དང་པོ། འཕགས་ཡུལ་དུ་དམ་པའི་ཆོས་དར་ཚུལ།

སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། མི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་སྟོན་པ་ཤཱཀྱ་ཐུབ་པ་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ཏེ།

ཡུལ་ཝཱ་རཱ་ཎ་སཱི་སོགས་སུ་ཆོས་འཁོར་རིམ་པ་གསུམ་དུ་བསྐོར། གདུལ་བྱ་གྲངས་མེད་པ་ཐར་པའི་ལམ་ལ་བཀོད། མཐར་དགུང་ལོ་བརྒྱད་ཅུའི་སྟེང་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། སྐུ་མྱ་ངན་ལས་འདའ་ཁར་ཉན་ཐོས་ཆེན་པོ་འོད་སྲུངས་ལ་བསྟན་པ་གཏད། དེས་འཕགས་པ་ཀུན་དགའ་བོ་ལ་གཏད། དེས་འཕགས་པ་ཤྭ་ནའི་གོས་ཅན་ལ་གཏད། དེས་འཕགས་པ་ཉེར་སྦས་ལ་གཏད། དེས་འཕགས་པ་དྷི་དྷི་ཀ་ལ་གཏད། དེས་འཕགས་པ་ནག་པོ་ལ་གཏད། དེས་འཕགས་པ་ལེགས་མཐོང་ཆེན་པོ་ལ་གཏད། དེ་རྣམས་ལ་བསྟན་པའི་གཏད་རབས་བདུན་ཞེས་གྲགས། ཀུན་དགའ་བོས་ཤྭ་ནའི་གོས་ཅན་ལ་བསྟན་པ་གཏད་པ་དང་ཕྱོགས་མཚུངས་འཕགས་པ་ཉི་མ་གུང་པ་ལ་བསྟན་པ་གཏད་པས་དེ་བརྩིས་ནས་བསྟན་པའི་གཏད་རབས་བརྒྱད་ཅེས་གསུངས་པའང་ཡོད།

སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོར་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ཏེ་ཉན་ཐོས་ཆེན་པོ་འོད་སྲུངས་སོགས་ཀྱིས་བཀའ་བསྡུ་དང་པོ་དང། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་ན་རྒྱལ་པོ་དགའ་བྱེད་ཀྱིས་སྦྱིན་བདག་བྱས་ཏེ་དགྲ་བཅོམ་པ་གྲགས་པ་སོགས་ཀྱིས་བཀའ་བསྡུ་གཉིས་པ་མཛད། བཀའ་བསྡུ་གཉིས་པའི་སྦྱིན་བདག་ནི་ཡོངས་གྲགས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བྱས་པར་བཤད། ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་ཚེའི་གནས་སྐབས་མི་འདྲ་བ་གསུམ་སྟེ་འདོད་པའི་མྱ་ངན་མེད་དང། གཏུམ་པོ་མྱ་ངན་མེད། ཆོས་ཀྱི་མྱ་ངན་མེད་ཅེས་མི་འདྲ་བ་གསུམ་དུ་འགྱུར་བའི་ཕྱི་མའི་སྐབས་སུ་འཕགས་པ་ལེགས་མཐོང་ཆེན་པོ་དང་དུས་མཉམ་ཞིང། ལེགས་མཐོང་ཆེན་པོ་མྱ་ངན་ལས་འདས་རྗེས་རྒྱལ་པོའང་འདས། རྒྱལ་པོ་འདིའི་རིང་ལ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་བཏབ། དེའི་འོག་ཏུ་ཉན་ཐོས་ཀྱི་དགེ་འདུན་རྣམས་རིམ་བཞིན་རྩ་བའི་སྡེ་པ་བཞི་དང་ནང་གསེས་སྡེ་པ་བཅོ་བརྒྱད་དུ་གྱེས་ཏེ་རྩོད་པ་ཆེན་པོ་བྱུང་བ་རྒྱལ་པོ་ཀ་ནི་ཥྐིས་སྦྱིན་བདག་བྱས་ཏེ་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས་ཏེ་བཀའ་བསྡུ་གསུམ་པ་མཛད། དེའི་གོང་ཙམ་དུ་བྲམ་ཟེ་པཱ་ཎི་ནིས་པཱ་ཎི་བྱཱ་ཀ་ར་ཎ་ཞེས་བྱ་བའི་བསྟན་བཅོས་བརྩམས་ཏེ་སྒྲ་པཱ་ཎི་པ་བྱུང།

བཀའ་བསྡུ་གསུམ་པའི་རྗེས་སུ་ཐེག་པ་ཆེན་པོའི་ཆོས་དར་བའི་འགོ་ཚུགས། བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་སྐུ་མཆེད་གཉིས་ཀྱིས་ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་བརྩམས་ཤིང། ནཱ་ལེནྡྲ་རུ་ཆོས་གཞི་དར་བར་མཛད། དེ་ནས་རྒྱལ་པོ་ཧ་རི་ཙནྡྲ་སོགས་ཙནྡྲའི་རྒྱལ་བརྒྱུད་དང་འཕགས་པ་ཀླུ་སྒྲུབ་སོགས་ཐེག་པ་ཆེན་པོའི་སློབ་དཔོན་མཁས་པ་མང་དུ་བྱོན་ཏེ་ཐེག་པ་ཆེན་པོའི་བསྟན་པ་རྒྱས་པར་མཛད། དེའང་འཕགས་པ་ཀླུ་སྒྲུབ་ཀྱིས་ནཱ་ལེནྡྲ་དང་རྡོ་རྗེ་གདན་སོགས་སུ་ལྷ་ཁང་དང་མཆོད་རྟེན་མང་དུ་བཞེངས། ཤེར་ཕྱིན་འབུམ་པ་ཀླུ་ཡུལ་ནས་གདན་དྲངས། དབུ་མ་རིགས་ཚོགས་དྲུག་སོགས་མཛད་དེ་དབུ་མ་པའི་ཤིང་རྟའི་སྲོལ་ཕྱེས། ཁོང་དགུང་ལོ་དྲུག་བརྒྱ་མ་ཟིན་ཙམ་བཞུགས་ཤིང། ཁོང་གི་སྐུ་རིང་ལ་བྲམ་ཟེ་སཔྟ་ཝརྨའམ་བདུན་པའི་གོ་ཆ་ཞེས་པས་སྒྲ་ཀ་ལཱ་པ་བརྩམས། སློབ་དཔོན་ནག་མོའི་ཁོལ་གྱིས་སྤྲིན་གྱི་ཕོ་ཉ་སོགས་ཕོ་ཉ་བརྒྱད་དང། གཞོན་ནུ་འབྱུང་བ་སོགས་སྙན་དངགས་ཀྱི་བསྟན་བཅོས་ཆེན་པོ་མང་དུ་བརྩམས། དེའི་ཚེ་ཀླ་ཀློའི་ཆོས་ལུགས་ཐོག་མར་བྱུང་ཞིང་། བསྟན་པ་ལ་དགྲ་ལན་དང་པོའང་བྱུང།

འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་སློབ་དཔོན་ཨརྱ་དེ་བའམ་འཕགས་པ་ལྷས་བྲམ་ཟེ་ཐུབ་དཀའ་ནག་པོ་རྩོད་པས་ཕམ་པར་བྱས་ཏེ་ནང་པར་ཞུགས་པ་སློབ་དཔོན་མ་ཁོལ་ལམ་སློབ་དཔོན་དཔའ་བོ་ཞེས་པའི་མཁས་པ་ཆེན་པོར་གྱུར། ཨརྱ་དེ་བའི་སློབ་མ་སྒྲ་གཅན་འཛིན་བཟང་པོ་ནཱ་ལེནྡྲའི་མཁན་པོར་བཞུགས་ཤིང་ཆོས་གཞི་མང་དུ་བཙུགས། སྣོད་ཆེན་པོ་ནམ་མཁའ་ལ་བཟེད་པ་ཙམ་གྱིས་ཁ་ཟས་བཟང་པོས་གང་བ་ཡོང་བས་དེས་དགེ་འདུན་མང་པོ་ལ་འཚོ་བ་སྦྱར། རྒྱལ་པོ་ངྷརྨ་ཙནྡྲ་ཞེས་པའི་དུས་སུ་བསྟན་པ་ལ་དགྲ་ལན་གཉིས་པ་བྱུང་ཞིང། དེ་ནས་ལོ་དྲུག་ཅུ་ཙམ་ན་བསྟན་པ་ལ་དགྲ་ལན་གསུམ་པ་བྱུང་སྟེ་ཉམས་ཆག་ཆེན་པོ་བྱུང།

འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ལོ་བཅུ་གཉིས་སུ་བསྒྲུབས་ཏེ་རྗེ་བཙུན་གྱི་མདུན་ནས་ཤེར་ཕྱིན་མངོན་རྟོགས་རྒྱན་སོགས་བྱམས་ཆོས་སྡེ་ལྔ་གསན། ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་མཛད་དེ་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས་ཤིང་བསྟན་པ་སླར་ཡང་དར་བར་མཛད། གཅུང་དབྱིག་གཉེན་གྱིས་པྲ་ཀ་ར་ཎ་སྡེ་བརྒྱད་དང་མངོན་པ་མཛོད་རྩ་འགྲེལ་སོགས་མཛད་ཅིང། ཁོང་ལ་སློབ་མ་མཁས་པ་མང་དུ་བྱོན་པ་ལས་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་གྲགས། སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་བ་དང། སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་བཏུས་བརྩམས། དེ་དག་གི་སྐབས་སུ་དབུ་མ་པའི་མཁས་པ་ཆེན་པོ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་ཐལ་འགྱུར་བ་དང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས། དཔལ་ལྡན་ཟླ་བ་གྲགས་པས་ནཱ་ལེནྡྲའི་མཁན་པོ་མཛད། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་ཏེ་དགེ་འདུན་ཐམས་ཅད་འོ་ཐུག་གིས་ཚིམ་པར་མཛད། དབུ་མ་འཇུག་པ་རྩ་འགྲེལ་སོགས་བསྟན་བཅོས་མང་དུ་བརྩམས། དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་འདི་བགྲང་བའང་ཡོད། ཁོང་དང་སློབ་དཔོན་ཙནྡྲ་གོ་མི་གཉིས་ནཱ་ལེནྡྲར་རྩོད་པ་ཡུན་རིང་མཛད། ཙནྡྲ་གོ་མིས་ཙནྡྲ་བྱཱ་ཀ་ར་ཎ་ཞེས་པའི་བསྟན་བཅོས་མཛད་དེ་སྒྲ་ཙནྡྲ་པ་བྱུང་། ཁོང་གི་ལོ་རྒྱུས་དང་འབྲེལ་བར་འཕགས་པ་མཇིང་ཡོན་མ་དང་འཕགས་པ་མཛུབ་ཀེར་མ། སྒྲོལ་མ་རྒྱན་མེད་མ་ཞེས་པའི་ལྷ་སྐུ་ངོ་མཚར་བ་རེ་བྱུང་བའི་ལོ་རྒྱུས་ཀྱང་ཡོད།

ཕྱོགས་ཀྱི་གླང་པོའི་སློབ་མ་སློབ་དཔོན་ཆོས་སྐྱོང་གིས་རྡོ་རྗེ་གདན་དུ་ལོ་སུམ་ཅུ་ལྷག་ཆོས་བསྟན་ཅིང། དཔལ་ལྡན་ཟླ་བ་གྲགས་པའི་རྗེས་སུ་ནཱ་ལེནྡྲའི་མཁན་པོ་མཛད། མཐར་ལྷའི་གནས་སུ་གཤེགས་ཞེས་གྲགས། རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དཔལ་ནཱ་ལེནྡྲར་བཞུགས་སྐབས་གཞན་ངོར་འདུ་ཤེས་གསུམ་པ་བར་བསྟན་པས་དགེ་འདུན་རྣམས་ཀྱིས་སྐྲོད་ཐབས་སུ་མདོ་འདོན་བཅུག་སྐབས་སྤྱོད་འཇུག་ཆེན་མོ་གསར་དུ་རྩོམ་ཞིང་གསུང་བཞིན་མཁའ་ལ་འཕུར་ཏེ་ཡུལ་གཞན་དུ་གཤེགས།

ཕྱོགས་ཀྱི་གླང་པོའི་སློབ་མ་དཔལ་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་སོགས་ཚད་མ་སྡེ་བདུན་བརྩམས་ཤིང་། མུ་སྟེགས་པའི་མཁས་པ་ཆེན་པོ་སྃ་ག་ར་ཨཱ་ཙརྱ་སྐྱེ་བ་གསུམ་རིང་རྩོད་པས་ཕམ་པར་མཛད་དེ་མཐར་ནང་པར་བཅུག དེ་རྗེས་པཱ་ལའི་རྒྱལ་བརྒྱུད་ཀྱི་ཐོག་མ་རྒྱལ་པོ་གཽ་པཱ་ལའམ་དེའི་སྲས་དེ་ཝ་པཱ་ལའི་མཚམས་སུ་དགེ་ཚུལ་ཞིག་གིས་དཔལ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་བཞེངས། རྒྱལ་པོ་དྷརྨ་པཱ་ལའི་དུས་སུ་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་བཞེངས་ཤིང། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས། དེའི་རྗེས་བོད་དུ་ཕེབས་པ་མཁས་པ་ཛི་ན་མི་ཏྲ་དང་། སརྦ་ཛྙ་དེ་ཝ། དཱ་ན་ཤཱི་ལ་སོགས་དང། གཞན་ཡང་སློབ་དཔོན་སེང་གེ་བཟང་པོ། སློབ་དཔོན་ཛེ་ཏ་རི། སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟིའམ་རིན་ཆེན་འབྱུང་གནས་ཞི་བ་སོགས་མཁས་པ་སྒོ་དྲུག ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དཱི་པྃ་ཀ་ར་ཤྲཱི་ཛྙ་ནའམ་དཔལ་མར་མེ་མཛད། སློབ་དཔོན་ཨ་བྷ་ཡ་ཀ་རའམ་འཇིགས་མེད་འབྱུང་གནས། སློབ་དཔོན་ཆེན་པོ་རཏྣ་རཀྵི་ཏའམ་རིན་ཆེན་འཚོ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་སོགས་རིམ་པར་བྱོན་ཏེ་བསྟན་པ་དར་ཞིང་རྒྱས་པར་མཛད། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་བི་ཀྲ་མ་ཤི་ལའི་མཁན་པོ་གནང་བའི་སྐབས་སྔ་ཕྱི་སྟེ་རྒྱལ་པོ་སེ་ན་བཞིའི་སྐབས་ཀླ་ཀློ་ཏུ་རུཥྐའི་དམག་བྱུང་སྟེ་དགོན་པ་མང་པོ་བཤིག པཎྜིཏ་ཆེ་ཆུང་མང་པོ་བོད་སོགས་ཡུལ་ཕྱོགས་གཞན་དུ་བྲོས་པས། ཡུལ་ཕྱོགས་གཞན་པ་དེ་དག་ཏུ་དེའི་རྐྱེན་གྱིས་བསྟན་པ་སྔར་བས་དར་བ་བྱུང་།

སློབ་དཔོན་མཁས་པ་ཆེན་པོ་དེ་དག་ལས། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཨརྱ་དེ་ཝ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང། དཔལ་ལྡན་ཆོས་གྲགས་དྲུག་ལ་འཛམ་གླིང་རྒྱན་དྲུག་ཅེས་གྲགས། དང་པོ་གཉིས་དབུ་མའི་རྒྱན། བར་པ་གཉིས་མངོན་པའི་རྒྱན། ཐ་མ་གཉིས་ཚད་མའི་རྒྱན་དུ་གྲགས། སློབ་དཔོན་དཔའ་བོ་དང། སྒྲ་གཅན་འཛིན་བཟང་པོ། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཆོས་སྐྱོང་བཞི་ལ་ཆེན་པོ་བཞི་ཞེས་གྲགས། སློབ་དཔོན་ཞི་བ་ལྷ་དང་ཙནྡྲ་གོ་མི་གཉིས་ལ་རྨད་བྱུང་སློབ་དཔོན་གཉིས་ཞེས་གྲགས། མཁས་པ་དེ་དག་གི་གསུང་ལས། ཚད་མ་རྣམ་འགྲེལ་དང། མངོན་རྟོགས་རྒྱན། དབུ་མ་འཇུག་པ། མངོན་པ་མཛོད། འདུལ་བ་མདོ་རྩ་བ་རྣམས་ལ་གཞུང་བཀའ་པོད་ལྔའི་རྩ་བ་ཞེས་གྲགས་སོ།།

དེ་དག་ནི་གཙོ་བོར་མདོ་ཕྱོགས་ཀྱི་བསྟན་པའི་དབང་དུ་བྱས་པ་སྟེ། གསང་སྔགས་རྒྱུད་སྡེ་བཞིའི་བསྟན་པའང་སློབ་དཔོན་ཆེན་པོ་དེ་དག་གིས་གསང་ཞིང་སྦས་པའི་སྒོ་ནས་ཉམས་བཞེས་དང་དར་སྤེལ་མཛད་པ་བཅས་འཕགས་ཡུལ་དུ་དམ་པའི་ཆོས་དར་བའི་ཚུལ་མདོ་ཙམ་མོ།།

གཉིས་པ། བོད་ཡུལ་དུ་དར་ཚུལ་ནི།

བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐབས་སྤང་སྐོང་ཕྱག་བརྒྱའི་གླེགས་བམ་སོགས་རྒྱལ་པོའི་ཕྱག་ཏུ་འབྱོར་ནས་དམ་པའི་ཆོས་ཀྱི་དབུ་བརྙེས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རྒྱལ་བའི་གསུང་རབ་དུ་མ་བོད་སྐད་དུ་བསྒྱུར་ཞིང་འཆད་ཉན་དང་ཉམས་ལེན་མཛད་དེ་དམ་པའི་ཆོས་ཀྱི་སྲོལ་བཏོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ། བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་དགེ་འདུན་གྱི་སྡེ་བཙུགས་ཏེ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད། མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་དམ་པའི་ཆོས་དུ་མ་བསྒྱུར་ཅིང་གསུང་རབ་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། དེ་ནས་གླང་དར་མ་རྒྱལ་སར་འཁོད་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས། དེ་ཡན་ལ་བསྟན་པ་སྔ་དར་ཟེར། དེ་རྗེས་མདོ་སྨད་དུ་བླ་ཆེན་དགོངས་པ་རབ་གསལ་གྱིས་བོད་ཀྱི་མཁས་པ་མི་གསུམ་མམ་དམར་གཡོ་གཙང་གསུམ་གྱི་དྲུང་ནས་བསྙེན་པར་རྫོགས། བླ་ཆེན་གྱི་དྲུང་ནས་དབུས་གཙང་མཁས་པ་མི་བཅུས་སྡོམ་པ་བླངས་ཏེ་དབུས་གཙང་དུ་བསྟན་པའི་གནས་གཞི་བཙུགས་ཤིང་སྡོམ་པ་སྤེལ་བས། སླར་ཡང་བསྟན་པ་དར་བའི་འགོ་ཚུགས། དེ་ལ་བསྟན་པ་ཕྱི་དར་ཟེར། བླ་ཆེན་གྱི་སྡོམ་རྒྱུན་དེ་ལ་སྨད་འདུལ་ཟེར། དེ་དང་དུས་མཚུངས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཆེན་རིན་ཆེན་བཟང་པོ་རྒྱ་གར་དུ་ཆོས་སློབ་པར་བཏང་བས་མཁས་པ་ཆེན་པོར་གྱུར་ཏེ་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར། རྒྱ་གར་གྱི་མཁས་པ་པཱ་ལ་རྣམ་གསུམ་སྤྱན་དྲངས་ཏེ་སྡོམ་རྒྱུན་སྤེལ་བ་ལ་སྟོད་འདུལ་ཟེར། དེའི་རྗེས་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ཕེབས་ནས་སྤེལ་བའི་སྡོམ་རྒྱུན་ལ་པཎ་ཆེན་སྡོམ་རྒྱུན་ཟེར།

བོད་དུ་དར་བའི་ནང་པ་སངས་རྒྱས་པའི་ཆོས་དེའང་རིམ་བཞིན་ཆོས་བརྒྱུད་དང་གྲུབ་མཐའ་མི་འདྲ་བ་དུ་མར་གྱེས།

༡༽ གསང་སྔགས་རྙིང་མའི་གྲུབ་མཐའ་ནི་གཙོ་བོར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྗེ་འབངས་ཉེར་ལྔ་སོགས་ལ་གསང་སྔགས་ཀྱི་ཆོས་བསྟན་པ་ལས་བྱུང་། པཎྜིཏ་སྨྲྀཏི་བྱོན་པ་ཡན་ཆད་དུ་བསྒྱུར་པའི་རྒྱུད་རྣམས་ལ་གསང་སྔགས་རྙིང་མ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ཕྱིན་ཆད་དུ་བསྒྱུར་བ་རྣམས་ལ་གསང་སྔགས་གསར་མ་ཟེར། གཏེར་ཆོས་ཀྱང་མང་དུ་བྱུང་། མངའ་བདག་ཉང་ཉི་མ་འོད་ཟེར་དང་། གུ་རུ་ཆོས་ཀྱི་དབང་ཕྱུག་གཉིས་ལ་གཏེར་སྟོན་གོང་འོག་གཉིས་ཞེས་གྲགས། གཞན་ཡང་། གཡུང་སྟོན་རྡོ་རྗེ་དཔལ་བ། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། ཀུན་མཁྱེན་འཇིགས་མེད་གླིང་པ། རྫ་དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོ། དིལ་མགོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་རྙིང་མའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དུ་མ་རིམ་པར་བྱོན་ཅིང་། དེ་དང་ཆབས་ཅིག རྙིང་མའི་གདན་ས་ཆེན་པོ་དྲུག་སྟེ་སྟོད་དུ་ཐུབ་བསྟན་རྡོ་རྗེ་བྲག་དང་། ཨོ་རྒྱན་སྨིན་གྲོལ་གླིང་། འཕྱོང་རྒྱས་དཔལ་རི་ཐེག་མཆོག་གླིང་སྟེ་རྡོར་སྨིན་དཔལ་གསུམ། སྨད་དུ་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་དང་། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་།(འདིའི་ཚབ་ཏུ་ཞེ་ཆེན་འདྲེན་པའང་ཡོད།) རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་སྟེ་ཀཿདཔལ་རྫོགས་གསུམ་སོགས་རྙིང་མའི་དགོན་སྡེ་མང་དུ་བྱུང་།

༢༽ བཀའ་གདམས་པ་ལ་གསར་རྙིང་གཉིས་ཡོད་པ་ལས།

()བཀའ་གདམས་རྙིང་མ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་བྱུང་ཞིང་། བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས་ཇོ་བོའི་སློབ་མ་ཁུ་རྔོག་འབྲོམ་གསུམ་དང། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་སོགས་བཀའ་གདམས་ལམ་རིམ་པ། པོ་ཏོ་བ་རིན་ཆེན་གསལ་དང་སྤྱན་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ཏེ་བཀའ་གདམས་སྐུ་མཆེད་གསུམ། པོ་ཏོ་བའི་སློབ་མ་ཞང་ཤ་ར་པ་ཡོན་ཏན་རྒྱ་མཚོ་སོགས་བཀའ་གདམས་གཞུང་པ། སྤྱན་སྔ་པའི་སློབ་མ་བྱ་ཡུལ་པ་ཆེན་པོ་གཞོན་ནུ་འོད་སོགས་བཀའ་གདམས་མན་ངག་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ཞང་གྲོ་ལུང་པ་བློ་གྲོས་འབྱུང་གནས། ཕྱྭ་པ་ཆོས་ཀྱི་སེངྒེ་། བཅོམ་ལྡན་རིག་པའི་རལ་གྲི་སོགས་ཀྱིས་བཀའ་གདམས་ཀྱི་བསྟན་པ་དར་བར་མཛད། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བཀའ་གདམས་བསྟན་པའི་ཆུ་འགོ་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཕྱག་བཏབ། གཞན་ཡང་། གསང་ཕུ་ནེའུ་ཐོག་དང་། བདེ་བ་ཅན། གུང་ཐང་བཅས་གསང་བདེ་གུང་གསུམ་དང་། དགའ་བ་གདོང་། སྐྱོར་མོ་ལུང་། ཟུལ་ཕུ་བཅས་དགའ་སྐྱོ་ཟུལ་གསུམ་སྟེ། སེ་འབྲས་དགེ་གསུམ་མ་བྱུང་གོང་གི་དབུས་ཀྱི་གདན་ས་ཆེན་པོ་དྲུག་པོ་དེ་དག་ཀྱང་ཕལ་ཆེ་བ་བཀའ་གདམས་པའི་གདན་ས་ཡིན་ལ། དེ་བཞིན་སྣར་ཐང་གཙུག་ལག་ཁང་སོགས་བཀའ་གདམས་བསྟན་པའི་གདན་ས་དུ་མ་བྱུང་།

() བཀའ་གདམས་གསར་མ་ནི་རི་བོ་དགེ་ལུགས་པ་སྟེ། འདི་ནི་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་ལས་བྱུང་། ཁོང་གི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་། ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་ཁོང་གསུམ་ལ་རྗེ་ཡབ་སྲས་གསུམ་ཞེས་ཞུ། རྗེ་ཙོང་ཁ་པ་ཆེན་པོས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་། ཁོང་གི་སློབ་མ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་སེ་ར། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་གཙང་བཀྲ་ཤིས་ལྷུན་པོའི་དགོན་པ་ཕྱག་བཏབ། རྗེ་བཙུན་ཤེས་རབ་སེང་གེས་སྨད་རྒྱུད་གྲྭ་ཚང་དང་། རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་སྟོད་རྒྱུད་གྲྭ་ཚང་ཕྱག་བཏབ། སྟོད་ཤེས་རབ་བཟང་པོས་སྟོད་མངའ་རིས་ཁུལ་དང་། སྨད་ཤེས་རབ་བཟང་པོས་ཁམས་ཁུལ། རོང་པོ་ལྕེ་ནག་པ་དགེ་འདུན་རྒྱལ་མཚན་(ཀིརྟི་སྐུ་ཕྲེང་དང་པོ།)དང་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་སོགས་ཀྱིས་མདོ་སྨད་ཁུལ་དུ་དགོན་སྡེ་མང་པོ་ཕྱག་འདེབས་དང་འབྲེལ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་ཐོག་མར་སྤེལ་བར་མཛད། དེ་བཞིན། བྱ་ཁྱུང་། གསེར་ཁོག དགོན་ལུང་། སྐུ་འབུམ་བཅས་བྱང་གི་དགོན་ཆེན་བཞི་དང། རེབ་གོང་རོང་བོ་དགོན་ཆེན། བླ་བྲང་བཀྲ་ཤིས་འཁྱིལ། ལི་ཐང་དགོན་ཆེན། དཀར་མཛེས་དགོན་ཆེན་སོགས་བཤད་སྒྲུབ་ཀྱི་འདུས་སྡེ་ཤིན་ཏུ་མང་པོ་རིམ་པར་བྱུང་།

གཞན་ཡང་། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་གསེར་ཁྲི་རིམ་བྱོན་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་བགྲང་གིས་མི་ལང་བ་བྱོན།

༣༽ བཀའ་བརྒྱུད་པ་ནི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་། མཁས་གྲུབ་ཁྱུང་པོ་གཉིས་ལས་བྱུང་ཞིང་། སྔ་མ་ལས་དྭགས་པོ་བཀའ་བརྒྱུད་དང་ཕྱི་མ་ལས་ཤངས་པ་བཀའ་བརྒྱུད་བྱུང། དྭགས་པོ་བཀའ་བརྒྱུད་ལའང་ཆེ་བཞི་ཆུང་བརྒྱད་བྱུང་། འདི་ལ་འདྲེན་ཚུལ་མི་འདྲ་བ་ཡོད་པས་འདིར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་ལྟར་དྲངས་ན། དེའང་མར་པའི་སློབ་མ་ཀ་ཆེན་བཞིའི་ཡ་གྱལ་སྒྲུབ་པའི་བཀའ་བབས་རྗེ་བཙུན་མི་ལ་རས་པ། དེའི་སློབ་མ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་དང་ཟླ་བ་ལྟ་བུ་རས་ཆུང་བ་གཉིས། མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ་གཙོ་བོ་རྣམས་ཏེ་འབའ་རོམ་པ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུ་བཀའ་བརྒྱུད། ཁམས་པ་དབུ་སེའམ་ཀརྨ་དུས་གསུམ་མཁྱེན་པ་ལས་ཀརྨ་བཀའ་བརྒྱུད། དྭགས་པོའི་སློབ་མ་སྒམ་པོ་བ་ཚུལ་ཁྲིམས་སྙིང་པོའི་སློབ་མ་ཞང་ཚལ་པ་འགྲོ་བའི་མགོན་པོ་བརྩོན་འགྲུས་གྲགས་པ་ལས་ཚལ་པ་བཀའ་བརྒྱུད་བཅས་དེ་བཞི་ལ་བཀའ་བརྒྱུད་ཆེ་བཞི་ཟེར། ཕག་མོ་གྲུ་པའི་སློབ་མ་གཙོ་བོ་རྣམས་ཏེ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་ལས་འབྲི་གུང་བཀའ་བརྒྱུད། སྟག་ལུང་ཐང་པ་བཀྲ་ཤིས་དཔལ་བ་ལས་སྟག་ལུང་བཀའ་བརྒྱུད། འགྲོ་མགོན་རྒྱལ་ཚ་དང་ཀུན་ལྡན་རས་པ་སྐུ་མཆེད་དང་ཁོང་གཉིས་ཀྱི་དབོན་པོ་ཁྲོ་ཕུ་ལོ་ཙཱ་བ་ཁུ་དབོན་རྣམས་ལས་ཁྲོ་ཕུ་བཀའ་བརྒྱུད། ཕག་གྲུའི་སློབ་མ་གླིང་རས་པ་པདྨ་རྡོ་རྗེ་ལས་གླིང་རས་བཀའ་བརྒྱུད། ཆོས་རྗེ་སྨར་པ་གྲུབ་ཐོབ་ལས་སྨར་ཚང་བཀའ་བརྒྱུད། ཡེལ་པ་ཡེ་ཤེས་བརྩེགས་པ་ལས་ཡེལ་པ་བཀའ་བརྒྱུད། ཟར་པ་ཡེ་ཤེས་སེངྒེ་ལས་གཡའ་བཟང་བཀའ་བརྒྱུད། སྙི་ཕུ་གྱེར་སྒོམ་ཆེན་པོ་ལས་ཤུག་གསེབ་བཀའ་བརྒྱུད་དེ་ཟུང་བཞི་ཡ་བརྒྱད་དུ་གྲགས་པ་རྣམས་བྱུང་། གླིང་རས་པའི་སློབ་མ་འགྲོ་མགོན་གཙང་པ་རྒྱ་རས་པ་ལས་འབྲུག་པ་བཀའ་བརྒྱུད་བྱུང་། བཀའ་བརྒྱུད་པའི་གདན་ས་གཙོ་བོ་ཕག་གྲུའི་གདན་ས་མཐིལ་དང་། འབྲི་གུང་མཐིལ། ཚལ་གུང་ཐང། མཚུར་ཕུ། དཔལ་སྤུངས་སོགས་དགོན་སྡེ་དུ་མ་བྱུང་།

༤༽ ས་སྐྱ་པ་ནི། འཁོན་དཀོན་མཆོག་རྒྱལ་པོས་འབྲོག་མི་ལོ་ཙཱ་བའི་མདུན་ནས་ལམ་འབྲས་གསན་ཅིང་ས་སྐྱའི་དགོན་པ་བཏབ་པ་ལས་བྱུང་། དེ་ནས་ས་སྐྱ་གོང་མ་རྣམ་ལྔ་སྟེ་འཁོན་དཀོན་མཆོག་རྒྱལ་པོའི་སྲས་ས་ཆེན་ཀུན་དགའ་སྙིང་པོ། ས་ཆེན་གྱི་སྲས་སློབ་དཔོན་བསོད་ནམས་རྩེ་མོ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་ཏེ་དཀར་པོ་རྣམ་གསུམ་དང། རྗེ་བཙུན་གྲགས་རྒྱན་གྱི་སྐུ་ཚ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དང་། ས་པཎ་གྱི་སྐུ་ཚ་འགྲོ་མགོན་ཆོས་རྒྱལ་འཕགས་པ་སྟེ་དམར་པོ་རྣམ་གཉིས་བཅས་གོང་མ་རྣམ་ལྔ་བྱོན། དེ་བཞིན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཡག་ཕྲུག་སངས་རྒྱས་དཔལ་དང་རོང་སྟོན་སྨྲ་བའི་སེངྒེ་ཤཱཀྱ་རྒྱལ་མཚན་ཏེ་ས་སྐྱ་པའི་མདོ་ཕྱོགས་ཀྱི་བསྟན་འཛིན་གཡག་རོང་གཉིས། ངོར་པ་ཀུན་དགའ་བཟང་པོ་དང་རྫོང་པ་ཀུན་དགའ་རྣམ་རྒྱལ་ཏེ་ས་སྐྱའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་གཉིས། གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེ་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་ཏེ་ས་སྐྱའི་མཁས་པ་ཆེན་པོ་གོ་ཤཱཀ་གཉིས། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཚར་ཆེན་བློ་གསལ་རྒྱ་མཚོ་སོགས་དང་། དེ་བཞིན་ས་སྐྱའི་ཁྲི་འཛིན་གོང་མ་རིན་པོ་ཆེ་རིམ་བྱོན་སོགས་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་གྱི་སྐྱེས་བུ་ཟམ་མ་ཆད་པར་བྱོན། གདན་ས་གཙོ་བོ་ས་སྐྱ་དགོན་དང་། རྫོང་སར་བཀྲ་ཤིས་ལྷ་རྩེ། འཕན་པོ་ནཱ་ལེནྡྲ། གོང་དཀར་རྡོ་རྗེ་གདན་སོགས་དུ་མ་བྱུང་།

གཞན་ཡང། ཞི་བྱེད་པ། ཇོ་ནང་པ། བོ་དོང་པ། ཞ་ལུ་པའམ་བུ་ལུགས་པ་སོགས་གྲུབ་མཐའ་དུ་མ་ཡོད་ལ། གཡུང་དྲུང་བོན་ནི་ཞང་ཞུང་འོལ་མོ་ལུང་རིང་ནས་བོད་དུ་དར་བར་བཤད་ཅིང་། དེ་ལ་བོད་ཀྱི་རྒྱལ་རབས་དྲུག་པ་གདགས་ཁྲི་བཙན་པོའི་སྐབས་སུ་བྱུང་བའི་བརྡོལ་བོན་དང་། རྒྱལ་པོ་གྲི་གུམ་བཙན་པོའི་སྐབས་སུ་བྱུང་བའི་འཁྱར་བོན། ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་སུ་བྱུང་བའི་བསྒྱུར་བོན་ཏེ་གསུམ་ཡོད་པ་བཅས་བོད་དུ་ཆོས་བརྒྱུད་གྲུབ་མཐའ་དར་ཚུལ་མདོ་ཙམ་མོ།།

འདི་ནི་ཆོས་འབྱུང་ལ་གསར་དུ་སློབ་མཁན་ཞིག་གི་ཆེད་སྔོན་གྱི་ཟིན་བྲིས་ཤིག་ལ་སྣོན་འཕྲི་ཅུང་ཟད་དང་བཅས་འབྲིང་བ་འཇིགས་མེད་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ཚེས་ ༡༣ ཉིན་བྲིས་པའོ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.