སློབ་དཔོན་ཆེན་མོ་རེ་མདོ་སེངྒེ།

༄༅།། དཔྱད་གསུམ་ཚད་མས་རྣམ་དག་བརྡ་སྤྲོད་གཞུང་། །གཞུང་བྱེད་སྨྲ་བའི་ཡིད་ཀྱི་ལམ་སྒྲོན་དུ། །དུ་མའི་དཀའ་སྤྱད་ལས་ཀྱིས་འདྲེན་པའི་དབང་། །དབང་ཕྱུག་མཁས་དགུའི་མེས་པོར་གཙུག་གིས་བཏུད། །མཐའ་ཟད་དཀྱིལ་འཁོར་ཡངས་པོའི་ཤེས་བྱའི་ཁམས། །མཁྱེན་རབ་སྟོབས་ཀྱིས་བསྒྱུར་བའི་འཇམ་པའི་དཔལ། །བསྐལ་མང་ཡུན་གྱིས་བསྐྲུན་པའི་ཐབས་འཕྲུལ་གྱིས། ཁོ་བོའི་རྣམ་དཔྱོད་ཚད་མའི་གཏེར་དུ་སྒྲུབས། །གངས་རིའི་ཁྲོད་ཀྱི་མཁས་པ་སུ་ཡིས་ཀྱང་། །བཏང་སྙོམས་མལ་དུ་བཞག་པའི་ཨ་ཀྵ་རའི། །གོ་བ་ཇི་བཞིན་ཁོ་བོར་འཐོབ་བྱའི་ཕྱིར། །རྣམ་བཤད་ཟློས་གར་བསྒྱུར་ལ་སྤྲོ་བ་བརྟས། །
མི་ཕྱེད་པའི་དད་པ་དང་མི་འགྱུར་བའི་ཐ་ཚིག་བརྟན་པོས་རྩོམ་པ་ལ་འཇུག་པའི་སྒོ་དགེ་ལེགས་སུ་ཕྱེ་སྟེ་ལས་སུ་བྱ་བའི་རིམ་པ་ལ་འཇུག་པར་བྱའོ། དེ་ཡང་གང་གླེང་བར་བྱ་བའི་གཞི་ནི། གནའ་དེང་མཁས་པའི་བཞེད་པ་གཅིག་གྱུར་མེད་པའི་ཡི་གེའི་ངོ་བོ་དང་ཁྱད་པར་བཅས་སོ། ཅིའི་ཕྱིར་ཞེ་ན། འཚེ་བ་མེད་པའི་སྤྱོད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བས་སེམས་ཁམས་ཡོངས་སུ་བརླབས་པའི་ཁ་བ་གངས་ལྗོངས་ཀྱི་འགྲོ་བ་མིའི་འདས་དུས་ལོ་རྒྱུས་ཀྱི་ཕྲེང་ལམ་རིང་མོའི་རྒྱུད་དུ་སྒྲ་རིག་པའི་གཞུང་ལུགས་རྩོམ་འཆད་ལ་གདེང་སྤོབས་མངའ་བ་མང་དག་ཅིག་བྱོན་ཅིང་། དེ་དག་གིས་རྒྱུ་མཚན་གྱི་རང་བཞིན་ལྡན་པའི་ཐོག་ནས་སྙིགས་དོར་བཅུད་ལེན་གྱིས་སྒྲ་རིག་པའི་གཞུང་ལུགས་བརྩམས་པ་རི་བོའི་འཕང་ལྟར་མཆིས་པ་ནི། རྨད་བྱུང་གི་མཛད་འཕྲིན་ལ་རྟོགས་ནས། བློ་གྲོས་ཅན་ཕྱིས་བྱུང་གཞོན་ནུ་རྣམས་ཀྱིས་བསྔགས་འོས་སུ་ཆེ། འོན་ཀྱང་གནད་གཅིག་ལ་གཞིགས་པས་དཔྱད་དོན་གྱི་རང་བཞིན་ཐ་མི་དད་པ་ཞིག་འབྱུང་འོས་པ་ལས་ལྡོག་ཕྱོགས་སུ་འགལ་བ་དང་། འདུམ་མི་ཐུབ་པ་ཁྱབ་ཆེ་ཆུང་གི་ཧེ་བག་ཆེན་པོ་ཡོད་པ་མཐོང་བས། འདིར་ཁོ་བོས་གཞུང་དོན་ལ་ལྟ་སྟངས་ཀྱི་ལུགས་སུ་བྱས་ནས་ཅུང་ཙམ་སྤྲོ་བར་འདོད་པ་ལ།


              ཕྱོགས་སུ་མ་ལྷུང་བ་ཁྱབ་བྱེད་སྤྱིར་བཏང་བའི་ཡི་གེ་སྟེ། དོན་མི་སྟོན་ཅིང་འཁོར་འདས་དང་འཇིག་རྟེན་གྱི་སྟེང་དུ་རྣམ་གཞག་རྩོམ་པའི་གཞིར་འོས་པའི་འདུས་བྱས། འདིས་དབྱེ་གཞི་བྱས་པའི་ཁྱབ་བྱ་བྱེ་བྲག་པའི་ཡི་གེ་ལ་གསུམ། དང་པོ། སྒྲའི་རང་བཞིན་གྱི་ཡི་གེ་སྟེ་དོན་མི་སྟོན་ཅིང་མིང་ཚིག་གི་རྩོམ་གཞིར་འོས་པའི་སྒྲ་ལམ་བརྒྱུད་པའི་སྐད་གདངས་ཀྱི་རྣམ་པ་ཅན། གཉིས་པ། གཟུགས་ཀྱི་རང་བཞིན་གྱི་ཡི་གེ་སྟེ་ཀ་སོགས་སྐད་གདངས་མཚོན་བྱེད་ཀྱི་སྒྲའི་བརྡ་རྟགས་གཟུགས་ཅན་པ། གསུམ་པ། ཤེས་པའི་རང་བཞིན་གྱི་ཡི་གེ་སྟེ། སྒྲ་ལམ་མ་བརྒྱུད་པ་ཀ་ལ་སོགས་པ་རྟོག་འཆར་གྱི་བློས་བསླངས་བཅས་གསུམ་མོ། འདི་ལྟར་སྤྱི་བྱེ་བྲག་གམ་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་རྣམ་པའི་ཚུལ་དུ་ཕྱེ་ནས་བཤད་ན། སྔོན་གྱི་སུམ་འགྲེལ་མཁན་པོ་མང་ཆེ་བས་མིང་ཚིག་གཉིས་ཀྱི་རྩོམ་གཞིར་འོས་པའི་སྐད་ཀྱི་གདངས་ཡི་གེའི་ངོ་བོར་བཞག་སྟེ་ཡི་གེ་ལ་སྒྲ་རང་མཚན་པས་ཁྱབ་པར་བཞེད་པ་དང་། ཕྱིས་ཀྱི་སུམ་འགྲེལ་པ་མང་ཆེ་བས་ཡི་གེ་ལ་གཟུགས་ཀྱིས་ཁྱབ་པར་འདོད་པ་མཐོང་ཡང་། འདི་གཉིས་ཆ་ཕྱོགས་སུ་ལྷུང་བའི་འོལ་སྤྱིའི་གཏམ་དུ་ཟད་ཀྱི། འཐད་ལྡན་གྱི་གཞུང་ལུགས་ཤིག་ཏུ་མི་སྣང་། ཁོ་བོའི་འདོད་པ་ལ་སྤྱིར་ཡི་གེ་ཞེས་པ་ནི། དོན་མི་སྟོན་ཅིང་འཁོར་འདས་དང་འཇིག་རྟེན་གྱི་སྟེང་དུ་རྣམ་གཞག་རྩོམ་པའི་གཞིར་འོས་པའི་འདུས་བྱས་ཤིག་ཡིན་དགོས་ཤིང་། དེ་ཡང་སྒྲ་གཟུགས་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་ལྡན་མིན་འདུ་བྱེད་དུ་གྲུབ་པས། བྱེ་བྲག་སྒྲའི་རང་བཞིན་གྱི་ཡི་གེ་དང་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་བཅས་ལ་ཕར་ཆ་མཉམ་གྱིས་ཁྱབ་ཐུབ་པ་ཞིག་ཡིན་དགོས། དེ་བས་འོག་ཏུ་འཆད་འགྱུར་ལྟར་སྒྲའི་རང་བཞིན་གྱི་ཡི་གེ་དང་། གཟུགས་ཀྱི་རང་བཞིན་གྱི་ཡི་གེ ཤེས་པའི་རང་བཞིན་གྱི་ཡི་གེ་བཅས་ལ་སྐབས་ཐམས་ཅད་དུ་སྒྲ་གཟུགས་ཀྱི་ཐ་སྙད་སྦྱར་མིན་ལ་མ་ལྟོས་པར་གཙོ་བོ་རང་རང་གི་ངོ་བོ་དང་རང་བཞིན་ལ་མ་འཁྲུལ་བར་སོ་སོར་འབྱེད་ཤེས་པ་གལ།


           ད་ནི་ཡི་གེ་སྤྱིར་བཏང་བའི་རང་བཞིན་བཤད་པ་ལ། ལྡན་མིན་འདུ་བྱེད་དུ་གྲུབ་ཅིང། གཟུགས་དང་ཤེས་པ་སྒྲ་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་དེ་གསུམ་ལ་ཆ་མཉམ་གྱིས་ཁྱབ་ཐུབ་པ་ཡིན། དེ་ཡང་ཐོན་མིའི་ཡར་སྔོན་དུ་བོད་ལ་ཡི་གེ་མེད་ཅེས་མཁས་བླུན་མང་པོས་བཞེད་པ་གཅིག་མཐུན་གྱིས་གསུངས་ཤིང་། ཡོངས་སུ་གྲགས་པའི་ལོ་རྒྱུས་ལ་ཡང་གྲགས་ཆེ་ནའང་། དུས་རབས་བདུན་པའི་ཡར་སྔོན་ལ་ཡི་གེ་འབྲི་བའི་སྲོལ་དང་ཁྱབ་ཆེ་བའི་བོད་མིའི་བརྗོད་ངག་ལ་དཔྱད་བསྡུར་དང་ཉམས་ཞིབ་ཀྱིས་ཕྱོགས་བསྡོམས་གཏན་འབེབས་བྱས་པའི་བརྡ་སྤྲོད་གཞུང་ལུགས་ཤིག་མེད་པ་ལོ་རྒྱུས་ཀྱིས་ར་འཕྲོད་ཀྱང་། (དགེ་ཆོས་ཀྱིས།༡ སྲོང་བཙན་ཡན་དུ་བོད་ལ་ཡི་གེ་མེད་པར་གྲགས་པས། ཞེས་དང་། དོན་འགྲུབ་རྒྱལ་གྱིས། བོད་ལ་ཡི་གེ་བྱུང་བ་ནི་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་ཡིན་པས། ཞེས་གསུངས།) དེ་ཙམ་གྱིས་བོད་ལ་ཡི་གེ་མེད་ཅེས་ཆོད་གཏམ་འཇོག་མི་ནུས། གོང་གི་བཞེད་ཕྱོགས་དང་པོ། ཡི་གེའི་ངོ་བོ་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་འདོད་མཁན་དེའི་ཞེ་འདོད་ལྟར་བྱས་ན། ཡི་གེ་ནི་སྐད་ཆའམ་བརྗོད་ངག་གི་རྩོམ་གཞི་ཡིན་པས་སྐད་ཀྱི་ལོ་རྒྱུས་ཀྱི་སྔོན་དུ་ངེས་པར་ཡོད་དགོས་པར་འགྱུར། དེ་བས་གངས་ལྗོངས་གྱི་ཡུལ་འདིར་བོད་མི་རྣམས་ཀྱིས་འཚོ་བ་སྤྱད་ནས་ལོ་སྟོང་ཕྲག་འགའ་ཤས་གདོན་མི་ཟ་བ་འདས་ཤིང་། (བུ་སྟོན། འགོས་ལོ་གཞོན་ནུ་དཔལ། སྟག་ཚང་ལོ་ཙཱ་བ་སོགས་ཀྱིས། བོད་ཀྱི་ཡུལ་འདི་རྒྱ་གར་དང་འདྲ་བ་ཡུལ་དང་། མི་རིགས་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ལུང་དང་རིགས་པས་འགལ་བ་མེད། ཅེས་གསུངས།) འཚོ་སྡོད་ཀྱི་ལོ་རྒྱུས་རིང་བོ་ཡོད་པའི་མི་རིགས་དེ་སྐད་ཆའི་ངོ་བོ་ལྡན་པའི་ངག་གི་རྣམ་འགྱུར་གྱི་བརྗོད་ངག་གམ་སྐད་ཆའི་ལོ་རྒྱུས་ཀྱི་ཐད་ནས་ཀྱང་ཡུན་ཐུང་ཞིག་མིན་པ་ཚོད་དཔག་བྱེད་ཐུབ། ངག་གི་རྣམ་འགྱུར་གྱི་སྐད་ཆ་དེ་ལ་ཡང་རྩོམ་གཞིའམ་གཞི་རྩའི་སྒྲ་གདངས་ཤིག་མེད་མི་སྲིད་པར་བརྟེན། ༢གཞི་རྩའི་སྒྲ་གདངས་དེ་ལ་ཡི་གེ་ཞེས་པའི་བརྡ་ཆད་སྐབས་དེའི་བོད་མིའི་སྤྱི་ཚོགས་ཀྱིས་མ་མཛད་པ་བདེན་ཡང་། ལོང་བས་གླང་མཇུག་གི་ཚུལ་གྱིས་ཚད་ལྡན་གྱི་གཞུང་འགའི་དགོངས་གཞི་ལ་མ་དཔྱད་པར་གཞུང་ཕལ་བའི་བཤད་ཡམས་ཀྱི་རྗེས་སུ་འབྲངས་ནས་ཡི་གེ་མེད་ཅེས་སྨྲ་བ་མི་རུང་སྟེ། རིག་པའི་གཞུང་ལུགས་འཐད་ལྡན་ཡིན་མིན་དངོས་པོའི་གནས་ལུགས་དང་མཐུན་མིན་ལ་བལྟ་དགོས་པས་དུས་རབས་བདུན་པ་ཡན་ཆོད་ལ་བརྗོད་ངག་གི་རྩོམ་གཞིའི་ཡི་གེ་ཡོད་པ་ནི་བསམས་པ་ཙམ་གྱིས་རྟོགས་ཐུབ་པ་ཉི་མ་སྟོང་གི་སྣང་བ་ལྟར་གསལ་བས་སོ། །


          གཞན་ཡང་། རྟ་བ་ལྕགས་གཞུ་ལྕགས་མདའ་ཅན་གྱི་སྒྲུང་ལས་ཀྱང་སྲོང་བཙན་ཡར་སྔོན་དུ་སྒྲའི་རང་བཞིན་གྱི་ཡི་གེ་ཡོད་པར་ངེས་པ་སྟེར་བའི་ཚིག་ཕྲེང་འདི་འབྱུང་། ཞང་ཞུང་ནས་འོངས་ཞེས་པའི་ཞ་དང་འ། ཟ་ཧོར་ལ་འགྲོ་ཞེས་པའི་ཟ། ཇ་ཉོ་རུ་འགྲོ་ཞེས་པའི་ཇ། ཅི་ཆ་ཞེས་པའི་ཅ་ཆ་བཅས་འབྱུང་ཞེས་མིང་ཚིག་གི་ཕྲེང་བ་དེ་ལས་རང་རང་གི་རྩོམ་གཞིའི་ཡི་གེ་རྣམས་རེ་རེ་ནས་བཏོན་ཏེ། གཞི་ནས་ཐོན་མིས་སྟོད་དུ་ཅ་ཆ་ཇ་གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་གྱི་གདངས་མཚོན་བྱེད་ཀྱི་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་གཏན་ལ་ཕབ་པ་ཡིན་ཅེས་བཤད་ཐུབ། དེ་བས་གསར་དུ་ཐོན་མིས་སྲོལ་གཏོད་པའི་བོད་ཀྱི་གཟུགས་ཀྱི་རང་བཞིན་གྱི་ཡི་གེའི་གྲལ་དུ་ཅ་ཆ་ཇ་དང་ཞ་ཟ་འ་རྣམས་ཀྱི་སྒྲ་མཚོན་བྱེད་ཀྱི་གཟུགས་རིས་འབྲི་མ་ཐུབ་པ་ལས་གཞི་རྩའི་བོད་མིའི་སྐད་ཆའི་ཁྲོད་དུ་ཅ་ཡིག་སོགས་ཀྱི་གདངས་ཡོད་པ་ལ་སུས་ཀྱང་བསྙོན་མི་ནུས་སོ། སྔོན་གྱི་མཁས་པ་ཚོས་ཡི་གེའི་ངེས་ཚིག་གམ་སྒྲ་བཤད་བྱེད་ཚུལ་ལ་ཡང་མཛད་པའི་སྐབས་འདོད་རྒྱལ་རྗེས་གྲུབ་སོགས་སུ་བཞེད་ཚུལ་མི་མཐུན་པ་མཆིས་ཀྱང་རྣམ་པ་གཅིག་ཏུ་འདོད་རྒྱལ་ཡིན་སྲིད་ཀྱང་། ཁོ་བོས་འདིར་དོན་རྣམས་ཀུན་རྩོམ་པའི་གཞིར་འོས་པའི་ས་བོན་ལྟ་བུ་ཡིན་པས་ཡི་གེ་ཞེས་རྗེས་གྲུབ་ཀྱི་མིང་ཡིན་ཅེ་ན་ཡང་དོན་ལ་འགལ་བ་མེད་དམ་སྙམ་མོ། ལུགས་གོམས་པའི་དབང་དུ་འགྲ་ོབས་གཤམ་དུ་ཡི་གེ་ལ་ནང་གསེས་ཁྱད་པར་མི་འདྲ་བ་གསུམ་དུ་ཕྱེ་ནས་རྣམ་པ་སོ་སོའི་ངོ་བོ་རྣམ་པར་འབྱེད་པའི་སྐབས། འགའ་ཤས་ཀྱི་རྣ་བར་གཟན་པར་སྲིད་ཀྱང་། འདིར་ནི་དོན་གྱི་གོ་བ་གཙོ་བོར་བཟུང་སྟེ་ཆོས་ཉིད་ཀྱི་རིག་པ་དང་མཐུན་པའི་ཁུལ་དུ་བྱས་པས། དངོས་པོའི་གནས་ལུགས་ལ་གཞི་བཅོལ་ཏེ་ཞིབ་མོའི་ལུགས་ཀྱིས་བལྟས་པ་ཡིན་ན། འགལ་འདུའི་ཕུང་པོ་ཞིག་ཏུ་འགྱུར་བའི་སྐབས་ཕྲའོ་སྙམ།


            སྒྲའི་རང་བཞིན་གྱི་ཡི་གེ་བཤད་པ། རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེས་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་དང་། ས་པཎ་སྒྲ་འཇུག་ཏུ་སྒྲ་གང་ཞིག་འབྲུར་ཆགས་པ་ཡི་གེའི་ངོ་བོར་བཞག་ཅིང་། འགོས་ལོ་ཙཱ་བ་དྷརྨ་པ་ལ་བྷ་དྲས་མཛད་པའི་སུམ་འགྲེལ་དུ་ང་རོ་དྲག་པོ་ཀ་ལ་སོགས་པ་རྣམས་ཞེས་དང་། ཕྱིས་ཀྱི་ཞབས་དྲུང་སུམ་འགྲེལ་སོགས་སུ་ཡི་གེ་སྒྲ་རང་མཚན་པར་བཞག་པ་སོགས་ཀྱིས། སྒྲའི་རང་བཞིན་གྱི་ཡི་གེ་ཡོད་པ་ལུང་གིས་གྲུབ་ཅིང་། རིགས་པས་ཀྱང་བསྒྲུབ་ནུས། དེ་ཡང་ཡི་གེ་སྐྱེད་བྱེད་ལ་རྒྱུ་མི་འདྲ་བ་སྔ་ཕྱི་རིམ་པ་ཅན་གཉིས་ཡོད་པ་ལས། དང་པོ་སྒྲའི་རང་བཞིན་གྱི་ཡི་གེའི་ངོ་བོར་འགྱུར་ངེས་མ་ཡིན་པའི་ནང་རྣམ་རྟོག་གི་ཆ་ཞིག་དང་། གཉིས་པ་སྒྲའི་རང་བཞིན་གྱི་ཡི་གེའི་ངོ་བོར་འགྱུར་ངེས་དབུགས་ཤྭཱ་སྭཱ་དང་རླུང་བཱ་ཡ་ཏ་རྣམས་སོ། ཕྱི་མས་ཉེར་ལེན་བྱས་ནས་བསྐྱེད་པའི་མིང་ཚིག་གི་རྩོམ་གཞིར་གྱུར་པའི་ང་རོའི་རྣམ་པ་ཅན་ནི། སྒྲའི་རང་བཞིན་གྱི་ཡི་གེ་ཡིན། <<མཛོད་རང་འགྲེལ་>>ལས། ཡིག་འབྲུ་རྣམས་གོ་བར་བྱ་བའི་ཕྱིར་ཡི་གེ་རྣམས་བྱས་པ་མ་ཡིན་གྱི། ཇི་ལྟར་ན་མིང་ཐོས་པ་བྲིས་པས་གོ་བར་བྱ་བའི་ཡིག་འབྲུ་རྣམས་བྱས་པ་ཡིན་པས་ཞེས་དང་། <<མཆིམས་མཛོད་>>ལས། ཀ་ལ་སོགས་ཡིན་ལ་དེ་དག་གོ་བར་བྱ་བའི་ཕྱིར་ཡིག་འབྲུའི་གཟུགས་སུ་གྱུར་པའི་ཀ་སོགས་བྱས་པ་ཡིན་ནོ། ཞེས་འབྱུང་བ་ལྟར་མཚོན་བྱ་དོན་གྱི་ཡི་གེ་ང་རོའི་རྣམ་ཅན་ལ་སྒྲའི་རང་བཞིན་གྱི་ཡི་གེ་ཞེས་པའི་བརྡས་བསྙད་ཅིང་བརྡ་དོན་ཡང་གྲུབ་ལ། མཚོན་བྱེད་ཡིག་འབྲུའི་གཟུགས་སུ་གྱུར་པའི་ཀ་སོགས་གཟུགས་ཀྱི་རྣམ་ཅན་ལ་ཡི་(སྒྲའི་རང་བཞིན་གྱི)གེ་ཞེས་བརྡ་ཆད་མ་མཛད་ཅིང་། མཚོན་བྱེད་(གཟུགས་ཀྱི་རང་བཞིན་གྱི)ཡི་གེ་ཉིད་དུ་ཟད་དོ། སྒྲའི་རང་བཞིན་གྱི་ཡི་གེ་རྣམས་<<སྨྲ་སྒོ་>>དང་<<གནས་བརྒྱད་>> སོགས་ལས་གསུངས་པ་བཞིན་གཞིའི་རྒྱུ། འབྱིན་པར་བྱེད་པའི་རྒྱུ། སྐུལ་བའི་རྒྱུ། སྐྱོད་པར་བྱེད་པའི་རྒྱུ་སྟེ་བཞི་ཚོགས་ཤུགས་ལས་རྣམ་འགྱུར་སྣ་ཚོགས་བསྐྱེད་ཅིང་། གང་ལྟར་སྐྱེད་པའི་ཚུལ་རྒྱས་པ་བོད་ཀྱི་སྒྲའི་བསྟན་བཅོས་ཆེན་པོ་གཞན་དུ་བལྟས་པས་འཐུས་པ་བྱས་ནས་འདིར་ཚིག་འདབ་ཀྱིས་ལྕི་བའི་ལྗོན་པ་མ་བཞེངས་སོ། །


             ཕྲན་གྱི་བསམ་པར་སྒྲའི་རང་བཞིན་གྱི་ཡི་གེའི་རྣམ་གཞག་མཛད་པའི་སྐབས་མ་གཏོགས་གཟུགས་དང་ཤེས་པའི་རང་བཞིན་གྱི་ཡི་གེ་ལ་གནས་བརྒྱད་སོགས་ཀྱི་རྣམ་གཞག་མཛད་པ་དགོས་པ་ཏིལ་འབྲུ་ཙམ་ཡང་མ་མཐོང་ཞིང་། གོང་དུ་བཤད་པ་བཞིན་བོད་ཀྱི་མཁས་པ་མང་པོ་ཞིག་གིས་ཡི་གེ་ཞེས་པའི་སྒྲ་གཟུགས་གཅིག་པ་དེ་ལ་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་དང་སྒྲའི་རང་བཞིན་གྱི་ཡི་གེ་ཤེས་པའི་རང་བཞིན་གྱི་ཡི་གེ་བཅས་སུ་ངོ་བོ་ཐ་དད་པར་སོ་སོར་བཀྲལ་ནས་མ་བཤད་པར། སྤྱིར་བཏང་བའི་ཡི་གེ་ལ་གནས་བརྒྱད་སོགས་ཀྱི་རྣམ་གཞག་མཛད་ནས་མཐར་ཆགས་སུ་བཤད་པ་ནི། སྔ་ཕྱི་མཁས་པ་མང་པོར་ཡི་གེའི་ཐད་ལ་རྩོད་པ་འབྱུང་བའི་རྐྱེན་རྩ་ཉིད་དུ་སེམས་སོ། དེ་ཕྱིར་ཁོ་བོས་སྒྲ་གཟུགས་ཤེས་གསུམ་གྱི་རྣམ་པར་ཕྱེ་བ་འདིས། སྔོན་གྱི་མཁས་པ་འགས་ཡི་གེ་སྒྲའི་རང་བཞིན་ཉིད་དུ་བཟུང་བ་དང་། འགས་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ཉིད་དུ་བཟུང་བ་དང་། འགས་ཤེས་པའི་རང་བཞིན་གྱི་ཡི་གེར་བཟུང་སྟེ། གནད་དུ་ཕུག་པའི་དཔྱད་པ་མ་བཏང་བར་རང་ལུགས་གཅིག་པུ་ལ་ཞེན་པའི་དབང་གིས་མི་མཐུན་པའི་རྩོད་གླེང་བྱུང་དང་འབྱུང་བཞིན་པ་དེ་དག་གཅིག་གྱུར་ཐག་ཆོད་ཀྱི་རང་བཞིན་ལྡན་པར་བསྒྱུར་ཐུབ། དེ་ལ་འགས་གཞུང་ལུགས་དེ་དག་ཏུ་ཡི་གེ་སྒྲ་རང་མཚན་པར་བཞག་ནས་འཆད་པ་སྐྱོན་མེད་དེ། གཞུང་ལུགས་དེ་དག་གི་འཆད་བྱ་གཙོ་བོ་བརྡ་སྤྲོད་པའི་རྣམ་བཞག་ཡིན་པའི་ཕྱིར་ཞེ་ན། བརྡ་སྤྲོད་པ་ལ་རྣམ་པ་དུ་མ་ཡོད་པས་མཐའ་གཅིག་ཏུ་སྒྲ་རིག་པའི་གཞུང་ལུགས་དང་གོ་བ་གཅིག་ཏུ་འཛིན་དགོས་དོན་མེད་ཅིང་། ལྷག་པར་གཞུང་ལུགས་དེ་དག་རྩ་བ་མཁན་པོའི་གཞུང་གི་ཚིག་དོན་གྱི་རྣམ་བཤད་ཤ་སྟག་ཡིན་པས། རྩ་བར་འབྲི་དང་ཀློག་དང་བཤད་རྣམས་ཀྱི། །ཞེས་པའི་རྐང་པ་འདིས་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ཡོད་པ་དོན་གྱིས་བསྟན་ཅེ་ན། ཚིག་དོན་གྱི་ཆ་ལ་འགལ་བ་མེད་པ་མ་ཟད། དོན་གཉེར་ཅན་རྣམས་ཀྱི་བློ་སྒོ་འཕེལ་ཕྱིར་ཁོ་བོས་གོང་དུ་བཤད་པ་ལྟར་སྤྱི་དང་བྱེ་བྲག་གི་ཁྱད་པར་སོ་སོར་བཤད་ན་བསྟན་བཅོས་ཀྱི་བསྟན་བྱ་ཡོངས་སུ་རྫོགས་པ། ངོམ་དུ་རི་བའི་དགེ་མཚན་ཁྱད་པར་བ་ཞིག་ལས། སྐབས་དང་མ་འབྲེལ་བ་སོགས་བསྟན་བཅོས་ཀྱི་སྐྱོན་དུ་འགྱུར་མི་སྲིད་དོ། །


           འཕྲོས་ལ་འཇུག་པར་བྱ། སྒྲ་རང་མཚན་པར་བཞག་པའི་ཡི་གེ་རེ་རེ་བས་རྩོམ་གཞི་བྱས་ནས་གྲུབ་པའི་སྒྲའི་བསྟན་བཅོས་དང་། བཀའ་བསྟན་གྱིས་བསྡུས་པའི་སྡེ་སྣོད་གསུམ་དགོངས་འགྲེལ་དང་བཅས་པ་སྒྲའི་རང་བཞིན་ལས་མ་འདས་པ་ངེས་པར་བྱ་དགོས། དེ་ཡང་། སྒྲའི་བསྟན་བཅོས་(བྱཱ་ཀ་ར་ཎ)ལུང་སྟོན་པའམབརྡ་སྤྲོད་པ་ཞེས་པ་ཡང་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱིས་བརྡ་སྤྲོད་པ་ལྟ་བུ་མ་ཡིན་པར་འདི་ཉིད་འཇུག་པ་དང་རྣམ་དབྱེ་ཚིག་ཕྲད་སོགས་ཀྱིས་ཀུན་གོ་བར་བྱེད་པས་སྟོན་པའོ། ཞེས་འབྱུང་བ་ལྟར་དབྱངས་གསལ་སྡེབ་སྦྱོར་གྱི་སྒྲ་ཐབས་གཅིག་པུས་བརྡ་སྤྲོད་པའི་མན་ངག་རྣམས་གསལ་བར་བརྗོད་པ་ཡིན་ནོ། །


           གཞན་ཡང་། རྩ་བའི་ཉེར་ལེན་སྒྲ་ཡིན་པ་གང་ཞིག་ལ་ཉེར་འབྲས་སྒྲ་མ་ཡིན་པ་མི་སྲིད་པས་གོང་དུ་བཤད་པའི་སྒྲའི་བསྟན་བཅོས་དང་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཐམས་ཅད་སྒྲའི་རང་བཞིན་ལས་མ་འདས་ཞེས་བཤད་ན་དོན་ལ་གནས་སམ་སྙམ། སྐབས་དོན་གྱི་ཡི་གེ་ཞེས་པ་དོན་མི་སྟོན་ཅིང་མིང་ཚིག་གི་རྩོམ་གཞིར་གྱུར་པའི་སྒྲ་ལམ་བརྒྱུད་པའི་སྐད་གདངས་ཀྱི་རྣམ་པ་ཅན་ལས་གཞན་དུ་གོ་བ་འཁྱེར་ས་མེད། གནད་འདི་ལ་གངས་ཁྲོད་ཀྱི་མཁས་པ་མང་པོས་ཞིབ་མོས་དབྱེ་འབྱེད་མ་གནང་བར་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཡི་གེའི་ངོ་བོར་བཞག་སྟེ་ཡི་གེ་ལ་སྐད་གདངས་ཀྱིས་ཁྱབ་པའི་རྣམ་གཞག་སྤྱིར་བཏང་གིས་འབྱུང་མོད། འདི་ནི་མཁས་པས་ཐུགས་མཉམ་མ་གཞག་པའི་མངོན་རྟགས་སུ་ཟད་དེ། སྤྱིར་ཡི་གེ་ལ་རྟོག་འཆར་གྱི་བློས་བསླངས་དང། ཀ་སོགས་སྐད་གདངས་མཚོན་བྱེད་ཀྱི་སྒྲའི་བརྡ་རྟགས་གཟུགས་ཅན་པ་སོགས་ཡོད་པས་འདི་དག་ལ་སྐད་གདངས་ཀྱིས་ཁྱབ་པར་སྨྲ་མི་ཐུབ། དང་པོ་ནི། ནང་རྣམ་རྟོག་གི་རིགས་སུ་ངེས་པས་མི་འདུ་ལ། གཉིས་པ་ནི། གཟུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པས་བསྡུ་མི་ཐུབ། དེ་བས་གོང་དུ་བྱུང་བ་ལྟར་མཁས་པ་མང་པོས་ཡི་གེ་ལ་རིགས་དང་ངོ་བོའི་ཁྱད་པར་གང་ལའང་གསལ་ཁ་མེད་པར་སྒྲའི་རང་བཞིན་དུ་ཁས་བླངས་པས་ཡི་གེའི་ངོ་བོའི་བསྡུ་ཚད་ཀྱི་ནུས་པ་ཆུང་དུ་བཏང་ཞིང་། རིགས་བསྡུས་ཀྱི་ཡི་གེ་ཐམས་ཅད་ལ་ཁྱབ་མི་ཐུབ་པའི་སྐྱོན་འབྱུང་བ་སྣང་བས། འདི་ལ་སྒྲ་ཡངས་དོག་གི་གསུང་ཟུར་ཞིག་བྱུང་ན་ནི། ཡི་གེས་བསྡུ་ཚད་ཀྱི་ནུས་པའི་འགོག་རྐྱེན་བསལ་ཐུབ་པར་སྙམ་ཡང་། དེ་འདྲའི་ཁྱད་པར་གཞུང་རང་དུ་ཟུར་ཙམ་ཡང་མི་གསལ་བས་སྐྱོན་དེ་འགོག་མེད་དུ་འབྱུང་ངམ་སྙམ་མོ། འདི་ལ་འགར། སྤྱི་ཚོགས་གང་ཞིག་གི་རྒྱུན་སྤྱོད་ཀྱི་སྐད་ཆའི་གྲུབ་གཞི་དེ་ལ་སྒྲའི་རང་བཞིན་གྱི་ཡི་གེ་ཞེས་བཤད་ན་ནི། སྐད་ཆ་བཤད་ཤེས་པ་ཙམ་གྱིས་ཡི་གེ་ཤེས་པར་འགྱུར་བའི་དོགས་པ་སྐྱེ་སྲིད་ཀྱང་། མ་བརྟགས་མ་དཔྱད་པར་གྲགས་པ་གཙོ་བའི་ལུགས་སུ། ཡི་གེ་འབྲི་ཤེས་པ་དང་། གཞན་གྱིས་འབྲི་རྩོམ་བྱས་པའི་རྩོམ་ཡིག་ཀློག་ཐུབ་པ་ཙམ་ཡི་གེ་ཤེས་པའི་ཚད་དུ་འཇོག་པ་བདེན་ཡང་། གྲགས་པའི་གཏམ་ཙམ་ལ་གཙིགས་སུ་འཛིན་པ་ནི། མཁས་པའི་ཁྱད་ཆོས་སུ་མཐོང་དཀའ་བས། ཡི་གེ་ཞེས་པའི་སྒྲ་གཟུགས་གཅིག་པ་དེ་ལ་སྤྱི་བྱེ་བྲག་གི་དབྱེ་བ་དང་། སྐབས་དོན་སོ་སོའི་ཡི་གེ་ཞེས་པའི་གོ་དོན་དང་ཁྱད་པར་དེ་དག་གི་བརྡའི་ཁྱབ་ཚད་བཅས་རྟ་མོག་གི་སྤུ་ལྟར་མང་བ་མ་འདྲེས་པར་བྱང་ཆུབ་པར་བྱས་ན། གཞི་ནས་ཡི་གེ་ཤེས་མི་ཤེས་ཀྱི་འཇོག་མཚམས་གྲགས་པའི་གཏམ་ཙམ་ལ་སྐྱབས་བཅོལ་མི་དགོས་པར་དོན་དང་མཐུན་པར་འཇོག་ཐུབ།


          གཞན་ཡང་། ཀླད་དུ་དུས་རབས་བདུན་པའི་ཡན་ཆོད་དུ་བོད་ལ་(སྒྲའི་རང་བཞིན་གྱི)ཡི་གེ་མེད་ཅེས་བཤད་མཁན་དེ་ལ། རྟགས་འཇུག་རྩ་བར། དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །ཞེས་པ་ལྟར། སྤྱི་ཚོགས་གང་ཞིག་སྐད་ཆའི་ངོ་བོ་ལྡན་པའི་ངག་གི་རྣམ་འགྱུར་གྱིས་བརྡ་སྤྲོད་པའི་དུས་རིམ་ཞིག་ཏུ་སླེབས་པ་ནས་བཟུང་འཚོ་བའི་ཉེར་མཁོ་སྐད་ཆའི་བརྒྱུད་རིམ་ཁྲོད། ངག་རྩའི་སྲད་པུ་ལ་བརྒྱུས་པའི་ཡི་གེ་རང་ཆས་སུ་གདའ་ཡང་། དེ་ལ་དེར་འདུ་མ་ཤེས་པར་ཟད་ཅིང་། དཔེར་ན། མིང་མ་བཏགས་པའི་བྱིས་པ་བཞིན་ནོ། གལ་ཏེ་ད་དུང་ཡང་། དུས་རབས་བདུན་པ་ཡན་ཆོད་དུ་ཡི་གེ་མེད་ཅེས་དང་། ཡི་གེ་ལ་སྒྲ་གདངས་ཀྱིས་ཁྱབ་པར་འདོད་པའི་དམ་བཅའ་མི་འདོར་ན། གོང་དུ་དྲངས་པའི་ལུང་རིགས་ཀྱི་གནོད་བྱེད་མཐར་ཆགས་སུ་བཀོད་པ་དེ་དག རིགས་པ་ཡང་དག་གིས་བཟློག་ནུས་ན་རྗེས་སུ་ཡི་རང་བྱེད་ངེས་ཡིན་ལ་མི་ནུས་ན་བླུན་པོའི་ཨུ་ཚུགས་ཀྱི་རྣམ་ཐར་མི་སྐྱོང་བར་ཞུ། གཞན་ཡང་། ཁྱེད་ཀྱིས་ཡི་གེ་ལ་སྒྲ་གདངས་ཀྱིས་ཁྱབ་པར་ལྟ་བ་དང་། དུས་རབས་བདུན་པའི་ཡན་ཆོད་དུ་བོད་ལ་ཡི་གེ་མེད་པར་ཐོན་མིས་གསར་གཏོད་བྱས་པར་འདོད་པ་གཉིས། དོན་ལ་ཧེ་བག་ཡོད་པས། འགལ་འདུའི་ཕུང་པོ་ཞིག་ལས་དོན་གྱི་གནད་གཅིག་ཏུ་བསྒྲིལ་བའི་སྐབས་ནམ་དུ་ཡང་མི་སྲིད་དོ། དེ་བས་འདོད་ཚུལ་དེ་གཉིས་གང་ཟག་གཅིག་གི་ལྟ་བའི་ཁྱད་པར་དུ་འཛིན་པ་ནི་བློ་གྲོས་རྩིང་བའི་མངོན་རྟགས་སུ་ངེས་སོ། གནད་དོན་འདིའི་སྐོར་ལ་བཤད་ཡམས་མང་ཡང་ལོ་རྒྱུས་ཀྱི་རང་བཞིན་ལས་མ་འདས་པས་སྤྲོས་པ་མི་བྱའོ། །


            གཟུགས་ཀྱི་རང་བཞིན་གྱི་ཡི་གེ་བཤད་པ། མིའི་འགྲོ་བ་ནི་གནའ་བོའི་སྤྲ་སྤྲེལ་ལས་རིམ་གྱིས་འཕེལ་འགྱུར་བྱུང་བ་ཞིག་དང་། དེ་བཞིན་སྐད་ཆ་ཡང་དེ་དག་གི་མཐུན་མོང་གི་དཔལ་འབྱོར་དང་འཚོ་བའི་ཁྲོད་དུ་དགོས་ངེས་ཅན་ལ་བརྟེན། དེ་དག་གི་ཐོན་སྐྱེད་ངལ་རྩོལ་གྱི་བར་གསེང་ལས་བྱུང་སྟེ། རིམ་བཞིན་ལོ་རྒྱུས་འཕེལ་ཤུགས་ཀྱི་གོམ་འགྲོས་དང་བསྟུན་ནས། བརྗོད་འདོད་ཀྱི་བསམ་བློའི་དྲན་རྟོག་རྣམས་སྐད་ཆའི་ངོ་བོ་ལྡན་པའི་ངག་གི་རྣམ་འགྱུར་གྱི་ལམ་ནས་བརྡ་སྤྲོད་པའི་ཡར་ཐོན་ཅན་གྱི་སྐད་ཆའི་ཁྱིམ་གཞིར་སླེབས་པ་རེད། དེ་བས་སྐད་ཆ་ཡང་མིའི་འགྲོ་བའི་སྤྱི་ཚོགས་དང་འདྲ་བར་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཁུག་ཀྱོག་མང་པོ་ཞིག་བརྒྱུད་ནས་འོངས་པ་ཡིན་པ་གོར་མ་ཆག འཕེལ་འགྱུར་རང་བཞིན་གྱི་བྱ་དངོས་གང་ཡིན་ཡང་། དང་པོ་མེད་པ་ནས་ཡོད་པ། དེ་ནས་འཚར་ལོངས་འགྲོ་བའི་བྱིས་པ་བཞིན། སྤྱི་ཚོགས་འཕེལ་འགྲིབ་དང་། ཁོར་ཡུག་གི་འགྱུར་བ་བཅས་དང་འགྲོགས་ནས་ཁྱད་ཆོས་ཡོངས་སུ་རྫོགས་པའི་ཡར་ཐོན་གྱི་རྣམ་པ་ཅན་དུ་འགྲོ་ངེས་ཡིན། གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ནི། དེ་ལྟ་བུའི་སྐད་ཆའི་གཞི་རྩའི་རྨང་གཞིའི་སྟེང་ནས་བསྐྲུན་པ་དང་། དེ་ཡང་སྤྱི་ཚོགས་དེའི་བསམ་བློའི་ཆུ་ཚད་ངེས་ཅན་ལ་སླེབས་ནས་འབྱུང་འོས་པ་ལས། གཞན་དུ་ན་གསར་གཏོད་ཀྱི་སྤོབས་པ་སོགས་མེད་པས་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ཡོད་པའི་སྤྱི་ཚོགས་སུ་སླེབས་དཀའ། གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ལའང་གཞུང་གཞན་དུ་བཤད་པའི་དངོས་གཟུགས་ཀྱི་ཡི་གེ་དང་དོན་རྟགས་ཀྱི་ཡི་གེ་སོགས་བརྡ་ཆད་མི་འདྲ་བ་མང་ཡང་། ཚིག་གི་སྤྲོས་པར་འཇིགས་ནས་མ་བྲིས་སོ། ཁ་བ་གངས་ཅན་གྱི་ལྗོངས་འདིར་ཡང་། བཤད་མ་ཐག་པ་བཞིན། ཡུལ་དུས་ལ་དཔག་པའི་བསམ་བློའི་ཆུ་ཚད་སྨིན་པ་ན་ཡི་གེ་ཡོད་མེད་ཀྱི་ཡུལ་ལུང་ཡར་རྒྱས་ལ་ཧེ་བག་ཆེན་པོ་མཐོང་ནས། ཡི་གེ་ཡོད་པའི་རྒྱལ་ཁབ་ཡར་རྒྱས་ལ་ཡིད་ཕྱོགས་ཏེ་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་རྒྱ་གར་དུ་བརྫངས། དེས་ཀྱང་རྒྱལ་བོའི་བཀའ་ལྟར་ཡིག་རིགས་མང་པོར་བྱང་ཆུབ་པ་སྦྱངས་ནས་མཐར་བོད་རང་ལ་མཁོ་བའི་ཡི་གེ་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གཏན་ལ་ཕབ་པའི་ཐོག་མའི་ཡིག་ཁྱིམ་དེ་བཟོས་ཤིང་། གཞི་རིམ་གྱི་རྨང་གཞི་དེའི་སྟེང་། བོད་ཀྱི་སྐད་གདངས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ལ་གཞིགས་ཏེ། སུམ་ཅུ་པ་དང་རྟགས་འཇུག་ལ་སོགས་པའི་སྒྲ་རིག་པའི་གཞུང་ལུགས་བརྒྱད་བརྩམས་པ་ཡིན། འོན་ཀྱང་དེ་ལས་སུམ་ཅུ་པ་དང་རྟགས་འཇུག་མ་གཏོགས་གཞན་དྲུག་གླང་དར་མའི་ཉེས་བྱས་ཀྱི་རླབས་རིས་སུ་འཐིམས་པས། ད་ལྟ་མིང་ཙམ་ཡང་མི་མངོན་པའི་གནས་སུ་གྱུར། དེ་ལྟར་ན་ཡང་དུས་རབས་བདུན་པ་ནས་བཟུང་བོད་ཤེས་རིག་ཡར་ཐོན་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་པའི་གོམ་འགོ་ཚུགས་པ་ཡིན་ཅེས་སྨྲས་ཀྱང་ཆོག་གམ་སྙམ།


          ཡང་འགའ་ཤས་ཀྱིས་ཐོན་མིའི་ཡན་ཆོད་དུ་བོད་ལ་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ཡོད་པར་འདོད་པ་དང་། འགའ་ཤས་ཀྱིས་ཐོན་མིས་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་གསར་གཏོད་མཛད་ཅེས་བཞེད་པ་གཉིས་ལས། སྔ་མ་ནི་སྤྱིར་བཏང་གི་བསམ་ཚུལ་ཞིག་ལས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་ཙམ་མེད་པས། ཕྱི་མའི་རིང་ལུགས་དེ་ངེས་དོན་དང་ཉེ་བར་འཁུམས། འོ་ན་ཇི་ལྟ་བུ་ལ་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ཞེས་བྱ་ཞེ་ན། གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ཞེས་པ་ནི། ཀ་སོགས་སྐད་གདངས་མཚོན་བྱེད་ཀྱི་སྒྲའི་བརྡ་རྟགས་གཟུགས་ཅན་པ་ལ་བྱེད་ཅིང་། དེ་ཡང་སྐད་ཆའི་ངོ་བོ་ལྡན་པའི་ངག་གི་རྣམ་འགྱུར་རྣམས་རྣ་བའི་སྤྱོད་ཡུལ་ལས་མིག་གི་སྤྱོད་ཡུལ་དུ་མཐོང་བར་བྱེད་པའི་བརྡ་རྟགས་སམ་རི་མོ་ངེས་ཅན་ཡིན་དགོས། གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ཐམས་ཅད་སྐད་ཆ་ལས་བྱུང་བ་ཡིན་ཞེས་བཤད་པ་ཡང་གནད་འདི་ལ་ཐུག་པ་ཡིན། རང་རེ་བོད་ཀྱི་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ནི་རྣམ་པ་གཅིག་ཀྱང་དོན་མི་འདྲ་བ་མང་པོར་འགྱུར་བ་དང་། གཟུགས་མི་འདྲ་བ་དུ་མས་དོན་གྱི་ངོ་བོ་གཅིག་བསྟན་པ། མདོར་ན། ཕྲ་རགས་ལ་མ་ལྟོས་པར་བྱ་དངོས་གཅིག་སྟོན་བྱེད་ལ་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་མི་འདྲ་བ་རེ་ཡོད་པས། ཤེས་བྱའི་རྣམ་གྲངས་ལ་ངེས་པ་མ་རྙེད་པ་དེ་སྲིད་དུ། བོད་ཀྱི་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་ལ་གྲངས་འདི་ཡོད་དང་འདི་མེད་ཀྱི་ཆོད་གཏམ་འཇོག་པའི་སྤོབས་པ་སུ་ལ་ཡང་མེད་། འགས་བོད་ཀྱི་མིང་རྐྱང་དང་བྱ་ཚིག་སྟོན་བྱེད་ཡི་གེ་ལ་གྲངས་ཚད་ཀྱིས་གཏན་ལ་ཕབ་པ་ནི་རྒྱུག་ཆེ་བའི་ཚད་ལྡན་གཞུང་ལུགས་ཁྲོད་ཀྱི་ཐ་སྙད་ལ་དགོངས་པ་ཡིན་པར་ངེས་ཀྱང་དེས་བོད་སྐད་ལ་ཁྱབ་མི་ཐུབ་པར་བརྟེན། རགས་པའི་དཔྱོད་ལུགས་སུ་བྱས་པར་འཁུམས། ཨ་ལ་ཤའི་མཁས་པའི་ཁ་རྒྱན་དུ་ཤེས་བྱ་རེ་ལ་མིང་རེ། མིང་རེ་ལ་ཡི་གེ་མི་འདྲ་བ་རེ་ཡོད་པས་བོད་ཀྱི་ཡི་གེ་ལ་ཟད་མཐའ་མེད་པས་ཞིབ་ཏུ་བསླབ་དགོས་སོ། ཞེས་པ་དོན་དང་མཐུན་པའི་གསུང་དུ་སྣང་ངོ། །
མིང་ཚིག་གི་གྲུབ་སྟངས་བཤད་པ། སྒྲ་གཟུགས་གཅིག་འདུས་རང་གཞིན་གྱི་ཡི་གེའི་སྟེང་ན་མིང་ཚིག་གི་ཁྱིམ་གཞི་བཟོ་སྟངས་ནི། དང་པོ་ལ། མངོན་པ་ནས་བཤད་སྟངས་དང་། བརྡ་སྤྲོད་པའི་གཞུང་ནས་བཤད་ཚུལ་མི་འདྲ་བ་མང་ཡང་། ཚིག་རིས་ཙམ་ལས་དོན་རྩ་བར། རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །ཅེས་པ་ལྟར། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པ་ཞེས་པའི་གོ་བའི་སྟེང་ལ་འབབ་པ་གཅིག་པ་ཡིན། དེས་ན་ཀ་བ། ལྷ། མི། ས། ཆུ་ལྟ་བུས་མཚོན་པའི་ཡི་གེ་རྐྱང་པ་དེ་དག་གིས་དོན་གྱི་ངོ་བོ་ཙམ་སྟོན་མི་ནུས་སམ་ཞེ་ན། སྟོན་ནུས། དེ་དག་ལ་རྗེས་འཇུག་བཅུ་དངོས་སུ་མེད་པ་ནི། ཡི་གེ་ཟོར་ཡང་བའི་ཆེད་བཀས་བཅད་སྔ་ཕྱིའི་སྐབས་སུ་བསྡུ་བ་མཛད་པ་ལས། ཐོབ་ཐང་མེད་པའམ་རྗེས་འཇུག་འ་ཡིག་མི་གསལ་བའི་ཚུལ་གྱིས་ཞུགས་མེད་པ་མ་ཡིན། བོད་ལ་ལེགས་སྦྱར་ལྟར་རྣམ་དབྱེ་དང་པོ་ཟུར་དུ་སྟེར་རྒྱུ་མེད་པར། <<དཀའ་གནད་གསལ་མེ་>>ལས། དེ་ཡང་ཆོས་རྣམས་ངོ་བོ་ཙམ། །བརྗོད་པ་རྣམ་དབྱེ་དང་པོ་སྟེ། །དཔེར་ན་བུམ་པ་ཀ་བ་བཞིན། །ཞེས་པ་ལྟར་མིང་རྐྱང་ཉིད་ལ་རྣམ་དབྱེ་དང་པོ་ཞེས་བརྡ་ཆད་མཛད་ཅིང་། དེ་ཡང་རང་གི་ངོ་བོ་ཆོས་གཞན་དང་མ་འདྲེས་པར་འབྱེད་པའི་གཞན་སེལ་གྱི་ནུས་པ་ཅན་ཤ་སྟག་ཡིན་དགོས་ཏེ། གསེར་ཏོག་སུམ་འགྲེལ་ལས། ཀ་བ་ཞེས་པའི་མིང་ལ་རྣམ་དབྱེ་དང་པོ་ཟུར་དུ་སྟེར་རྒྱུ་མེད་ཀྱང་ཀ་བ་ཞེས་བརྗོད་པས་ཀ་བ་ཆོས་གཞན་དང་མ་འདྲེས་པར་གསལ་བར་སྟོན་བྱེད་ཀྱི་སྒྲའི་ཆ་ཤས་ཤིག་ཡོད་པ་དེས་དང་པོའི་གོ་ཆོད་པར་སོང་བ་ཡིན་ལ། ཆ་ཤས་དེ་མེད་ན་ཀ་བ་སྤྱི་ཙམ་པའི་མིང་དུ་ཤེས་དགོས་པས་དཀའ་བའི་གནས་ཀྱང་ཡིན། ཅེས་གསུངས་པའི་ཕྱིར། འོན་ཀྱང་ཡི་གེ་འདུས་པ་ཙམ་གྱིས་དོན་གྱི་ངོ་བོ་སྟོན་པའི་མིང་དུ་མི་འགྱུར་ཏེ། དཔེར་ན། རྐག འཁྱ། འགྱན། རྨབ། བརྫུལ། མཚས་སོགས་ཡི་གེ་དུ་མ་འདུས་ཀྱང་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དུ་མི་འགྱུར་བའི་གནད་ཤེས་གལ་ཆེ། ས་པཎ་མཁས་འཇུག་ལས། དོན་གྱི་ངོ་བོ་ལ་བརྡ་མི་སྤྲོད་ན་ཡི་གེ་འདུས་པ་ཙམ་གྱིས་མིང་དུ་མི་འགྱུར་ཏེ། དོན་མི་སྟོན་པའི་ཡི་གེ་འདུས་པའང་མིང་དུ་ཐལ་བས་སོ། ཞེས་གསུངས།


           གཉིས་པ་ཚིག་ཅེས་པ་ནི་གྲོགས་ཀྱི་དབང་གིས་སྐབས་འགར་གོ་བ་གཞན་དུ་འཁྱེར་ས་དཔེར་ན། ཚིག་རྒྱན། ཚིག་ཕྲད། ཚིག་འཁྲི། ཚིག་འཆལ། ཚིག་མཐའ། ཚིག་བདག ཚིག་པ། ཚིག་འཕྲོ། ཚིག་འབྲུ། ཚིག་ཤུགས། ཚིག་གསལ་སོགས་ཤིན་ཏུ་མང་ཡང་། སྐབས་འདིའི་ཚིག་ཅེས་པ། ངག་གི་ཕྲེང་བ་མཐར་ཆགས་སུ་སྤེལ་བ་ལ་གོ་དགོས། མིང་འདུས་ཀྱང་དོན་གྱི་ཁྱད་པར་མི་སྟོན་ན། ཚིག་གི་ངོ་བོ་མ་ཚང་བས་ཚིག་ཏུ་མི་འགྱུར་ཏེ། མཁས་འཇུག་ལས། དོན་གྱི་ཁྱད་པར་མི་སྟོན་ན། མིང་འདུས་པ་ཙམ་གྱིས་ཚིག་ཏུ་མི་འགྱུར་ཏེ། ཁྱད་པར་མི་སྟོན་པའི་མིང་རྐྱང་མང་དུ་འདུས་པའང་ཚིག་ཏུ་ཐལ་བས་སོ། ཞེས་གསུངས། ལར་གཞི་གཅིག་ལ་མིང་ཚིག་གཉིས་འགལ་ཡང་། གཙོ་བོ་བརྗོད་པ་བོའི་བསམ་དོན་ལ་ལྟོས་དགོས། བརྗོད་པ་པོའི་བསམ་དོན་གྱི་དབང་གིས་མིང་ཚིག་གཉིས་སུ་འགྱུར་བའི་རིགས་གཅིག་ཡོད། དཔེར་ན། ཀ་བ་རིང་བོ་ཟུར་བརྒྱད་ལྟ་བུ། བརྗོད་པ་པོས་ཀ་བ་རིང་བོ་ཟུར་བརྒྱད་ཀྱི་ངོ་བོ་ཙམ་ལ་དམིགས་ནས་བརྗོད་པར་བྱས་ན། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་དང་། ཀ་བའི་ཁྱད་པར་གྱི་ཆོས་རིང་བོ་སོགས་ལ་བསམས་ནས་བརྗོད་ན། མིང་གི་ངོ་བོ་དོར་ནས་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཏུ་འགྱུར་རོ། །


           གཞན་ཡང་། སྐབས་འདིར་རྣམ་དབྱེ་དང་པོ་དང་སླར་བསྡུ་འབྲེལ་བ་ཅན་ཡིན་མིན་གྱི་སྐོར་སོགས་དོགས་གནད་ཅན་མང་ཡང་། གཞུང་གི་གཙོ་བོའི་བརྗོད་བྱ་དང་དེ་ཙམ་འབྲེལ་མི་ཆེ་བས་མ་བྲིས་སོ། གོང་དུ་བཤད་པ་བཞིན་འགའ་ཤས་ཀྱིས་ཡི་གེ་ལ་གཟུགས་ཀྱི་རང་བཞིན་གྱི་ཡི་གེས་ཁྱབ་པར་ལྟ་བ་ནི། མ་བརྟག་པའི་ཧང་གཏམ་འབའ་ཞིག་ཏུ་འཁུམས་སོ། །


           ཤེས་པའི་རང་བཞིན་གྱི་ཡི་གེ་བཤད་པ། <<ཤེས་བྱ་ཀུན་ཁྱབ་>>ལས། ལུང་གི་ངོ་བོ་དག་ནི་རྣམ་རིག་སྟེ། །རྒྱལ་བའི་ཡེ་ཤེས་འགྲོ་སེམས་དག་པ་ལས། །གདུལ་བྱའི་ཤེས་པ་མིང་ཚིག་ཡི་གེར་སྣང་། །ཞེས་དང་། ཡང་དེ་ཉིད་ལས། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་མྱ་ངན་ལས་འདས་པའི་རྒྱུ་འབྲས་ངོ་བོ་ཉིད་གསུམ་གང་རུང་བརྗོད་བྱའི་གཙོ་བོར་གྱུར་པ་ངག་གི་རྣམ་པར་སྣང་བའི་རྣམ་རིག་ལུང་གི་ཆོས་འཁོར་གྱི་མཚན་ཉིད་དུ་བཞག་པ་དང་། ཡང་། དཔང་ལོའི་<<ཚོགས་གསུམ་གསལ་བ་>>ལས། རྣམ་རྟོག་དབང་གིས་རླུང་གཡོས་ཤིང་། །དེ་ཡིས་གནས་དང་བྱེད་པ་དང་། ། ཞེས་པ་དང་། <སྨྲ་སྒོ་མཚོན་ཆ་>> ལས། སྒྲའི་རང་བཞིན་གྱི་ཡི་གེ་ལ་རྩ་བའི་རྒྱུ་བཞི་ཡོད་པའི་དང་པོར་སྐུལ་བར་བྱེད་པའི་རྒྱུ་བཞག་ནས། དེ་ནི་བྱེད་པ་པོ་སྐྱེས་བུ་དང་འདྲ་ཞེས་གསུངས་པ་དང་། ངག་གི་དབང་ཕྱུག་དོན་འགྲུབ་རྒྱལ་གྱི་<<མགུར་གླུ་བྱུང་འཕེལ་སྐོར་གྱི་ལོ་རྒྱུས་>>ལས། སྙན་ངག་ནི་བློ་ཡི་ཁྱབ་ཕྱོགས་ཤིག སེམས་ལ་ངེས་པ་ནི་བློ་ཡིན་ལ། དེ་ངག་ལས་འཁྲོལ་བ་ནི་སྙན་ངག་གོ་ཞེས་གསུངས་པ་སོགས་ལས། ང་ཚོས་བསམ་གཞིགས་ཀྱིས་ཤེས་ཐུབ་པ་ནི། གང་ཞིག་སྒྲ་གཟུགས་ཀྱི་ཡི་གེ་སོ་སོའི་རྣམ་ལྡན་དུ་སྐྱེད་པའི་རྩ་བའི་ས་བོན་ལྟ་བུའི་རྒྱུ་ཞིག་ཡོད་པ་དང་། དེ་ཡང་། སྒྲ་ལམ་མ་བརྒྱུད་པའི་ཀ་ལ་སོགས་པ་རྟོག་འཆར་གྱི་བློས་བསླངས་ཏེ། ཤེས་པའི་རང་བཞིན་གྱི་ཡི་གེ་ཉིད་དུ་ངེས་པའོ། སྨྲ་སྒོ་དང་གནས་བརྒྱད་སོགས་ནི། སྒྲའི་རང་བཞིན་གྱི་ཡི་གེའི་རྣམ་གཞག་འཆད་པའི་གཞུང་ཡིན་པར་ངེས་པ་རྙེད་ན། བསམ་རྒྱ་གུ་དོག་པོའི་ལྟ་བ་དེ་ལས་གྲོལ་ནས། ཁོ་བོས་བཤད་པའི་དངོས་དོན་འདི་ཇི་བཞིན་པ་རྟོགས་པའི་གྲོགས་སུ་འགྲོ། གང་ཞིག་ལ་སྒྲའི་རང་བཞིན་གྱི་ཡི་གེ་བརྗོད་འདོད་སྐྱེས་པའི་ཚེ། སྒྲ་ལམ་བརྒྱུད་དེ་སྒྲའི་ངོ་བོར་མ་བསྐྱེད་པའི་བར་གྱི་བརྗོད་འདོད་པའི་ཀུན་སློང་གིས་ཟིན་པའི་རྟོག་པ་དེའི་ངོར་འཆར་བའི་ཡི་གེ་ཀ་ལྟ་བུ་སོགས་ནི། སྒྲ་གཟུགས་གང་གིས་ཀྱང་མ་བསྡུས་པར་ཤེས་པའི་རང་བཞིན་གྱི་ཡི་གེ་ཉིད་དུ་གྲུབ་སྟེ། ཀུན་རྟོག་གི་ཁྱད་པར་གྱི་ཡི་གེ་ཡིན་པའི་ཕྱིར། གོང་དུ་བཤད་པའི་བརྗོད་འདོད་ཀྱི་ཀུན་སློང་གིས་ཟིན་པའི་རྣམ་རྟོག་གི་གཡོ་བ་སྔོན་དུ་མ་སོང་བར་སྒྲའི་རང་བཞིན་གྱི་ཡི་གེ་དང་། གཟུགས་ཀྱི་རང་བཞིན་གྱི་ཡི་གེ་གང་ཡང་མི་འགྲུབ་པ་ཡིན། གསལ་བར་བཤད་ན། སྒྲའི་རང་བཞིན་གྱི་ཡི་གེ་གང་ཞིག་ངག་གི་འདུ་བྱེད་ལས་བརྗོད་པ་ལ། སྔོན་འགྲོའི་ཆ་རྐྱེན་ལྟ་བུར་སེམས་སམ་རྟོག་ངོར་ཀ་ལྟ་བུའི་བརྗོད་གཞིའི་དོན་གྱི་སྣང་བ་ཤེས་པའི་རང་བཞིན་གྱི་ཡི་གེ་ཀ་ལྟ་བུ་ངེས་པར་འཆར་དགོས་ཤིང་། འདི་ལྟར་རྟོག་ངོར་འཆར་བའི་བརྗོད་གཞིའི་དོན་གྱི་སྣང་བ་ཀ་ལྟ་བུ་ཡི་གེ་གསལ་ལེ་བ་དེ་ནི། སྒྲའི་རང་བཞིན་གྱི་ཡི་གེ་དང་། གཟུགས་ཀྱི་རང་བཞིན་གྱི་ཡི་གེ་གཉིས་བསྐྱེད་པའི་རྩ་བའི་ས་བོན་ལྟ་བུ་ཡིན། དེ་ལ་འགའ་ཤས་ཀྱིས། ཤེས་པའི་རང་བཞིན་གྱི་ཡི་གེ་ང་རོའི་རྣམ་ཅན་མ་ཡིན་པས་ཞེས། ང་རོའི་རྣམ་ཅན་མ་ཡིན་པ་ཡི་གེ་མིན་པའི་སྒྲུབ་བྱེད་དུ་བཀོད་པ་ནི་འཐད་པར་མ་མཐོང་། གཞན་ཡང་། མིང་ཚིག་གི་ཐ་སྙད་དང་། བློའི་ཐ་སྙད་བཅས་ཁས་ལེན་མི་ལེན་ཡང་། ཤེས་པའི་རང་བཞིན་གྱི་ཡི་གེ་ཁས་ལེན་མིན་གྱི་གནད་ལ་འབྲེལ་བ་དམ་པོ་ཡོད།


           ཡི་གེའི་བྱེད་ནུས་བཤད་པ། གནད་འདི་ལ་སྔོན་གྱི་མཁས་པ་མང་པོས་བཞེད་ཚུལ་མི་འདྲ་བ་མང་དག་ཅིག་བཀོད་པ་རྣམས་དོན་གྱི་གོ་བས་ཕྱོགས་སུ་དྲིལ་ནས་བཤད་ན། ནང་ཤེས་པའི་བྱེད་རྩོལ་གྱིས་ཉམས་སྣང་གི་རྟོག་པ་དང་། དྲན་རྟོག་གི་འཆར་སྒོ་སྟེ་མདོར་ན་སེམས་ཀྱི་འགྱུར་བ་དང་འདུ་ཤེས་འཛིན་སྟངས་ཀྱི་རྣམ་རྟོག་གི་ལྟ་བ་དེ་སྒྲའི་རང་བཞིན་གྱི་ཡི་གེ་དང་། གཟུགས་ཀྱི་རང་བཞིན་གྱི་ཡི་གེའི་ལམ་ནས་མངོན་པར་སྟོན་ནུས་པ་འདི་ལ་བསྡུ་ཐུབ། འོན་ཀྱང་འདི་ཙམ་གྱིས་ཡི་གེའི་བྱེད་ནུས་ཐམས་ཅད་ལ་ཁྱབ་ཐུབ་བམ་ཞེ་ན། མི་ཐུབ་བོ། གང་ལ་ཞེ་ན། གོང་དུ་བཤད་པའི་སྒྲ་ལམ་མ་བརྒྱུད་པ་ཀ་སོགས་རྟོག་འཆར་གྱི་བློས་བསླངས་ཏེ། ཤེས་པའི་རང་བཞིན་གྱི་ཡི་གེ་འདི་ལ་ཁྱབ་མི་ཐུབ་པར་སེམས། གང་ཡིན་ཞེ་ན། ཤེས་པའི་རང་བཞིན་གྱི་ཡི་གེའི་ཐུན་མོང་མ་ཡིན་པའི་བྱེད་ལས་ནི། རང་འབྲས་སྒྲ་གཟུགས་ཀྱི་ཡི་གེ་རྣམས་སོ་སོའི་རྣམ་ལྡན་དུ་བསྐྱེད་པ་དང་། དྲན་འཛིན་འདུ་ཤེས་དེའི་དམིགས་རྟེན་དུ་འཛིན་པ་བཅས་ཡིན་པས། གོང་དུ་སྤྱི་སྡོམ་དུ་ནུས་པ་བཤད་པའི་སྐབས་སུ་དངོས་སུ་མ་བསྟན་ཅིང་། ཤུགས་ལ་གསལ་མི་ཐུབ་པས་ཅིས་ཀྱང་བསྡུ་མི་ཐུབ། དེས་ན་འདིར་སྤྱི་དང་བྱེ་བྲག་སོ་སོར་ཕྱེ་ནས་བཤད་ན་དོན་གྱི་གོ་བའི་གནད་ལོན་པ་ལ་ཕན་ནུས་དམིགས་བསལ་བ་ཞིག་འབྱུང་བ་ལས། སྤྱི་བབས་ནས་བཤད་པས་ནང་གསེས་ཀྱི་ཁྱད་པར་ཞིབ་མོ་མི་ཐོན་པ་དང་། བྱེ་བྲག་གཙོ་འཛིན་གྱིས་བཤད་པས་སྤྱི་ལ་ཁྱབ་མི་ཐུབ་པོ། དེ་བས་ཀླད་ཀྱི་ཡི་གེའི་ནང་གསེས་ཀྱི་དབྱེ་བའི་རྣམ་གཞག་དེ་ལས་མ་འགོངས་པར་བཤད་པར་བྱ།


ཀ༽ ཕྱོགས་སུ་མ་ལྷུང་བ་ཁྱབ་བྱེད་སྤྱིར་བཏང་བའི་ཡི་གེའི་བྱེད་ནུས་བཤད་པ། འཁོར་འདས་དང་འཇིག་རྟེན་གྱི་དངོས་ལུགས་ཐམས་ཅད་བརྡ་སྤྲོད་པར་བྱེད་པའི་རྩ་བའི་ས་བོན་ནམ་རྩོམ་གཞི་བྱེད་པ་དང་། རང་བཞིན་ནམ་ངོ་བོ་ཐ་དད་པའི་ཡི་གེ་གསུམ་རིགས་ཀྱི་སྒོ་ནས་བསྡུ་བར་མཛད་པ་བཅས་སོ། །


ཁ༽ སྒྲའི་རང་བཞིན་གྱི་ཡི་གེའི་བྱེད་ནུས་བཤད་པ། མིའི་བསམ་བློའི་གོ་རྟོགས་ཕན་ཚུན་བརྗེ་ལེན་བྱེད་པ་དང་། རང་བྱུང་ཁོར་ཡུག་གི་ཉམས་དགའ་བའི་མ་བཅོས་གཤིས་ཀྱི་སྣང་བརྙན། གཡོ་བ་བཅུད་ཀྱི་སེམས་ཅན་སྤྱི་དང་། ཁྱད་པར་མིའི་རིགས་ཀྱི་གནའ་དང་ད་ལྟའི་འཚོ་བ་སྐྱེལ་སྟངས། རིག་གཞུང་། གོམས་སྲོལ། གཤིས་ཀ ཆ་ལུགས་སོགས་འཇིག་རྟེན་མི་ཆོས་དང་། རྒྱུ་ཕར་ཕྱིན་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པའི་ལམ་འབྲས་ཀྱི་རྣམ་གཞག་རྣམས་ངག་གི་བརྗོད་པའི་ལམ་ནས་གཞན་ལ་གོ་བརྡ་སྤྲད་ནུས་པ་བཅས་སོ། །


ག༽ གཟུགས་ཀྱི་རང་བཞིན་གྱི་ཡི་གེའི་བྱེད་ནུས་བཤད་པ། བཤད་མ་ཐག་པའི་ཡི་གེ་ལ་ལྷན་སྐྱེས་ཀྱི་ཞན་ཆ་ཞིག་ཡོད་པ་ནི། ཡུལ་དུས་ཀྱིས་བསྐལ་བ་ལ་རྒྱང་བསྒྲག་མི་ཐུབ་པ་དང་། རྗེས་བཞག་བསྟན་བཅོས་ཀྱི་པོ་ཏི་རྩིག་མི་ནུས་ཤིང་། འདས་པ་དང་ད་ལྟའི་སྤྱི་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་དང་། གོམས་གཤིས། རང་བཞིན་ནམ་གནས་བབས་མི་རབས་རྗེས་མའི་མིག་ལྟོས་སུ་འཇོག་མི་ཐུབ་པ་བཅས་ཡིན་པས། ཞན་ཆ་དེ་དག་སེལ་ནུས། རྣམ་འགྲེལ་ལས། ཡི་གེ་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །ཞེས་གསུངས་པ་བཞིན། སྒྲའི་རང་བཞིན་གྱི་ཡི་གེ་རྣམས་ཀྱི་ཡུན་ཚད་ནི་མིག་འབྱེད་འཛུམ་རེའི་ཚད་དུ་སྐད་ཅིག་རེ་རེ་བཞིན་དུས་ཀྱི་ཆོས་ཉིད་དུ་གྱུར་འགྲོ་བ་དེ་གཟུགས་ཀྱི་རང་བཞིན་གྱི་ཡི་གེས་ཡལ་བ་མེད་པར་དུས་ཡུན་ངེས་མེད་ལ་འཛིན་ཐུབ་ཅིང་། གནའ་བོའི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་དང་། སྲོལ་རྒྱུན་གྱི་རྨང་གཞིའི་སྟེང་དུས་བབས་དང་བསྟུན་པའི་གསར་གཏོད་ལའང་ཕན་ནུས་ཁྱད་པར་བ་སྤྲད་ཐུབ་པ་བཅས་གཟུགས་ཀྱི་རང་བཞིན་གྱི་ཡི་གེའི་བྱེད་ནུས་བསམ་གྱིས་མི་ཁྱབ་ལ་གཅིག་གྱུར་མེད་པའི་ཁ་ཐོར་གྱི་སྐད་རིགས་གཅིག་གྱུར་འབྱུང་བ་ལ་ཡང་འདི་ཡིས་རམ་འདེགས་བྱེད་ཐུབ་པར་སྙམ་མོ། །


          ཤེས་པའི་རང་བཞིན་གྱི་ཡི་གེའི་བྱེད་ནུས་བཤད་པ། གོང་དུ་བཤད་པ་ལྟར། སྒྲའི་རང་བཞིན་གྱི་ཡི་གེ་ལ་སོགས་ངག་གི་འདུ་བྱེད་ལས་བརྗོད་པའི་ཚེ། སྔོན་དུ་བརྗོད་འདོད་ཀྱི་ཀུན་སློང་གིས་ཟིན་པའི་རྟོག་པའི་ངོར་ཤེས་པའི་རང་བཞིན་གྱི་ཡི་གེ་གསལ་ལེ་བ་མངོན་པར་འཆར་དགོས། དེ་བས་སྒྲའི་རང་བཞིན་ཡི་གེ་དང་གཟུགས་ཀྱི་རང་བཞིན་གྱི་ཡི་གེ་དག་སྐྱེད་པའི་གཞི་རྩའི་རྒྱུ་བྱེད་དོ། །
         འོ་ན་ཁྱེད་ཀྱིས་ཡ་གའི་ཁ་དང་མ་གའི་སྣ་ཞེས་བཤད་བཤད་པས་ཁྱེད་རང་གིས་འདོད་པའི་རང་ལུགས་གང་ཡིན་ཞེ་ན། གོང་དུ་ལུང་འདྲེན་བྱས་པ་དེ་དག་གི་གཞིའི་གནས་ཚུལ་མ་ངེས་ཀྱང་། སྣང་ཚུལ་ལ་ཀུན་གྱི་སྤྱི་མོས་ཀྱི་མཁས་པའི་དབང་པོ་དཔག་བསམ་ལྗོན་པ་ལྟ་བུ་ལགས་པས། ཁོ་བོ་ལ་ཡང་མི་ཕྱེད་པའི་དད་པ་མཉམ་པར་ལྡན་ཡང་། ཤེས་ཚད་མཐོ་དམན་ལ་མ་ལྟོས་པར་དེ་དག་གི་གསུང་ལ་དཔྱད་ནས་རང་གི་བསམ་ཚུལ་གསོང་བོས་བརྗོད་པ་ནི་མིའི་ཐུན་མོང་མ་ཡིན་པའི་འགན་འཁྲིའི་ལས་སུ་ངེས་པས། ཁོ་བོས་ཆོས་ཉིད་འདི་ལ་གཙིགས་འཛིན་གྱིས་རྨོངས་བློར་གང་འཆར་གསོང་བོར་ཁུལ་གྱིས་བརྗོད་པ་ལགས། གོང་དུ་ཡང་ཅུང་ཟད་གསལ་བས་འདིར་རགས་ཙམ་བཤད་ན། ཁྱབ་བྱེད་སྤྱིར་བཏང་བའི་ཡི་གེ་ནི་འཁོར་འདས་དང་འཇིག་རྟེན་གྱི་སྟེང་དུ་རྣམ་གཞག་རྩོམ་པའི་གཞིར་འོས་པའི་འདུས་བྱས་ཤིག་ལ་འདོད་ལ། འདི་ནི་སྒྲ་གཟུགས་ཤེས་གསུམ་གང་གིས་ཀྱང་མ་བསྡུས་པའི་ལྡན་མིན་འདུ་བྱེད་དུ་འཇོག་གོ །


          འདིའི་བྱེ་བྲག་ཏུ་ཕྱེ་བའི་ཡི་གེ་ལ་ཆ་གསུམ་དུ་དབྱེ་ན། སྒྲའི་རང་བཞིན་གྱི་ཡི་གེ་དང་། གཟུགས་ཀྱི་རང་བཞིན་གྱི་ཡི་གེ ཤེས་པའི་རང་བཞིན་གྱི་ཡི་གེ་བཅས་གསུམ་མོ། ཁྱབ་བྱེད་སྤྱིར་བཏང་བའི་ཡི་གེ་དང་རྣམ་དབྱེ་སོ་སོའི་སྐབས་ཀྱི་ཡི་གེ་གཉིས་ངོ་བོ་དང་བྱེད་ནུས་གང་གི་ཆ་ནས་ཀྱང་མི་འདྲ་བའི་ཧེ་བག་ཆེན་པོ་ཡོད་ལ། ནང་གསེས་དབྱེ་བ་ཕན་ཚུན་ལ་དེ་བས་ཀྱང་ཡོད། འཇིག་རྟེན་རགས་པའི་ལུགས་ཀྱི་ཡི་གེ་ནི། ནང་རྣམ་རྟོག་དང་གནས་དང་བྱེད་པ་སོགས་ཚོགས་སྟོབས་ལས་བྱུང་བའི་མིང་ཚིག་གི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་དང་། ཡང་ན། དེ་ལྟ་བུའི་སྒྲ་གདངས་མཚོན་བྱེད་ཀྱི་བརྡ་རྟགས་གཟུགས་ཅན་པ་ཉིད་ལ་ཡི་གེར་འདོད་པ་འཇིག་རྟེན་གྲགས་པའི་ངོར་འགལ་བ་མེད་ཀྱང་། དོན་ལ་དཔྱད་པས་ན་མ་ཁྱབ་པ་སོགས་ངེས་དོན་དང་མི་མཐུན་པ་མང་པོ་འབྱུང་བ་ལགས་པས་ཁོ་བོས་འདིར་ཞིབ་མོའི་ཁུལ་གྱིས་བརྗོད་དོ། །


       དགོས་པ་བཤད་པ། སྔར་གངས་ཁྲོད་ཀྱི་མཁས་པས་འདི་ལྟ་བུའི་རྣམ་བཤད་མཛད་པ་མ་མཐོང་བས། ཁོ་བོར་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གང་ཡང་མེད་ཁར་གསར་གཏོད་ཀྱི་སྤོབས་པ་མཁའ་ཡི་པད་མོའི་སྤུན་ཟླར་གྱུར་པས་སྨྱོ་གཏམ་བྱུང་རྒྱལ་དུ་སྨྲ་བ་འོས་སུ་མི་ཆེ་ཡང་། མིའི་བསམ་བློའི་གོ་རྟོགས་ཕན་ཚུན་བརྗེ་ལེན་བྱེད་པ་ནི། བསམ་བློའི་ཆུ་ཚད་མཐོན་པོར་འགྲོ་བའི་མགྱོགས་ལམ་ཞིག་ཏུ་ཁོ་བོར་ཡིད་ཆེས་ཐོབ་པ་དང་གཅིག གནའ་དེང་གི་མཁས་པ་མང་པོ་ཞིག་ལས། འགའ་ཤས་ཀྱིས་ཡི་གེ་ལ་སྒྲས་ཁྱབ་པར་བཞེད་ནས་རང་ལུགས་གཅིག་པུ་ལ་བདེན་པར་ཞེན་ཏེ་གཞན་ལ་མཐའ་གཅིག་ཏུ་དགག་པ་རྒྱག་པ་དང་། འགས་དེ་ལྟར་ཡི་གེ་ལ་གཟུགས་ཀྱིས་ཁྱབ་པར་བཞེད་པ་སོགས་ཀྱི་རྩོད་གླེང་དུས་རབས་མང་པོའི་རིང་བྱས་ཀྱང་། ད་ལྟ་ཡང་རྒྱལ་ཕམ་གྱི་ཁ་ཚོན་མ་ཆོད་པར་ཁྱོད་ཤི་ང་གསོན་གྱི་གཡུལ་འཁྲུག་གི་ངང་ཚུལ་མཐོང་ནས་སོ་སོའི་ཀུན་རྟོག་གི་འཆར་སྒོ་གསལ་འདོད་པ་དང་གཉིས། ཁོ་བོས་རྣམ་པར་དབྱེ་བ་འདིའི་གོ་བ་དཔྱིས་ཕྱིན་པ་བརྙེས་པ་ན། གཞི་ནས་ཐ་གུ་འཛིངས་པའི་སྣེ་རྙེད་པ་བཞིན་ཡི་གེ་ཞེས་པའི་གོ་བ་ལ་གསལ་ཁ་ཞིག་འོང་སྙམ་པའི་རློམ་སེམས་དང་གསུམ་གྱིས་བྲིས་ཁུལ་བྱས་པ་ལགས་སོ། །

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.