སློབ་དཔོན་ཆེན་མོ་འབྲིང་བ་དཀོན་མཆོག་འཇིགས་མེད།

༄༅།། པ་བའི་ཐོབ་ཐང་སྐོར་དོགས་འདྲི་བྱེད་མཁན་འགའ་ཞིག་བྱུང་བར་ལན་གྱི་ཚུལ་དུ་མདོ་ཙམ་སྨོས་ན། འདིའི་སྐོར་བརྡ་སྤྲོད་མཁས་པ་དག་གི་བཞེད་ཚུལ་མི་མཐུན་ལ། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཀྱང་མི་འདྲ་བས། པ་བའི་སྦྱོར་ཚུལ་ཡང་དག་པ་ནི་འདིའོ་ཞེས་ཁ་ཚོན་གཅོད་དཀའ། འོན་ཀྱང་བོད་ཀྱི་ཡུལ་སྐད་ཕལ་མོ་ཆེ་དང་མཐུན་ཞིང་བརྡ་སྤྲོད་ཀྱི་གཞུང་ལུགས་དང་ཡང་མཐུན་ཆེ་ཤོས་ཡིན་པའི་པ་བའི་སྦྱོར་ཚུལ་ཞིག་གཞག་ཏུ་ཡོད།

 

དང་པོ།  པ་བའི་ཀློག་སྟངས།

པ་ཕ་བ་མ་བཞིའི་སྐྱེ་གནས་མཆུ་དང་བྱེད་པ་མཆུ་སྦྱར་ཞིང་བཙུམ་པ་ཡིན་པར་མཁས་པ་རྣམས་བཞེད་པ་མཐུན་ལ། དབུས་སྐད་དུའང་རེ་ཟུང་མ་གཏོགས་དེ་ལྟར་ཀློག་བཞིན་ཡོད། འོན་ཀྱང་ཨམ་སྐད་དུ་བ་ལ་ wa ཞེས་མཆུ་མི་བཙུམ་པ་འདི་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན། ད་དུང་། མཁས་པ། ཤེས་པ། ནུས་པ། དངོས་པོ། མེས་པོ་སོགས་ཀྱི་པ་དང་པོ་ལའང་ཨམ་སྐད་དུ་ wa དང་ wo ཞེས་ཀློག་པ་སོགས་ཀྱི་རྐྱེན་གྱིས་པ་བའི་སྦྱོར་ཚུལ་ཐད་ཨམ་སྐད་ལ་ལྷག་པར་དཔྱད་དགོས་པ་མང་།

གཉིས་པ། པ་བའི་ཐོབ་ཐང་གི་ཁུངས།

པ་བ་ལ་མིང་མཐའི་པ་བ་དང་བདག་སྒྲའི་པ་བ་སྟེ་རིགས་གཉིས་ཡོད། ལག་པ། ཕྲེང་བ། ཞེས་པ་ལྟ་བུ་བདག་པོ་མི་སྟོན་པར་མིང་གི་ཆ་ཤས་སམ་མིང་མཐའ་ཙམ་དུ་གྱུར་པའི་པ་བ་ལ་མིང་མཐའི་པ་བ་དང་། འབྲོག་པ། རོང་པའམ་རོང་བ། ཞེས་པ་ལྟ་བུ་བདག་པོ་སྟོན་པའི་པ་བ་ལ་བདག་སྒྲའི་པ་བ་ཟེར། དེ་དག་གི་ཐོབ་ཐང་ནི་སུམ་རྟགས་རྩ་བ་ན་གསུངས་མེད་ལ། གནས་བརྒྱད་དང་སྨྲ་སྒོ་སོགས་ནའང་མེད། ས་པཎ་གྱི་མཁས་པའི་ཁ་རྒྱན་དུ། "ག་ད་བ་ས་རྣམས་ཀྱི་ཕ་རོལ་ཏུ་པའོ། ང་ར་ལ་རྣམས་ཀྱི་ཝ་ཡང་ནའོ། ན་མ་དག་གི་པ་ཡང་ནའོ། འའི་ཝའོ། ས་མཐའ་ཅན་བོར་བའི་ཡང་ངོ་།" ཞེས་གསུངས་ཡོད་པ་ལྟར། (འདིའི་ཝ་ཡིག་ནི་བ་ཡིག་ལ་གོ་དགོས།) རྗེས་འཇུག་ག་ད་ན་བ་མ་ས་རྣམས་ཀྱི་མཐར་པ་དང་། ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་བ་ཡིག་སྦྱོར་དགོས་པ་ཡིན། འདི་ནི་མིང་མཐའི་པ་བའི་དབང་དུ་བྱས་ནས་གསུངས་པ་ཡིན་ཞིང་། མིང་མཐའི་པ་བའི་སྦྱོར་ཚུལ་ནི་ཁ་སྐད་མ་གཏོགས་ཡིག་སྐད་དུ་དེང་སང་ཡང་སྦྱོར་ཚུལ་ཕལ་ཆེར་འདི་རང་ཡིན་པས་མི་མཐུན་པ་ཆེར་མེད། མི་མཐུན་ས་གཙོ་བོ་ནི་བདག་སྒྲའི་པ་བ་ཡིན།

གསུམ་པ། བདག་སྒྲའི་པ་བ། རྗེས་འཇུག་ག་ད་ན་བ་མ་ས་ད་དྲག་རྣམས་ཀྱི་མཐར་ནི་བདག་སྒྲ་ཡིན་མིན་གཉིས་ཀར་པ་ཡིག་ཐོབ་པ་གཅིག་མཚུངས་ཡིན་པར་མ་ཟད། དེ་དག་ལ་པ་ཡིག་ལས་བ་ཡིག་ནམ་ཡང་མི་ཐོབ་ཅིང་། དེར་རྩོད་པའང་མེད། རྩོད་པ་ཡོད་ས་དང་དཔྱད་གཞི་ཆེ་ས་ནི་རྗེས་འཇུག་ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་བདག་སྒྲ་པ་དང་བ་གང་སྦྱོར་དགོས་མིན་དེ་ཡིན། དེ་ལ་སྔོན་གྱི་མཁས་པ་རྣམས་ཀྱི་བཞེད་ལུགས་མདོར་བསྡུས་ན་གསུམ་སྟེ། རྗེས་འཇུག་དེ་དག་གི་མཐར་བདག་སྒྲ་ཡིན་ཚེ་བ་ཡིག་ཁོ་ན་སྦྱོར་བ། པ་བ་གཉིས་ཀ་སྦྱོར་བ། པ་ཡིག་ཁོ་ན་སྦྱོར་བའི་ལུགས་ཏེ་གསུམ་ཡོད།

ལུགས་དང་པོ་ནི། མཁས་དབང་ཚེ་ཏན་ཞབས་དྲུང་དང་རྗེ་དམུ་དགེ་བསམ་གཏན་སོགས་མདོ་སྨད་ཀྱི་མཁས་པ་ཕྱི་མ་རྣམས་ཀྱི་ལུགས་ཡིན་ལ། ལུགས་འདིའི་བརྟེན་ཁུངས་གཙོ་བོ་ནི་ཨ་མདོ་རང་གི་ཁ་སྐད་ཡིན་ཞིང་། འདིའི་ལུགས་ལྟར་བྱས་ན་སྔོན་གྱི་གསུང་རབ་དཔེ་དག་མང་པོ་ཞིག་གི་པ་བའི་སྦྱོར་ཚུལ་དང་མི་མཐུན་ལ། འགོ་བ་དང་། ཕྱི་བ། གཉེར་བ་ལྟ་བུ་རྣམས་བདག་སྒྲ་དང་བྱ་ཚིག་གཉིས་ཀར་གྱུར་པས་དེ་གཉིས་སོ་སོར་མི་ཕྱེད་པའི་སྐྱོན་སོགས་ཀྱང་འབྱུང་ངོ་།།

ལུགས་གཉིས་པ་ནི། དངུལ་ཆུ་ཡབ་སྲས་སོགས་ཀྱི་ལུགས་ཏེ། ལེགས་བཤད་ལྗོན་དབང་དུ། "ང་འ་ར་ལ་མཐའ་མེད་ལ།།བདག་སྒྲ་ཡར་གྱུར་བ་དང་ནི།།ཆ་ལ་པ་ཉིད་སྦྱོར་བ་ལེགས།།" ཞེས་གསུངས་པ་ལྟར་ཆ་ཡའི་ཁྱད་པར་གྱིས། ནང་པ། རྒྱལ་རོང་བ། ཞེས་པ་ལྟ་བུ་རྗེས་འཇུག་གཅིག་གི་མཐར་པ་དང་བ་གཉིས་ཀ་སྦྱོར། འདིའི་ཁུངས་ནི་ཞྭ་ལུ་ལོ་ཆེན་གྱི་སུམ་འགྲེལ་དང་པྲ་ཏིའི་འགྲེལ་པ་སོགས་ལ་གཏུགས་པ་ཡིན་ཚོད་ཀྱང་། ཞྭ་ལུ་ལོ་ཆེན་དགུང་ལོ་བགྲེས་པའི་དུས་སུ་མཛད་པའི་དག་ཡིག་ཟ་མ་ཏོག་ཏུ། "ང་འ་ར་ལ་འདོགས་ཅན་དང་།།རྐྱང་པའི་རྗེས་སུ་བ་ཕྱེད་ཝར།།།འབོད་པ་རྣམས་ལ་བ་སྦྱར་ཞིང་།།གཞན་ལ་པ་ཉིད་སྦྱར་ཏེ་དཔེར།།བཏུང་བ་བདའ་བ་མྱུར་བར་འཐུངས།།མཇལ་བར་ཞུ་བ་ཚ་བ་འདོད།།ལུང་པ་མདའ་པ་འབྱོར་པ་ཆེ།།ཡུལ་པ་ཕུ་པ་བྱ་བ་མང་།།"ཞེས་པ་ཡིག་མ་གཏོགས་བ་ཡིག་བདག་སྒྲར་འཇུག་པ་གསུངས་མེད་ལ། (ཟ་མ་ཏོག་གི་དཔེ་ལ་ལར་ལུང་བ་མདའ་བ་ཞེས་བ་ཟླུམ་བྲིས་པ་ནི་པར་སྐྱོན་དུ་མངོན།) པྲ་ཏིའི་སུམ་འགྲེལ་དུའང་། ཀ་བ་པ། བུམ་པ་བ་ཞེས་རང་སྡེའི་མིང་གཞི་པ་དང་བ་ཡིག་གི་མཐར་བརྗོད་བདེའི་སྦྱོར་ཚུལ་མི་འདྲ་བ་ཞིག་གསུངས་པས། དེ་ལྟར་ན། གསང་ཕུ་བ་དང་ཁྲོ་ཕུ་བ་ཞེས་སོགས་ཕ་ཡིག་གི་མཐར་བ་དང་། རྙིང་མ་པ་དང་དབུ་མ་པ་ཞེས་སོགས་མ་ཡིག་གི་མཐར་པ་སྦྱོར་བའི་ཚུལ་དབུས་སྐད་ལ་ཡོད་འདུག་པ་འདི་དག་གི་འགྲོ་ལུགས་མཐུན། དེས་ན་པྲ་ཏིའི་བཞེད་སྲོལ་ལ་བདག་སྒྲ་ཆ་ལ་པ་ཡིག་སྦྱོར་བས་ཁྱབ་ནའང་ཡ་ལ་བ་ཡིག་སྦྱོར་བའི་ཁྱབ་པ་མེད། ལུགས་གཉིས་པ་འདིའི་སྦྱོར་ཚུལ་ལྟར་བྱས་ཚེ། བཟོ་གྲྭའི་འགོ་པ་དང་ནད་འགོ་བ། ཕྱི་པ་མུ་སྟེགས་པ་དང་རྡུལ་ཕྱི་བ། གྲྭ་ཚང་གི་གཉེར་པ་དང་དོན་དུ་གཉེར་བ་ལྟ་བུའི་སྔ་མ་སྔ་མ་རྣམས་བདག་སྒྲ་དང་ཕྱི་མ་ཕྱི་མ་རྣམས་བྱ་ཚིག་ཡིན་པའི་ཁྱད་པར་གསལ་པོར་འབྱུང་ཞིང་། ཁྱད་ཆོས་འདི་དབུས་སྐད་ལ་གསལ་པོར་ཡོད། འོན་ཀྱང་བདག་སྒྲ་ཡ་ལ་བ་སྦྱར་བའི་ལྷ་ས་བ་དང་། སེ་ར་བ་སོགས་ནི་གྲོང་སྐད་མ་དག་པ་ཡིན་པས། ཡིག་སྐད་དུ་ལྷ་ས་པ་དང་སེ་ར་པ་ཞེས་པ་ཡིག་སྦྱར་དགོས་པར་སི་ཏུ་པཎ་ཆེན་གྱིས་གསུངས།

ལུགས་གསུམ་པ་ནི། སི་ཏུ་པཎ་ཆེན་གྱི་ལུགས་ཏེ། སི་ཏུའི་ལུགས་ལ་རྗེས་འཇུག་དེ་དག་གི་མཐར་བདག་སྒྲ་ཡིན་ཕྱིན་རྗེས་འཇུག་གི་ཁྱད་པར་དང་ཆ་ཡའི་ཁྱད་པར་གང་ལའང་མི་ལྟོས་པར་ཐམས་ཅད་ལ་པ་དང་པོ་སྦྱོར་བ་ལས་བ་དང་བོ་གཏན་ནས་མི་སྦྱོར། དཔེར་ན། ནང་པ། རྒྱལ་རོང་པ། འབའ་པ། གླིང་མཐའ་པ། གསེར་པ། དུས་འཁོར་པ། འགྲུལ་པ། ལུས་རྩལ་པ། རྟ་པ། ལྷ་ས་པ་ཞེས་པ་ལྟ་བུ་དང་། རྩོམ་པ་པོ་དང་འབྲི་བ་པོ་ཞེས་སོགས་ལྟ་བུ། ལུགས་འདིའི་བརྟེན་ཁུངས་ནི། རྩ་བར་གསུངས་པའི་པུ་ལིངྒའི་སྒྲའམ་ཕོ་སྒྲ་ནི་བོད་སྐད་ལ་སྐྱེས་པ་མཚོན་པར་བྱེད་པའི་སྒྲ་པ་པོ་གཉིས་སུ་ངེས་པ་ལས་བ་ཡིག་ནི་པུ་ལིངྒའི་སྒྲའམ་ཕོ་སྒྲ་མིན་པ་དང་། སྨྲ་སྒོ་རྩ་འགྲེལ་གྱི་དཔེ་དག་པ་རྣམས་སུའང་པ་ཡིག་མ་གཏོགས་བ་ཡིག་བདག་སྒྲར་འཇུག་པ་གསུངས་མེད་ལ། དག་ཡིག་ཟ་མ་ཏོག་དང་ངག་སྒྲོན་སོགས་ཀྱང་དེའི་ཕྱོགས་སུ་དགོངས་པ་མཐུན། གཞན་ཡང་། གོང་སྨོས་འགོ་པ་དང་འགོ་བ་སོགས་བདག་སྒྲ་དང་བྱ་ཚིག་གི་ཁྱད་པར་དེའང་ལུགས་འདི་ལ་གསལ་པོར་འབྱུང་སྟེ་འདིའང་ཁྱད་ཆོས་ཤིག་ཡིན།

འོ་ན་འདིའི་ལུགས་ལ་བ་བོ་གཉིས་བདག་སྒྲར་མི་འཇུག་པས། བྱེ་བྲག་སྨྲ་བ་དང་སྐད་གཉིས་སྨྲ་བ་སོགས་ཀྱི་བ་ཡིག་ཀྱང་པ་ཡིག་ཏུ་བསྒྱུར་དགོས་སམ་ཞེ་ན། དེ་ནི་སི་ཏུའི་འགྲེལ་ཆེན་དུ། "འཁོར་ལོས་སྒྱུར་བ་ལྟ་བུའི་བ་ཡིག་གིས་བདག་པོའི་དོན་མཚོན་པ་ལྟར་སྣང་ཡང་དེ་འདྲ་ནི་འཁོར་ལོས་སྒྱུར་བ་པོ་ཞེས་པའི་པོ་སྒྲ་བསྡུས་པའི་རྗེས་ཙམ་ཡིན།" ཞེས་གསུངས་པ་ལྟར་ཚིག་སོ་སོའི་ཁོག་ཏུ་བསྡུས་པའི་པོ་སྒྲའི་ནུས་པས་བདག་པོ་གོ་བ་ལས་བ་ཡིག་གི་ནུས་པས་གོ་བ་མིན་པས། བ་ཡིག་དེ་དག་བདག་སྒྲ་མིན་སྟབས་པ་ཡིག་ཏུ་བསྒྱུར་མི་དགོས། དེ་བཞིན་དུ། རྡོ་རྗེ་འཛིན་པ་དང་མང་དུ་ཐོས་པ་སོགས་པ་མཐའ་ཅན་ལའང་པོ་སྒྲ་བསྡུས་པའི་རྗེས་ཙམ་ཡིན་པ་ཡོད་དེ། ཚུལ་འདི་ནི་བྱ་ཚིག་གི་མཐར་བདག་སྒྲ་སྦྱར་བའི་རིགས་ལ་མང་དུ་འབྱུང་སྟེ་ཤེས་དགོས་པའི་གནད་ཅིག་ཡིན། དེས་ན་ལུགས་གསུམ་པ་འདི་ནི་བོད་ཀྱི་ཡུལ་སྐད་བྱིངས་དང་མཐུན་པར་མ་ཟད་བརྡ་སྤྲོད་ཀྱི་གཞུང་ལུགས་དང་ཡང་མཐུན་ཆེ་ཤོས་སུ་སྣང་བས། ལུགས་འདི་བཞིན་བྱས་ན་སྐྱོན་ཉུང་ཞིང་དགེ་མཚན་མང་བར་མངོན།

བཞི་པ། མིང་མཐའི་པ་བ།

མིང་མཐའི་པ་བ་ནི་གོང་དུ་སྨོས་པ་ལྟར་རྗེས་འཇུག་ག་ད་ན་བ་མ་ས་ད་དྲག་རྣམས་ཀྱི་མཐར་པ་དང།  ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་བ་སྦྱོར་བ་ལ་སྤྱིར་བཏང་མི་མཐུན་པ་གང་ཡང་མེད། མི་མཐུན་པ་ཅུང་ཟད་ཅིག་ཡོད་པ་ནི། ང་ཡིག་སོགས་རྗེས་འཇུག་ཕྱི་མ་རྣམས་ཀྱི་མཐར་སྐབས་རེར་པ་དང་པོ་སྦྱོར་བའང་ཡོད་པ་དེའི་སྐོར་ཡིན། དེ་ནི་དཔེར་ན། བཟོ་པ་དང་བཟོ་བ་ལྟ་བུའི་སྔ་མ་བདག་སྒྲ་དང་ཕྱི་མ་བྱ་ཚིག་ཡིན། བཟང་པོ་དང་བཟང་བ་ལྟ་བུའི་སྔ་མ་ནི་བྱ་དངོས་ཤིག་གི་ཁྱད་ཆོས་དང་ཕྱི་མ་ནི་ཁྱད་ཆོས་དེ་དང་ལྡན་པའམ་དེ་མངོན་པ་ཙམ་གྱི་དོན་ཡིན། ཡང་ན་སྔ་མ་ནི་བཟང་བ་པོ་ཞེས་པའི་ཚིག་སྣ་བསྡུས་པས་བདག་སྒྲའི་རིགས་སུ་གཏོགས་ལ་ཕྱི་མ་ནི་དེའི་པོ་སྒྲ་བསྡུས་པའི་རྗེས་ཙམ་ཡིན། ཐར་པའི་གོ་འཕང་དང་འཁོར་བའི་སྡུག་བསྔལ་ཞེས་པ་ལྟ་བུའི་ཐར་པ་དང་འཁོར་བ་གཉིས་ཀ་ར་མཐའ་ཅན་གྱི་མིང་རྐྱང་ཡིན་པ་འདྲ་ནའང་། སྔ་མ་འདས་ཚིག་ནས་མིང་རྐྱང་དུ་ཆགས་པ་ཡིན་པས་ད་དྲག་ཡོད་ལ་ཕྱི་མ་མ་འོངས་པའི་ཚིག་ནས་མིང་རྐྱང་དུ་ཆགས་པ་ཡིན་པས་ད་དྲག་མེད། སྔར་བསྒྱུར་པ་དང་ཕྱིན་ཆད་བསྒྱུར་བ་ལྟ་བུ་གཉིས་ཀ་ར་མཐའ་ཅན་གྱི་བྱ་ཚིག་ཡིན་པ་འདྲ་ནའང་སྔ་མ་འདས་ཚིག་ཡིན་པས་ད་དྲག་ཡོད་ལ་ཕྱི་མ་མ་འོངས་པ་ཡིན་པས་ད་དྲག་མེད་པ་སྟེ། རྒྱུ་མཚན་དེ་དག་གིས་སྔ་མ་རྣམས་ལ་པ་ཡིག་དང་ཕྱི་མ་རྣམས་ལ་བ་ཡིག་ཐོབ་པ་ཡིན། ཡང་ཁང་པ་དང་བུང་བ་ལྟ་བུ་ནི་གཉིས་ཀ་ང་མཐའ་ཅན་གྱི་མིང་རྐྱང་ཡིན་པ་འདྲ་ནའང་སྔ་མར་པ་དང་ཕྱི་མར་བ་སྦྱོར་བ་ནི་བརྗོད་བདེའི་མིང་མཐའ་འདྲེན་ཚུལ་ཙམ་ཞིག་ཏུ་གསུངས། དེ་ལྟར་རྗེས་འཇུག་ང་སོགས་ཀྱི་མཐར་མིང་མཐའ་པ་དང་བ་གཉིས་ཀ་ཐོབ་པའི་ཚུལ་མི་འདྲ་བ་འདི་གོང་གསལ་མཁས་པའི་བཞེད་ལུགས་གསུམ་ལས་ཕྱི་མ་གཉིས་ལ་གསལ་པོར་ཡོད་ནའང་། ལུགས་དང་པོ་ལ་སྔར་བསྒྱུར་པ་ལྟ་བུའི་འདས་ཚིག་ད་དྲག་ཅན་མ་གཏོགས་གཞན་ཀུན་གྱི་མཐར་བ་ཡིག་ཤ་སྟག་སྦྱོར་བ་ནི་ཨ་མདོའི་ཁ་སྐད་ལ་བསྟུན་པར་མངོན།

འོན་ཀྱང་སྔོན་གྱི་གསུང་རབ་པར་རྙིང་ཁུངས་དག་རྣམས་སུ་སྦྱོར་ཚུལ་མི་འདྲ་བའི་ཁྱད་པར་དེ་དག་གསལ་པོར་ཡོད་པས། སྐབས་ཐོབ་ཀྱི་རྒྱུ་མཚན་བདག་སྒྲ་ཡིན་མིན། བྱ་ཚིག་ཡིན་མིན། བྱ་དངོས་ཀྱི་ཁྱད་ཆོས་རང་ལ་གོ་མིན། ཁྱད་ཆོས་དེ་དང་ལྡན་པའམ་མངོན་པའི་དོན་ཡིན་མིན། བདག་སྒྲ་བསྡུས་པའི་རྗེས་ཙམ་ཡིན་མིན། མིང་རྐྱང་ཡིན་པ་ལ་ད་དྲག་ཡོད་མེད། བྱ་ཚིག་ཡིན་པ་ལ་ད་དྲག་ཡོད་མེད། བརྗོད་བདེའི་འདྲེན་ཚུལ་ཙམ་ཡིན་མིན་སོགས་ལ་ཞིབ་ཏུ་དཔྱད་ན་ཀུན་གྱི་མཐར་བ་ཡིག་ཤ་སྟག་སྦྱར་རྒྱུའང་མིན་པར་སྣང་བས། རྒྱུ་མཚན་དེ་དག་ཁོང་དུ་ཆུད་པར་བྱེད་རྒྱུ་ནི་པ་བའི་ཐོབ་ཐང་མ་ནོར་བར་འབྱུང་བའི་ཐབས་དམ་པ་ཞིག་གོ།

པ་བའི་ཐོབ་ཐང་སྐོར་གྱི་གཙོ་གནད་ཁག་མདོར་བསྡུས་ནས་བརྗོོད་པ་དེ་ཙམ་སྟེ། རྒྱས་པར་ནི་དེ་སྔོན་ཕྱི་ལོ་ ༢༠༠༢ ལོར་ཕྲན་གྱིས་<<པ་བའི་ཐོབ་ཐང་སྐོར་གྱི་གསལ་བཤད་>>ཅེས་པ་ཞིག་བྲིས་ནས་པར་དུའང་བསྐྲུན་ཡོད་པ་དེར་གཟིགས་པར་འཚལ། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༥ ལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.