སྐྱེས་སར་ཀླུ་སྒྲུབ།

སྔོན་འགྲོའི་གླེང་གཞི།

༄༅།། དེ་ཡང་དེང་སང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གཏན་ཚིགས་རིག་པ་དར་ཁྱབ་ཆེན་པོ་བྱུང་སྟེ་རིགས་སོ་སོའི་སློབ་གྲྭ་ཁག་ཏུའང་གཏན་ཚིགས་རིག་པའི་སློབ་ཚན་རྩ་འཛུག་བྱས་པ་དང་ཆབས་ཅིག་དེ་སྐོར་ལ་ཞིབ་འཇུག་བྱེད་མཁན་ཡང་གང་མང་ཐོན་བཞིན་པའི་སྐབས་འདིར་བོད་རིག་པ་མཁས་ཅན་ཁག་ཅིག་གིས་ཕྱོགས་གླང་དང་ཆོས་གྲགས་སོགས་སངས་རྒྱས་ཆོས་ལུགས་པས་བྱས་པའི་གཏན་རིག་གཞུང་ལུགས་དེ་དག་སངས་རྒྱས་ཆོས་གཞུང་དུ་འདོད་འོས་མིན་ཐད་དགོངས་ཚུལ་གང་མང་འདོན་བཞིན་ཡོད་སྟབས་ད་ལམ་གུས་པས་ཀྱང་གནད་དོན་འདི་དང་འབྲེལ་བའི་དཔྱད་གཞིའི་གྲོས་མོལ་འགའ་ཞུ་འདོད་བྱུང་། དེ་ལ་ཐོག་མར་གཏན་རིག་གཞུང་ལུགས་ཀྱི་མགོ་ཁུངས་གང་ཡིན་དང་སངས་རྒྱས་ཆོས་ལུགས་ཁྲོད་དུ་གཏན་རིག་གཞུང་ལུགས་ཇི་ལྟར་དར་ཚུལ། ཕྱིས་སུ་གཞི་གང་ཞིག་ལ་བརྟེན་ནས་གཏན་རིག་གཞུང་ལུགས་དེ་དག་སངས་རྒྱས་ཆོས་གཞུང་དུ་འདོད་འོས་མིན་གྱི་དགོངས་ཚུལ་ཐོན་པ་བཅས་གནད་དོན་འདི་གསུམ་གྱི་ཐོག་ནས་བལྟ་བར་བྱའོ། །

 

 


༡༽ གཏན་རིག་གཞུང་ལུགས་ཀྱི་མགོ་ཁུངས་གང་ཡིན།
          སྤྱིར་གཏན་ཚིགས་རིག་པ་ནི་ཐུན་མོང་གི་ཤེས་བྱ་ཞིག་ཡིན་སྟབས་ཆོས་ལུགས་དང་རིགས་རུས་ཀྱི་དབྱེ་འབྱེད་སྒོས་གཏན་རིག་གཞུང་ལུགས་སློབ་ཆོག་མིན་གྱི་བཀག་རྒྱ་མེད་ལ་དེ་ལྟའི་གཞུང་ལུགས་གང་ཡང་ཆོས་ལུགས་དང་གྲུབ་མཐའ་གང་གི་ཁོངས་སུ་ཡང་དམིགས་ཀྱིས་གཏོགས་པར་བྱ་བ་མེད། དེ་ཡང་གཏན་རིག་གཞུང་ལུགས་ཐད་ལ་སྐད་ཆ་ཤོད་སྐབས་ང་ཚོའི་བློ་མཐུན་འགའ་ཞིག་ལ་ནོར་དོགས་འབྱུང་སྲིད་པ་ནི་གཏན་ཚིགས་རིག་པ་དང་དེའི་གཞུང་ལུགས་གཉིས་ཀྱི་ཁྱད་པར་མ་ཕྱེས་བས་ནོར་དོགས་ཅིག་འབྱུང་རྒྱུ་དེ་རེད། དེའི་ཐད་ལ་ཞིབ་ཏུ་དཔྱད་ན་གཏན་ཚིགས་རིག་པ་ནི་གནའ་བོའི་མུ་སྟེགས་པའི་ཆོས་ལུགས་དར་སྐབས་ནས་ཡོད་ཀྱང་སྐབས་དེར་གཏན་རིག་གཞུང་ལུགས་ཚད་ལྡན་དེ་འདྲ་མེད་ཚོད་ཡིན། ད་ནས་ཡར་བརྩིས་ན་ལོ་ཉིས་སྟོང་ལྔ་བརྒྱ་ཞེ་ལྔའི་ (༢༥༤༥) སྔོན་ནས་གཏན་ཚིགས་རིག་པའི་དར་སྲོལ་ཆེ་ནའང་གཏན་རིག་གཞུང་ལུགས་དངོས་ནི་ཕྱིས་ཀྱི་ཕྱི་རོལ་པའི་སྟོན་པ་གླང་སྐྱེས་སོགས་ཀྱིས་བརྩམས་པའི་གཏན་རིག་གཞུང་ལུགས་དེ་དག་ཡིན་ལ་དེ་རྣམས་གཞུང་ལུགས་ཐད་ཀྱི་སྔ་མའང་ཡིན་ཚོད་འདུག དེས་ན་སངས་རྒྱས་ཆོས་ལུགས་པས་བྱས་བའི་གཏན་རིག་གཞུང་ལུགས་དེ་དག་ནི་ཕྱི་རོལ་པའི་གཏན་རིག་གཞུང་ལུགས་ལས་དར་བར་འཕྱིས་པ་ཡིན། ཡང་སངས་རྒྱས་ཆོས་ལུགས་ཁྲོད་དུ་གཏན་རིག་དར་བའི་དུས་སྐབས་ཐོག་མ་ནི་སངས་རྒྱས་ཤཱཀྱ་མུ་ནེ་རང་གི་གསུང་རབ་ལས་ཀྱང་མངོན་སུམ་དང་རྗེས་དཔག་ཚད་མ་གསལ་བར་བསྟན་པ་ཡིན་ཏེ། རིག་རྒྱན་ལས། མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། ཞེས་དང་། གཟུགས་ཤེས་པ་ནི་རྣམ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ་ཞེས་པས་མངོན་སུམ་བསྟན་ལ། དུ་བ་ལས་ནི་མེ་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། ཞེས་པའི་འབྲས་རྟགས་དང་དེ་ལ་བརྟེན་པའི་རྗེས་དཔག་བསྟན་ཅིང་། གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ། ཞེས་པས་རང་བཞིན་རྟགས་ཀྱི་སྒྲུབ་ངག་དང་། ངའམ་ང་དང་འདྲ་བས་གང་ཟག་གི་ཚོད་བཟུང་གི གང་ཟག་གིས་གང་ཟག་ཚོད་བཟུང་བར་མི་བྱའོ། ཞེས་པའི་མ་དམིགས་པའི་རྟགས་བསྟན་ནོ། གསུངས་པ་ལྟར་སངས་རྒྱས་རང་གི་ཆོས་གཞུང་ནས་ཀྱང་གཏན་རིག་གི་རྣམ་གཞག་ཐོར་བུ་མང་དུ་གསུངས་ཡོད་པ་ཡིན། འོན་ཀྱང་སངས་རྒྱས་ཆོས་གཞུང་དུ་གཏན་ཚིགས་ཀྱི་རྣམ་གཞག་ཐོར་བུ་ཡོད་པ་ཙམ་གཙོར་བཟུང་གིས་དེ་ཉིད་གཏན་རིག་གཞུང་ལུགས་སུ་འདོད་མི་རུང་བ་ནི་སྨོས་མ་དགོས་པས་འདིར་མ་བཤད། གང་ལྟར་གཏན་ཚིགས་རིག་པ་དང་དེའི་གཞུང་ལུགས་གང་ཡིན་རུང་སངས་རྒྱས་ཆོས་ལུགས་པ་ལས་ཕྱི་རོལ་མུ་སྟེགས་པ་སྔ་བ་ཡིན་སྟབས་ཁོང་ཚོའི་གཏན་རིག་གཞུང་ལུགས་ཀྱི་ཁྲོད་ནས་སངས་རྒྱས་ཆོས་ལུགས་སུ་བྱས་པའི་གཏན་རིག་གཞུང་ལུགས་དེ་དག་གསར་དུ་ཁ་འབུས་པ་ཞིག་རེད།


༢༽ སངས་རྒྱས་ཆོས་ལུགས་ཁྲོད་དུ་གཏན་རིག་གཞུང་ལུགས་ཇི་ལྟར་དར་རྒྱས་སོང་བ་ཡིན།
         སྤྱིར་གཏན་ཚིགས་ཀྱི་རྣམ་གཞག་ནི་གོང་ཞུས་བཞིན་སངས་རྒྱས་རང་གི་ཆོས་གཞུང་ནས་ཀྱང་གསུངས་ཡོད་ལ་ཕྱིས་སུ་ཀླུ་སྒྲུབ་ཀྱི་<<རྩོད་ལྡོག་>>དང་ཐོགས་མེད་ཀྱི་ས་སྡེ་ལྔའི་ནང་ཚན་<<རྣལ་འབྱོར་སྤྱོད་པའི་ས་>>ལྟ་བུ་ནས་ཀྱང་གཏན་རིག་གི་རྣམ་གཞག་མང་དུ་མཐོང་ཐུབ་པ་ཡིན་ཡང་དེ་ཚོ་གཏན་རིག་གཞུང་ལུགས་སུ་འདོད་མི་འོས་པ་ཡིན། དེས་ན་ཡང་སྙིང་སངས་རྒྱས་ཆོས་ལུགས་ཁྲོད་དུ་གཏན་རིག་གཞུང་ལུགས་དར་བའི་དུས་སྐབས་ནི། སྤྱི་ལོའི་དུས་རབས་གསུམ་པའི་ནང་དུ་རྒྱ་གར་གྱི་ (བོད་རྒྱལ་ལྷ་ཐོ་ཐོ་རིའི་དུས་སྐབས་) བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པའི་སློབ་དཔོན་དབྱིག་གཉེན་གྱིས་<<རྩོད་པ་གྲུབ་པ་>>ཞེས་པའི་གཏན་རིག་གཞུང་ལུགས་ཤིག་གསར་རྩོམ་གནང་བ་ནས་བཟུང་སངས་རྒྱས་ཆོས་ལུགས་ཁྲོད་དུ་གཏན་རིག་གཞུང་ལུགས་ཀྱང་ལོགས་སུ་ཐོན་པའི་མགོ་བརྩམས་པ་ཡིན། གནད་དོན་འདིེའི་ཐད་ལ་སློབ་དཔོན་ཆེན་པོ་ཏ་འུ་ཅིས་ (ཨི་ཏྲ་ལིའུ་ཡི་བོད་རིག་པའི་མཁས་ཆེན་ཞིག) སངས་རྒྱས་ཆོས་ལུགས་ཁྲོད་དུ་གཏན་རིག་གཞུང་ལུགས་དར་རྒྱས་སོང་བའི་དུས་སྐབས་ངོས་འཛིན་བྱས་པར་གཏན་རིག་དང་བློ་རིག་གི་གཞུང་ལུགས་དེ་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་ཁྱོན་ཡོངས་ཀྱི་འཕེལ་རིམ་ནས་བཤད་ན་སློབ་དཔོན་ཕྱོགས་གླང་ནས་མགོ་ཚུགས་ཏེ་སློབ་དཔོན་ཆོས་གྲགས་ནས་མཇུག་བསྡུ། ཞེས་གསུངས་ཡོད་ན་ཡང་ང་ཚོས་བརྟག་དཔྱད་བྱས་ཚེ་སངས་རྒྱས་ཆོས་ལུགས་ཁྲོད་གཏན་རིག་གཞུང་ལུགས་དར་རྒྱས་བྱུང་བའི་དུས་སྐབས་ཀྱི་དབུ་དབྱིག་གཉེན་ནས་མགོ་འཛུགས་དགོས་ལ། དེ་ཡང་གཞི་<<རྩོད་པ་གྲུབ་པའི་>>བསྟན་བཅོས་བཞག་ཆོག་སྙམ། དེའང་བོད་སྔ་རབས་པ་འགའ་ཞིག་གིས་གཏན་རིག་གཞུང་ལུགས་དེ་ཉིད་སློབ་དཔོན་དབྱིག་གཉེན་གྱིས་བྱས་པ་ཡིན་ཟེར་ཞིང་ཁ་ཅིག་གིས་དེ་ལས་ལྡོག་པར་སྨྲ། རྒྱུ་མཚན་ནི་ཕྱོགས་གླང་གི་ཀུན་བཏུས་རང་འགྲེལ་དུ་<<རྩོད་པ་གྲུབ་པའི་>>བསྟན་བཅོས་འདི་ཤིན་ཏུ་དགག་ཡོད་སྟབས་རྒྱུ་མཚན་དེ་ལ་བརྟེན་ནས་གཞུང་ལུགས་འདི་ཉིད་དབྱིག་གཉེན་དང་མཚན་གཅིག་པའི་སངས་རྒྱས་པ་ཞིག་གིས་བྱས་ཟེར་གྱི་ཡོད་པ་རེད། ཤོད་སྟངས་འདིའང་ཁས་ལེན་མི་རིགས་ཏེ། བོད་སྔ་རབས་པ་རྣམས་ཀྱི་དགོངས་ཚུལ་འདིའི་རྒྱབ་ལྗོངས་བཤེས་གཉེན་བསྟེན་ཚུལ་གྱི་བཀག་རྒྱ་ལས་མ་ཐར་པ་དེ་རེད། དབྱིག་གཉེན་ནི་སློབ་དཔོན་ཕྱོགས་གླང་གི་དགེ་རྒན་ཡིན་སྟབས་དགག་པ་མཛད་མི་སྲིད་སྙམ་པ་ལས་གཞན་མེད། གནད་དོན་འདི་དང་མཚུངས་པ་ཞིག་ལ་དཔེར་ན། སློབ་དཔོན་ཆོས་གྲགས་ཀྱིས་དབང་ཕྱུག་སྡེ་ལ་དགག་པ་མཛད་སྟབས་དེའང་བོད་སྔ་རབས་པ་ཁ་ཅིག་གིས་དབང་ཕྱུག་སྡེ་ཞེས་པ་དེ་ཉིད་ཆོས་གྲགས་ཀྱི་དགེ་རྒན་དེ་ཉིད་མིན་པར་མཚན་གཅིག་པ་ཞིག་ཡིན་རྒྱུ་རེད། ཅེས་གསུངས་ཡོད་པ་རེད། འོན་ཀྱང་དེང་སང་སྐད་གཉིས་སྨྲ་བའི་གཏན་རིག་གཞུང་ལུགས་ཐད་ཀྱི་ཞིབ་འཇུག་པ་སུས་ཀྱང་དབང་ཕྱུག་སྡེ་གཉིས་དང་དབྱིག་གཉེན་གཉིས་སུ་ཞེས་མཚན་མཐུན་པའི་གཏན་རིག་སྨྲ་བ་སོ་སོ་བ་ཞིག་ཡོད་པ་ཁས་ལེན་གྱི་ཡོད་པ་མ་རེད་ལ་ལོ་རྒྱུས་རྣམས་སུ་ཡང་དེ་འདྲ་མ་གསལ་བ་དེས་བོད་སྔ་རབས་པའི་འདོད་བཟོས་ལ་གནོད་པ་ཞིག་ངང་གིས་ཐེབས་ཡོད་པ་རེད། (བོད་སྔ་རབས་པ་ཁ་ཅིག་གིས་དབང་ཕྱུག་སྡེ་གཉིས་དང་དབྱིག་གཉེན་གཉིས་སུ་འདོད་པ་ཡིན།) དེས་ན་རང་ལུགས་སུ་<<རྩོད་པ་གྲུབ་པའི་>>བསྟན་བཅོས་འདི་ཉིད་ཀྱི་བྱེད་པོ་ང་ཚོས་འཕགས་པ་ཐོགས་མེད་ཀྱི་སྐུ་མཆེད་དུ་འདོད་པ་དང་ཕྱོགས་གླང་རང་གི་དགེ་རྒན་སློབ་དཔོན་དབྱིག་གཉེན་འདི་རང་ལ་འདོད་པ་ལས་གཞན་ལ་མི་འདོད་ལ་དབང་ཕྱུག་སྡེ་ཡང་དེ་ལྟར་ཡིན། དེས་ན་སངས་རྒྱས་ཆོས་ལུགས་ཁྲོད་དུ་གཏན་རིག་གཞུང་ལུགས་མང་དུ་འཕེལ་བའི་ནང་ཆེས་ཚད་ལྡན་གྱི་གཞུང་ལུགས་ཇི་འདྲ་ཡོད་པ་ནི། དཔལ་ཆོས་ཀྱི་གྲགས་པས་བྱས་པའི་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ་ཞེས་པ་དེ་ཧ་ཅང་གྲགས་ཆེ་ལ་གཞུང་དེ་དག་ཏུ་རྟོག་གེའི་ཚིག་དོན་བརྒྱད་ (༡ མངོན་སུམ་ཡང་དག ༢ མངོན་སུམ་ལྟར་སྣང་། ༣ རྗེས་དཔག་ཡང་དག ༤ རྗེས་དཔག་ལྟར་སྣང་། ༥ སྒྲུབ་ངག་ཡང་དག ༦ སྒྲུབ་ངག་ལྟར་སྣང་། ༧ སུན་འབྱིན་ཡང་དག ༨ སུན་འབྱིན་ལྟར་སྣང་།) ཀ་ཆ་ཚང་བར་སྟོན་པའི་ལུས་ལྟ་བུའི་བསྟན་བཅོས་ཞེས་གྲགས་པར་སྣང་། གཞུང་དེ་དག་ནི་རྒྱས་པ་<<ཚད་མ་རྣམ་འགྲེལ།>> འབྲིང་བ་<<ཚད་མ་རྣམ་ངེས།>> བསྡུས་པ་<<རིགས་པའི་ཐིགས་པ་>>བཅས་ཡིན། ཡང་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ཞེས་གཏན་རིག་གཞུང་ལུགས་ཁག་བཞི་ཡོད་ཀྱང་གཞུང་དེ་དག་ཏུ་རྟོག་གེའི་ཚིག་དོན་བརྒྱད་ཀ་ཆ་ཚང་བར་མི་སྟོན་པའི་ཕྱིར་རྩ་བ་ལུས་ལས་འཕྲོས་པའི་ཡན་ལག་ལྟ་བུའི་བསྟན་བཅོས་ཞེས་གྲགས་ཤིང་མདོར་བསྡུས་ན་དེ་ལྟའི་གཏན་རིག་གི་གཞུང་བདུན་པོར་ཚད་མ་སྡེ་བདུན་ཞེས་གྲགས་པ་རེད། སློབ་དཔོན་འདིའི་སྔོན་ལ་སློབ་དཔོན་ཕྱོགས་གླང་གིས་དམིགས་པ་བརྟགས་པ་དང་སེལ་བ་བརྟགས་པ་སོགས་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད་ཅིང་དེ་ (འདི་ཐད་ཁ་ཅིག་གིས་རྣམ་རིག་པའི་གཞུང་ལུགས་བརྒྱ་རྩ་བརྒྱད་བརྩམས་ཟེར་བ་ལས་ཚད་མའི་བསྟན་བཅོས་ཞེས་མི་བརྗོད) ཙམ་གྱིས་གཏན་ཚིགས་རིག་བའི་ལུས་ཆ་ཚང་མ་རྫོགས་པར་དགོངས་ནས་རང་གི་གཞུང་དེ་དག་ལས་གནད་རྣམས་བཏུས་ཏེ་ཚད་མའི་མདོ་<<ཀུན་བཏུས་>>བྱ་བ་བརྩམས་ཤིང་དེ་ཡང་ཀུན་བཏུས་ཀྱི་དབུར། རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་ཐོར་རྣམས་འདིར་གཅིག་བྱ། ། ཞེས་གསུངས་ཡོད། དེང་སང་གཏན་རིག་སྨྲ་བ་ཕལ་མོ་ཆེས་གཞུང་འདི་གཙིགས་ཆེར་འཛིན་ཅིང་འདི་ལ་སློབ་དཔོན་རང་ཉིད་ཀྱི་འགྲེལ་པ་ཡོད་པ་དང་ཕྱིས་ཀྱི་ཚད་མ་སྡེ་བདུན་ཡང་གཞུང་འདིའི་དགོངས་འགྲེལ་ཡིན་པས་གཞུང་འདི་ཉིད་གྲགས་ཆེ་བ་ཡིན། གཞུང་འདི་མཛད་པར་བཞེད་ནས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་སོགས་སྟོན་པ་སངས་རྒྱས་ལ་གུས་ཕྱག་གི་མཆོད་བརྗོད་མཛད་སྐབས་ས་གཡོ་བ་ལ་སོགས་པའི་བཀྲ་ཤིས་པའི་རྟགས་རྟེན་འབྲེལ་མང་དུ་བྱུང་སྐབས་མུ་སྟེགས་པའི་ཕྲག་དོག་གིས་གནོད་པ་ཡང་ཡང་བྱས་སྟབས་དེ་དག་རིགས་པས་བཏུལ་ཞིང་ལྷ་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་ནས་གཞུང་འདི་རྩོམ་པའི་སྐུལ་མ་མཛད། གཞུང་འདི་ལེའུ་དྲུག་གི་བདག་ཉིད་དུ་གྲུབ་པ་ཞིག་ཡིན་ཏེ། དེ་ཡང་། ༡ མངོན་སུམ་དང་རྗེས་དཔག ༢ རང་དོན་རྗེས་དཔག ༣ གཞན་དོན་རྗེས་དཔག ༤ གཞན་སེལ། ༥ དཔེ། ༦ ལྟག་ཆོད་བཅས་ལས་གྲུབ་པ་ཞིག་རེད། དེས་ན་རྒྱ་གར་དུ་གཏན་རིག་གཞུང་ལུགས་སྨྲ་བའི་སངས་རྒྱས་ཆོས་ལུགས་པ་ནི་དབྱིག་གཉེན་ནས་མགོ་བཟུང་སྟེ་བྱུང་ཞིང་གྲགས་ཆེ་བ་ནི་རིག་པའི་དཔང་ཕྱུག་རྣམ་གཉིས་ཞེས་ཕྱོགས་གླང་དང་ཆོས་གྲགས་གཉིས་གཙུག་ཏུ་བཀུར་བ་ཡིན་ལ་དེ་ལས་གཞན་ཡང་གཏན་རིག་གཞུང་ལུགས་སྨྲ་མཁན་ཤིན་ཏུ་མང་སྟེ། དཔེར་ན། སློབ་དཔོན་ཆོས་གྲགས་ཀྱི་སློབ་མ་ལྷ་དབང་བློ་ལ་སློབ་དཔོན་རང་གིས་བཀས་བསྐུལ་ཏེ་རྣམ་འགྲེལ་གྱི་འགྲེལ་པ་མཛད་དུ་བཅུག རྣམ་འགྲེལ་ལེའུ་དང་པོར་སློབ་དཔོན་རང་གིས་འགྲེལ་པ་བྱས་ཤིང་དེའི་ལྷག་མར་ལྷ་དབང་བློས་འགྲེལ་པ་བྱས་པ་གཉིས་བསྡོམས་པ་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཞེས་གྲགས་ཡོད། ལྷ་དབང་བློའི་སློབ་མ་ཤཱཀྱ་བློས་སྟོང་ཕྲག་གཉིས་པར་འགྲེལ་པ་བྱས་ཤིང་ཞི་བ་ལྷས་ཚད་མ་སྡེ་བདུན་ཆ་ཚང་ལ་འགྲེལ་པ་བྱས། ཡང་སྡེ་བདུན་ལས་རྣམ་ངེས་ལ་འགྲེལ་པ་འཐད་ལྡན་ཆེན་མོ་ཞེས་སྟོང་ཕྲག་བཅུ་གཉིས་པ་དང་། རིགས་ཐིགས་ལ་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་པ་ཞིག་བཅས་སློབ་དཔོན་ཆོས་མཆོག་གིས་མཛད། ཡང་སློབ་དཔོན་རྒྱལ་རྔ་གསུམ་པར་གྲགས་པ་དེས་གཏན་ཚིགས་ཀྱི་རྣམ་གཞག་ཐོར་བུ་མང་དུ་གསུངས་ཤིང་ཆོས་ཀྱི་གྲགས་པའི་དགོངས་པ་གསལ་བར་བྱས་ཟེར། སློབ་དཔོན་ཞི་བ་འཚོས་གཞུང་སྔ་མ་རྣམས་ཀྱི་དོན་བསྡུས་པ་དེ་ཉིད་བསྡུས་པ་ཞེས་པ་ཞིག་བརྩམས་ཤིང་། ཀ་མ་ལ་ཤཱི་ལས་དེའི་དོན་བཀྲལ་བའི་ཊིཀྐ་ཚད་ཆེན་དུ་གྲགས་པ་མཛད་པ་སོགས་གཞུང་ཕྲན་དང་འགྲེལ་པ་བྱས་པ་མང་དུ་ཡོད་ཀྱང་དེ་དག་ཐམས་ཅད་བོད་དུ་འགྱུར་བ་ལྟ་ཞོགས་ལེགས་སྦྱར་རང་གི་སྐད་ཡིག་ཐོག་ནས་ཀྱང་ད་ལྟ་འགའ་ཞིག་འཚོལ་དཀའ་བ་རང་དུ་ཆགས་ཡོད། དེས་ན་སངས་རྒྱས་ཆོས་ལུགས་ཁྲོད་དུ་གཏན་ཚིགས་རིག་པ་དར་ཙམ་མིན་པར་གཏན་རིག་གཞུང་ལུགས་ཀྱང་ལོགས་སུ་ཐོན་པའི་དུས་སྐབས་བྱུང་བ་འདི་ནས་སངས་རྒྱས་ཆོས་ལུགས་རང་ཡང་འཕེལ་རྒྱས་ཆེན་པོ་ཞིག་འགྲོ་བའི་མགོ་ཚུགས་པ་རེད་ཅེས་བཤད་ཆོག་པ་ཡིན་པ་རེད།


༣༽ གཏན་རིག་གཞུང་ལུགས་སངས་རྒྱས་ཆོས་གཞུང་ཨེ་ཡིན།
(ཚན་མ་མདོ་དང་སྡེ་བདུན་ལྟ་བུ)
         ད་ལྟའི་དུས་རབས་འདིར་རྒྱལ་ཁབ་གང་མང་ཞིག་ཏུ་གཏན་རིག་གཞུང་ལུགས་ཀྱི་སློབ་སྦྱོང་ཚུགས་ཡོད་པ་དང་ལྷག་པར་དུ་བོད་རིགས་ཀྱི་དགོན་སྡེ་ཁག་དང་དེ་བཞིན་ཆེས་མཐོའི་སློབ་གྲྭ་ཁག་ཅིག་ཏུའང་གཏན་རིག་གཞུང་ལུགས་ཀྱི་སློབ་ཚན་རྩ་འཛུགས་ནན་པོ་བྱས་ཏེ་སློབ་གཉེར་ཧུར་ཐག་བྱེད་བཞིན་ཡོད་པར་མ་ཟད་ཞིབ་འཇུག་པ་གང་མང་ཞིག་གིས་ཀྱང་དེ་ཐད་ལ་ཐབས་ལམ་སྣ་མང་བརྒྱུད་ནས་ཉམས་ཞིབ་བྱེད་མུས་རེད། ཡིན་ན་ཡང་རྒྱལ་ཕྱིའི་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་ཉམས་ཞིབ་གནང་ཡུལ་དུ་མ་ཆགས་པ་ཞིག་ནི་སངས་རྒྱས་ཆོས་ལུགས་པས་བྱས་པའི་གཏན་རིག་གཞུང་ལུགས་<<ཚད་མ་ཀུན་བཏུས་>>དང་<<ཚད་མ་སྡེ་བདུན་>>ལྟ་བུ་དེ་ཚོ་སངས་རྒྱས་ཆོས་གཞུང་དུ་འདོད་མིན་གྱི་གནད་ཀ་འདི་ཉིད་ཡིན། འོན་ཀྱང་ང་ཚོ་བོད་སྔ་རབས་པའི་མཁས་དབང་འགའ་དང་དེང་གི་ཆེད་ལས་ཉམས་ཞིབ་པ་མང་དག་ཅིག་གིས་སངས་རྒྱས་ཆོས་ལུགས་པས་བྱས་པའི་གཏན་རིག་གཞུང་ལུགས་དེ་ཚོ་སངས་རྒྱས་ཆོས་གཞུང་ཡིན་པར་འདོད་ཀྱི་མེད་པ་ཡིན། དཔེར་ན། སྟོན་པ་གླང་སྐྱེས་ཀྱིས་བྱས་པའི་<<རྟོག་གེའི་བསྟན་བཅོས་>>དང་། བྲམ་ཟེ་རྐང་མིག་གི་<<རྟོག་གེའི་ཚིག་དོན་བཅུ་དྲུག་>> གཅེར་བུ་བའི་གཏན་རིག་སྨྲ་བ་གསལ་དགས་བྱས་པའི་<<ཚད་མ་གཏན་ལ་འབེབས་པ་>>དེ་ཀུན་གཏན་རིག་གཞུང་ལུགས་ཡིན་ནའང་གཞུང་དེ་སོ་སོ་གྲུབ་མཐའ་འདིའི་ཁོངས་སུ་གཏོགས་པ་རེད་ཅེས་ཤོད་རྒྱུ་གང་ཡང་མེད། དེ་ནི་གཏན་ཚིགས་རིག་པའམ་དེའི་གཞུང་ལུགས་གང་ཡང་ཕྱི་ནང་ཐུན་མོང་གི་སྦྱང་བྱ་ཡིན་པས་རྒྱུ་མཚན་རེད། ཇོ་བོ་རྗེའི་ཞལ་ནས་ཀྱང་། མངོན་སུམ་རྗེས་དཔག་དགོས་པ་མེད། །ཕྱི་རོལ་རྒོལ་བ་ལྡོག་པའི་ཕྱིར། ཞེས་གསུངས་པའི་དོན་ཡང་སྤྱིར་སངས་རྒྱས་སྒྲུབ་པའི་རྐྱེན་དུ་མི་དགོས་པ་མིན་ཡང་གཙོ་བོ་བསྟན་པ་འདི་ལ་མ་དད་པ་རྣམས་དད་པ་སྐྱེད་ཕྱིར་དང་། དད་པ་སྐྱེས་པ་རྣམས་ཀྱི་དད་པ་ཕྱིར་ཞིང་འཕེལ་བར་བྱ་བའམ་བརྟན་པར་བྱ་བའི་ཕྱིར་ཞེས་གསུངས་པ་ལྟར་ཕས་རྒོལ་ཚར་གཅོད་པ་དང་རང་ལུགས་འཐད་པར་བསྒྲུབས་ཏེ་སྐལ་ལྡན་གྱི་ཡིད་འཕྲོག་པར་བྱེད་པའི་རིགས་ལམ་ཙམ་ཡིན་སྟབས་དམིགས་ཀྱིས་སངས་རྒྱས་ཀྱི་ཐབས་ཀྱིས་རིམ་པ་སོགས་གཙོ་བོར་མི་སྟོན་པའི་ཕྱིར་གཏན་རིག་གཞུང་ལུགས་དེ་དག་སངས་རྒྱས་ཆོས་གཞུང་དུ་འདོད་མི་ནུས་པ་ཡིན། དེ་ཡང་ྋགོང་ས་ཏཱ་ལའི་བླ་མའི་རང་རྣམ་དུའང་ “དངོས་འབྲེལ་བྱས་ན་ཚད་མ་རིག་པ་ཙམ་ནང་རིག་པའི་གྲས་མིན་ཡང་། ཡན་ལག་ལྔའི་ (༡ པྲཛྙཱ་པ་ར་མི་ཏ་ཕར་ཕྱིན། ༢ མངམཀ་དབུ་མ། ༣ བི་ནཱ་ཡ་འདུལ་བ། ༤ ཨ་བྷི་ངྷརྨ་ཆོས་མངོན་པ། ༥ པྲ་མ་ཎ་ཚད་མ།) ནང་འཇུག་དགོས་པ་ནི་ལམ་དང་ལས་མ་ཡིན་པ་སོགས་རིག་པས་རྣམ་པར་ཕྱེས་ནས་བསྟན་གྱི་ཡོད་པས་རེད།” ཅེས་གསུངས་འདུག གནད་དོན་འདི་ཙམ་ལའང་ཞིབ་ཏུ་དཔྱད་ཚེ་ཡིད་ཆེས་ཀྱི་ངེས་པ་ཞིག་རྙེད་ཐུབ་པ་ནི་རྟོག་གེའི་ཚིག་དོན་བརྒྱད་བརྗོད་བྱར་བྱས་པའི་གཏན་རིག་གཞུང་ལུགས་དེ་ཚོ་བོད་སྔ་རབས་པ་འགའ་ཞིག་གིས་སངས་རྒྱས་ཆོས་གཞུང་རྣམས་སྡེ་ཚན་གསུམ་ (༡ མངོན་པའི་སྡེ་སྣོད། ༢ འདུལ་པའི་སྡེ་སྣོད། ༣ མདོའི་སྡེའི་སྣོད། དེ་ཡང་སྡེ་ཚན་འདི་གསུམ་གྱི་ནང་དུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་དང་། ཚིག་ཐམས་ཅད་དང་། གཟུགས་ནས་རྣམ་མཁྱེན་བར་གྱི་ཤེས་བྱའི་ཆོས་ཐམས་ཅད་འདུས་པས་སྡེ་སྣོད་དུ་གྲགས་པ་ཡིན་ནོ།) དུ་བྱས་པའི་མངོན་པའི་སྡེ་སྣོད་དུ་བྱས་སྣང་བ་མི་འཐད་པ་དེ་ཉིད་ཡིན། དེ་ཡང་ཡིན་ཏེ་བུ་སྟོན་རིན་པོ་ཆེས་ཆོས་འབྱུང་དུའང་དེ་དག་ལ་སོགས་པ་ (སྡེ་བདུན་སོགས་) རྟོག་གེའི་བསྟན་བཅོས་རྣམས་བོད་རྣམས་མངོན་པའི་སྡེ་སྣོད་དུ་སྨྲ་བ་ནི། མི་འཐད་དེ། རྟོག་གེ་གཏན་ཚིགས་རིག་པའི་བསྟན་བཅོས་ཡིན་ལ་མངོན་པ་ནི་ནང་རིག་པའི་བསྟན་བཅོས་ཡིན་པའི་ཕྱིར་རོ། ཞེས་གསུངས་པར་མ་ཟད། ཕྱོགས་གླང་རང་གི་ཀུན་བཏུས་སུའང་། ཚད་མ་དང་གཞལ་བྱ་ཉེ་བར་བརྗོད་པ་ཉིད་ཀྱིས་མུ་སྟེགས་པའི་འདོད་པ་སྙིང་པོ་མེད་པའི་ཕྱིར་དེར་ཞེན་པ་རྣམས་ལྡོག་པའི་དོན་དུ་འདི་བརྩམས་པ་ཡིན་གྱི། འདི་ཙམ་གྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་གཞུག་པའི་དོན་དུ་ནི་མ་ཡིན་ཏེ། དེའི་ཆོས་ནི་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་རོ། ཞེས་ཀྱང་གསུངས་ཡོད་དོ། ཡང་ཁ་ཅིག་གིས་ཚད་མ་ཀུན་བཏུས་ལྟ་བུར་དངོས་སུ་རྟོག་གེའི་ཚིག་དོན་བརྒྱད་ཀྱི་རྣམ་གཞག་དབྱེ་ཞིབ་གནང་བའི་ཐོག ཤུགས་ཀྱིས་སྟོན་པ་ (ཤཱཀྱ་ཐུབ་པ) ཚད་མའི་སྐྱེས་བུ་དང་། བདག་མེད་ཕྲ་རགས་བསྒྲུབ་པའི་ཕྱིར་ཞེས་གཏན་རིག་གཞུང་ལུགས་འདི་ཉིད་སངས་རྒྱས་ཆོས་གཞུང་དུ་སྒྲུབ་པ་ནི་མི་འཐད་དེ་དེ་དག་གཞུང་གི་བསྟན་བྱ་གཙོ་བོ་མ་ཡིན་པའི་ཕྱིར། ལྷག་པར་དུ་གཏན་རིག་གཞུང་ལུགས་དེ་ཚོའི་ནང་བདག་མེད་པ་སྟོང་པ་ཉིད་ཀྱི་དོན་དང་འཁོར་བ་འཇུག་ལྡོག་གི་རིམ་པ་བསྟན་པ་གང་ཡང་གཞུང་གི་བསྟན་དོན་གཙོ་བོར་མི་གཏོགས་པའི་ཕྱིར་གཞུང་ལུགས་དེ་དག་སངས་རྒྱས་ཆོས་གཞུང་དུ་མི་འདོད་པ་ཡིན། འདི་ཐད་མཁས་གྲུབ་ཀྱི་སྡེ་བདུན་དང་རྒྱལ་བ་དགེ་འདུན་གྲུབ་པའི་རིག་རྒྱན་གཉིས་སུ་གཏན་རིག་གཞུང་ལུགས་དང་སངས་རྒྱས་ཆོས་གཞུང་གཉིས་ཀའི་ཡིན་མིན་གྱི་མུ་བཞི་བརྩིས་ཏེ་གཉིས་ཀ་ཡིན་པའི་མུ་ལ་ཀུན་བཏུས་དང་སྡེ་བདུན་སོགས་བཞག་པ་ཡང་དོན་ལ་དཔྱད་ན་འཐད་པར་མ་མཐོང་སྟེ། གོང་ཞུས་བཞིན་གཞུང་ལུགས་དེ་དག་སངས་རྒྱས་ཆོས་གཞུང་ཡིན་མིན་བསྟན་བྱ་གཙོ་བོ་གང་ཡིན་ལ་བལྟ་དགོས་པ་རང་དུ་ངེས་པའི་ཕྱིར། ཁ་ཅིག་ནས་རྗེ་བླ་མས། སྔགས་ཀྱི་པཎྜི་ཏ་གཞན་མང་པོས་ཀྱང་རྣམ་འགྲེལ་གྱི་ལུང་ཁུངས་སུ་བྱས་ནས་བསྒྲུབས་པ་མ་མང་བས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་རྣམས་སྤྱིར་ནང་རིག་པའི་སྐབས་དང་ཁྱད་པར་སྔགས་ཀྱི་སྐབས་སུ་དོན་མེད་དོ་སྙམ་དུ་ལྟ་ཞིང་དེ་སྐབས་གཞན་ལ་སྨྲ་བ་ནི། རིགས་པའི་ལམ་དུ་འགྲོ་བའི་བློ་ཉམ་ཆུང་ངུས་གཏིང་དཔག་པར་དཀའ་བའི་བློ་གྲོས་ཀྱི་འཇུག་པའི་ལམ་ནས་དྲངས་པའི་དྲི་མ་མེད་པའི་རིགས་པའི་རྣམ་གཞག་མ་ལྕིགས་པ་ཡིན་པས་ལུང་དོན་རིགས་པ་ཕྲ་མོས་འབྱེད་པར་མི་ནུས་པའི་མདུན་སར་དབྱུང་བར་མི་ནུས་པའི་བབ་ཅོལ་ལོ། ཞེས་གསུངས་དོན་འདི་ཉིད་སྡེ་བདུན་སོགས་གཏན་རིག་གཞུང་ལུགས་དེ་ཚོ་སངས་རྒྱས་ཆོས་གཞུང་ཡིན་ཟེར་བའི་དོན་དུ་བཀྲལ་བ་ནི་མ་བརྟག་པ་ཆེན་པོ་སྟེ། སྤྱིར་སངས་རྒྱས་ཆོས་གཞུང་ལྟ་བུ་ལ་སྦྱང་བ་བྱེད་པའི་སྐབས་དང་ལྷག་པར་སྔགས་བླ་མེད་སོགས་སུ་སྦྱང་བ་བྱེད་སྐབས་སོགས་སུ་ཉེ་བར་མཁོ་ནའང་དེ་དང་དེའི་སྐབས་སུ་མཁོ་བ་ཙམ་ལ་བལྟས་ཏེ་སངས་རྒྱས་ཆོས་གཞུང་ཡིན་པར་བསྒྲུབ་པ་ནི་ཤིན་ཏུ་གླེན་པའི་གཏམ་ཁོ་ནའོ། དེས་ན་རྗེ་བླ་མའི་ལུང་དོན་འདི་ཡང་གཏན་རིག་གཞུང་ལུགས་དེ་ཚོ་སངས་རྒྱས་ཆོས་གཞུང་ཡིན་ཟེར་བ་མིན་པར་མདོ་སྔགས་ཀྱི་དགོངས་དོན་དུ་མ་གཏན་ལ་འབེབས་པར་གཏན་ཚིགས་རིག་པའམ་རྒྱུ་རིག་པ་འདི་ཉིད་གལ་ཆེ་ཞིང་འབྲེལ་ཡོད་པ་ཡིན་ཞེས་པའི་དོན་ལས་གཏན་རིག་གཞུང་ལུགས་འདི་ཚོ་སངས་རྒྱས་ཆོས་གཞུང་ཡིན་ཟེར་གྱི་ཡོད་པ་མ་རེད། དེ་མཚུངས་རྗེའི་རང་རྣམ་དུའང་། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་བསྩལ་བའང་ཚད་མར་བྱེད། །དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །མཐོང་ནས་ལྷག་བར་ཚུལ་དེར་དཔྱད་པ་ན། །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །ཚད་མ་གྲུབ་བར་ལུགས་འབྱུང་ལུགས་ལྡོག་གིས། །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །ལེགས་པར་ཐོན་པའི་ལྷག་པར་དགའ་བ་རྙེད། །ཅེས་གསུངས་པའི་གནད་འདི་ལས་གང་ཞིག་རྟོགས་ཐུབ་པ་ནི་ཚད་མ་མདོ་ལ་སོགས་པའི་གཞུང་དེ་དག་ཏུ་བྱང་ཆུབ་སྒྲུབ་པའི་ལམ་གྱི་རིམ་པ་ཡོད་པར་གསུངས་པ་ཉིད་ཡིན་པ་ལས་ཚད་མ་མདོ་སོགས་སངས་རྒྱས་ཆོས་གཞུང་ཡིན་པར་སྒྲུབ་པ་དེ་འདྲ་གཏན་ནས་མ་ཡིན། དོན་འདི་ཁོ་བོས་གོང་དུ་ལན་མང་བཤད་པ་ལྟར་བརྗོད་བྱ་གཙོ་བོ་མ་ཡིན་པས་ན་གཞུང་ལུགས་དེ་ཚོ་རྟོག་གེའི་བསྟན་བཅོས་རང་དུ་འདོད་དགོས་པ་ཞིག་རེད། དེ་ཡང་ཡིན་ཏེ། ཀུན་བཏུས་ལྟ་བུའི་གཏན་རིག་གཞུང་ལུགས་སུ་སངས་རྒྱས་ཚད་མའི་སྐྱེས་བུ་ཡིན་པར་བསྒྲུབ་པ་དེས་གཞུང་དེ་སངས་རྒྱས་ཆོས་གཞུང་དུ་འདོད་དགོས་ན། མདོ་དགོངས་པ་ངེས་འགྲེལ་ལྟ་བུ་ཡང་གཏན་རིག་གཞུང་ལུགས་སུ་འདོད་དགོས་པ་སྨོས་ཅི། གཞུང་དེའི་ནང་བྱ་བ་སྒྲུབ་པའི་རིགས་པ། ལྟོས་པའི་རིགས་པ། འཐད་པ་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཅས་བསྟན་ཡོད་པའི་ཕྱིར་རོ། ཡང་དེ་ལྟར་མ་ཡིན་པར་སངས་རྒྱས་ཆོས་ལུགས་པས་བྱས་པའི་གཞུང་ལུགས་དེ་ཚོ་སངས་རྒྱས་ཆོས་གཞུང་དུ་འདོད་དགོས་ན་བྲམ་ཟེ་བ་སོགས་ཀྱིས་བྱས་པའི་གཏན་རིག་གཞུང་ལུགས་ཀྱང་བྲམ་ཟེ་སོགས་ཀྱི་ཆོས་གཞུང་འདོད་དགོས་པས་ན་རང་ཚུགས་ཐུབ་པའི་གཏན་རིག་གི་གཞུང་གང་ཡང་མེད་པར་འགྱུར་བ་ཡིན། ད་དུང་ང་རང་གིས་དངོས་སུ་མཐོང་ཐོས་མ་བྱུང་ནའང་བཤད་སྒྲོས་སུ་སྤྱིར་གཏན་ཚིགས་རིག་པ་སངས་རྒྱས་ཆོས་ལུགས་སུ་འདོད་མཁན་ཡོད་སྐད་ལ་དེ་ནི་གང་ཡང་མི་ཤེས་པའི་བླུན་པོའི་ངག་འཁྱལ་ཙམ་དུ་ཟད་པས་དགག་པའི་དགོས་པ་མ་མཐོང་ངོ།།
        མདོར་ན་ཚད་མ་ཀུན་བཏུས་དང་སྡེ་བདུན་སོགས་ཀྱི་བརྗོད་བྱ་གང་ཞེ་ན་རྟོག་གེའི་ཚིག་དོན་བརྒྱད་ཡིན། རྟོག་གེ་ནི་གཏན་ཚིགས་ལ་བརྟེན་ནས་ལྐོག་དོན་སྨྲ་བ་སྟེ་རྟོག་པས་བཏགས་པའི་རིག་པ་ཙམ་ཡིན་པས་དེ་ལྟའི་ཚད་མའི་རིག་པ་གཞུང་གི་བསྟན་དོན་གཙོ་བོར་བྱས་ཏེ་བརྩམས་པའི་བསྟན་བཅོས་གང་ཡང་སངས་རྒྱས་ཆོས་གཞུང་དུ་འདོད་སྟངས་ཡེ་ནས་མེད། སྤྱིར་གཏན་ཚིགས་རིགས་པ་ནི་ཡུལ་ལམ་གཞལ་བྱའི་གནས་ལྐོག་གྱུར་གྱི་ངོ་བོ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཞིག་ཡིན་སྟབས་དེ་ནི་ཡུལ་དུས་གང་གི་དབང་དུ་བྱས་ཀྱང་མི་རིགས་དང་ས་ཁུལ་བྱེ་བྲག་པའི་ཤེས་རིག་ཏུ་འགྱུར་སྟངས་མེད། འོན་ཀྱང་གཞུང་ལུགས་ཀྱི་ལྟ་བའི་ཐོག་ཁྱད་པར་ཡོང་ངེས་ཡིན་ཡང་ཞར་བྱུང་གི་ཚུལ་དུ་གཏམ་འགའ་གླེང་ན། ཁ་ཅིག་གིས་ (ཨ་ཚོགས་བསྟན་འཇམ) ཚད་མ་རིག་པ་ཟེར་བའི་མིང་འདི་ཀུན་བཏུས་ལས་བྱུང་ཞིང་དེ་ཡང་དེའི་སྔོན་ལ་གཏན་ཚིགས་རིག་པར་ཚད་མ་རིག་པ་ཟེར་སྲོལ་མེད་པར་བཤད་པ་དང་དེ་མཚུངས་ཀུན་བཏུས་དང་རྣམ་འགྲེལ་ལྟ་བུ་ལས་གཞན་གཏན་རིག་གཞུང་ལུགས་གང་ལ་ཡང་ཚད་མ་རིག་པ་ཟེར་མི་འོས་ཚུལ་བཤད་མོད། ཡང་ཁ་ཅིག་གིས་ (དཔའ་རིས་དོར་ཞི) ཕྱོགས་གླང་དང་ཆོས་གྲགས་ནས་བཟུང་གཏན་ཚིགས་རིག་པའི་གཞུང་ལུགས་སུ་མངོན་སུམ་དང་རྗེས་དཔག་གི་རྣམ་གཞག་གསར་དུ་བྱུང་ཁུལ་བཤད་པ་སོགས་མཐོང་ཐོས་བྱུང་བས་འདིར་དེ་དག་གི་འདོད་ཚུལ་འཐད་མིན་གྱི་གླེང་མོལ་ཉུང་ཙམ་ཞུས་ན། ཚད་མ་རིག་པ་ཟེར་བའི་ཐ་སྙད་འདི་ཡང་ཀུན་བཏུས་ལས་བྱུང་བ་མི་འཐད་དེ། དེའི་སྔོན་དུ་ཚད་མའི་བརྡ་སྦྱར་བའི་གཞུང་ཡོད་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཡོད་པ་ཐལ། གཅེར་བུ་པའི་གཏན་རིག་སྨྲ་བ་གསལ་དགས་བྱས་པའི་<<ཚད་མ་གཏན་ལ་འབེབས་པ་>>ཞེས་པའི་གཞུང་དེ་སྔ་མ་ནས་ཡོད་པའི་ཕྱིར། ཡང་ཀུན་བཏུས་དང་རྣམ་འགྲེལ་ལྟ་བུ་ལས་གཏན་རིག་གཞུང་ལུགས་གཞན་ལ་ཚད་མ་རིག་པ་ཞེས་བརྗོད་པ་མི་འཐད་ཟེར་ནའང་ལེགས་པའི་ངག་མ་ཡིན་ཏེ། ཚད་མ་རིག་པ་ནི་བརྟག་པར་བྱ་བའི་གཞིའི་དོན་གྱི་འཁྲུལ་བ་གཅོད་བྱེད་དེ་གཏན་ཚིགས་རིག་པ་ལས་ལོགས་སུ་ཁྱད་པར་མེད་པའི་ཕྱིར་རོ། ཡང་ཁ་ཅིག་ཕྱི་མའི་འདོད་པའང་མཁྱེན་རྒྱ་ཐལ་དྲགས་པར་ཟད་དེ་ཚད་མའི་གཞུང་རྣམས་སུ་མངོན་རྗེས་ཀྱི་རྣམ་གཞག་ཕྱོགས་གླང་དང་ཆོས་གྲགས་གཉིས་ཀྱི་དུས་སྐབས་ནས་གསར་དུ་བྱུང་བ་མ་ཡིན་པར་སྔོན་ནས་ཡོད་དེ་ཕྱི་རོལ་པའི་གྲུབ་མཐའ་ཁག་ཏུ་མངོན་སུམ་ཁས་མི་ལེན་མཁན་མ་མཐོང་བར་མ་ཟད་རྗེས་དཔག་ཀྱང་རྒྱང་འཕེན་པ་ཙམ་ལས་གཞན་གྱིས་ཁས་ལེན་པའི་ཕྱིར་དེས་ན་དོན་གྱིས་གཞལ་བྱ་ལ་མངོན་ལྐོག་དང་འཇལ་བྱེད་ལ་མངོན་རྗེས་འདོད་པ་འདི་ཉིད་ཕྱོགས་ཆོས་ཟུང་གི་དུས་སྐབས་ནས་གསར་དུ་བྱུང་ཟེར་བ་ནམ་ཡང་བདེན་པའི་ངག་ཏུ་མི་འགྱུར་བ་ཡིན་ནོ། །
     ཞེས་བོད་རིག་པའི་ཞིབ་འཇུག་པ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་དཔྱད་གཞི་ཙམ་དུ་ཕུལ་བ་ལགས་ན་དེ་ལུགས་མཁྱེན་ཡངས་རྣམ་པའི་བཀའ་སློབ་ཟབ་རྒྱས་ཡོང་བའི་སྙན་སྐུལ་ཞུ། །

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.