོགས་པ་རྣམས་དབྱེ་སྒོ་གཅིག་གི་སྒོ་ནས་ཐམས་ཅད་དབྱེ་ཐུབ་པ་ཞིག་ཀྱང་མིན་པར། ཕལ་ཆེ་བར་འབྱེད་ཆོས་མི་འདྲ་བ་རེ་ཡོད་པས་དེ་ཀུན་དོན་གཅིག་ཏུའང་མ་གྲུབ་ལ། འཇམ་རྩུབ་སོགས་ལ་ཕྱོགས་གཉིས་ཁོ་ན་ལས་བར་མ་དབྱེ་སྲོལ་ཡང་མི་འདུག འདིར་དེ་དག་གི་ཚུལ་རྟོགས་སླ་བའི་ཆེད་གཟིགས་བདེའི་རེའུ་མིག་ཅིག་གཤམ་དུ་བཀོད་ཡོད་ལ། གོང་འོག་ཀུན་ཏུ་དཔྱད་པ་དོན་ལ་མ་རེག་པ་ཡོད་སྲིད་མོད་བློ་ལྡན་རྣམས་ལ་དཔྱད་གཞིའི་ཚུལ་དུ་ཕུལ་བ་ཡིན་པས། རིག་པ་འཕེལ་བའི་དགོངས་འཆར་བརྗེ་རེས་ཡོང་བར་ཞུ། །

2016.3

ཟུར་མཆན།
༡༽ འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ། ལྷ་སའི་ལྕགས་པར་མའི་ཤོག་ངོས་ ༡༡༧
འཇུ་མི་ཕམ་པའི་སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ། ཤིང་པར་མའི་ཤོག་ངོས་ ༢༤
ཚེ་ཏན་ཞབས་དྲུང་གི་སྙན་ངག་སྤྱི་དོན། ཀན་སུའུ་ལྕགས་པར་མའི་ཤོག་ངོས་ ༣༦
དུང་དཀར་པའི་སྙན་འགྲེལ་ཚིག་རྒྱན་རིག་པའི་སྒོ་འབྱེད། མཚོ་སྔོན་ལྕགས་པར་མའི་ཤོག་ངོས་ ༧༩
བསེ་ཚང་གི་ཚངས་སྲས་བཞད་སྒྲའི་ ༤༥ སོགས་སུ་གསལ།
༢༽ སྙན་འགྲེལ་མི་འཇིགས་སེངྒེའི་ངོ་རོ། མཚོ་སྔོན་ལྕགས་པར་མའི་ཤོག་ངོས་ ༤༥
སྙན་འགྲེལ་དབྱངས་ཅན་དགྱེས་གླུ། རྔ་པའི་ལྕགས་པར་མ་ཤོག་ངོས་ ༢༧
༣༽ པཎྜི་ཊའི་དགོངས་རྒྱན། མཚོ་སྔོན་ལྕགས་པར་མ་ཤོག་ངོས་ ༡༥༣་་༡༥༤
༤༽ སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ། ༡༡༨
༥༽ སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ། ༢༥ སྙན་འགྲེལ་ཡང་གསལ་སྣང་མཛོད་དུའང་འདི་བཞིན་གསུངས།
༦༽ གུ་རུ་ལྕི་བ་དང་ལ་གྷུ་ཡང་བ་ལ་འཇུག་པའི་ཐོག་མ་གཉིས་བརྗོད་དེ། ལྕི་བར་ག་དང་ཡང་བར་ལ་ཞེས་བརྡ་སྦྱར་ཞིང་། གུའི་ཨུ་ཡང་ཕྱིས་པའོ། །
༧༽ སྙན་ངག་མེ་ལོང་དུ། སྦྱར་བ་སྲོག་ཆུང་ཡི་གེ་མཆོག །ལྷོད་པ་ཉིད་ཀྱིས་མ་རེག་པའོ། ཞེས་དང་། གང་ཕྱིར་ཐམས་ཅད་མཉེན་པ་ནི། །སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད། །ཅེས་སོགས་ཀྱི་ཚིག་ཟུར་དུ་འབྱུང་ངོ་། །
༨༽ ཨ་ལ་ཤའི་མཁས་པའི་ཁ་རྒྱན། པེ་ཅིན་ལྕགས་པར་མའི་ཤོག་གྲངས་ ༡༣ གསེར་ཏོག་སུམ་འགྲེལ། མཚོ་སྔོན་ལྕགས་པར་མའི་ཤོག་ངོས་ ༤༥
༩༽ སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ། ༣༨ སྙན་ངག་སྤྱི་དོན། ༣༧ ཚངས་སྲས་བཞད་སྒྲ། ༤༤
༡༠༽ སྙན་འགྲེལ་ཚིག་རྒྱན་རིག་པའི་སྒོ་འབྱེད། ༧༨
༡༡༽ རིན་སྤུངས་པའི་སྙན་འགྲེལ། ༤༤ སི་ཏུའི་སུམ་འགྲེལ། མཚོ་སྔོན་ལྕགས་པར་མ་ཤོག་ངོས་ ༡༡༧
༡༢༽ སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ། ༢༤
༡༣༽ ཚེ་ཏན་ཞབས་དྲུང་གི་སྙན་ངག་སྤྱི་དོན། ༣༦ དུང་དཀར་སྙན་འགྲེལ། ༧༨ ཚངས་སྲས་བཞད་སྒྲ། ༤༤
༡༤༽ སུམ་རྟགས་དཔེ་དཀོན་ཕྱོགས་བསྒྲིགས། མཚོ་སྔོན་ལྕགས་པར་མ་ ༡༦༣
༡༥༽ མཆན་ཨང་ ༡༢ དང་མཚུངས།
༡༦༽ དབྱངས་ཅན་དགྱེས་གླུ། རྔ་པའི་ལྕགས་པར་ཤོག་ངོས་ ༣༤
༡༧༽ འབྲུག་སྤྲུལ་སྙན་འགྲེལ། ༡༤༡ བསེ་ཚང་གི་སྙན་འགྲེལ། ༤༤་་༤༥ དུང་དཀར་སྙན་འགྲེལ། ༧༨
༡༨༽ སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོའི་ཤོག་ངོས་ ༡༦༨
༡༩༽ མཆན་ཨང་ ༩ པ་དང་མཚུངས།
༢༠༽ སྙན་འགྲེལ་མིག་ཡིད་རྣ་བའི་དགའ་སྟོན། ལྷ་སའི་ལྕགས་པར་མའི་ཤོག་ངོས་ ༡༡༠་་༡༡༥
༢༡༽ སྙན་ངག་གི་རང་མདངས་གསར་པ། ཀན་སུའུ་ལྕགས་པར་མའི་ཤོག་ངོས་ ༢༤༢་་༢༤༧
༢༢༽ སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོའི་ཤོག་ངོས་ ༡༦༣ སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོའི་ཤོག་ངོས་ ༤༠
༢༣༽ སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོའི་ཤོག་ངོས་ ༡༦༨ བཅས་སུ་གསལ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.