སྟག་ལུང་ཤེས་རབ་རྒྱ་མཚོ།

 

༄༅།།   དེ་ཡང་འཁོར་བའི་བཙོན་ར་ལས་གྲོལ་བར་འདོད་འི་ཐར་འདོད་ཀྱི་སྐྱེས་བུ་རྣམས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཟབ་མོ་དེ་ཁོ་ན་ཉིད་ཀྱི་དོན་ལ་ཐོས་བསམ་དཔྱད་འཇོག་གིས་བརྩོན་པ་ལྷུར་བླངས་ཏེ་ལག་རྗེས་ཤིག་མངོན་དུ་གྱུར་ཙ་ན་དོན་དམ་པའི་ཞི་བ་ཞིག་རེག་མོད་ཀྱི།བསམ་གཏན་གཟུགས་མེད་ཙམ་ལ་བརྟེན་པའི་མངོན་ཤེས་དང་རྫུ་འཕྲུལ་ལ་དབང་འབྱོར་ཞིང་སྲིད་པའི་ཕུན་ཚོགས་ལ་ཅི་དགར་ལོངས་སྤྱོད་པའི་སྐལ་བ་དང་ལྡན་ནའང་གཏན་བདེའི་མྱང་འདས་ཀྱི་ཞི་བ་ཞིག་ད་དུང་རྙེད་མེད་པའི་གནས་ལུགས་དེ་གཞུང་ཆེན་མོ་ལ་འདྲིས་ཆ་ཅུང་ཟད་ཡོད་པས་ཀྱང་རྟོགས་ནུས་ལ།

  དེས་ན་ཁམས་གསུམ་དུ་གནས་པའི་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་ཡིད་ཅན་ཞིག་ཡིན་ཕྱིན་བདག་འཛིན་མ་རིག་པས་ཀུན་ནས་བསླངས་པའི་དུག་གསུམ་གྱི་ཉེར་འབྲས་སྡུག་བསྔལ་གསུམ་ཡོངས་སུ་སྤང་དགོས་ཤིང་།དེ་དག་རྩད་ནས་སྤོང་བར་བདག་མེད་པའི་ལྟ་བ་བསྒོམས་པ་ལས་བྱུང་བའི་སོ་སོར་རྟོག་པའི་ཡེ་ཤེས་ཉག་གཅིག་ལ་བརྟེན་དགོས་པ་ཡིན་ཏེ།བཅོམ་ལྡན་འདས་ཀྱིས།གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོགས།།སོ་སོར་དེ་བརྟགས་གལ་ཏེ་སྒོམ་བྱེད་ན།།དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ།།རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར།།ཞེས་དང་།སློབ་དཔོན་ཞི་བ་ལྷས་ཀྱང་།ཡན་ལག་འདི་དག་ཐམས་ཅན་ནི།།ཐུབ་པས་དོན་དུ་ཤེས་རབ་གསུངས།།དེ་ཡི་ཕྱིར་ན་སྡུག་བསྔལ་དག།ཞི་བར་འདོད་པས་ཤེས་རབ་བསྐྱེད།ཞེས་གསུངས་པ་ལྟར།ཟབ་མོ་སྟོང་བ་ཉིད་ཀྱི་ལྟ་བར་དཔྱད་ཅིང་སྒོམ་པ་ཡོངས་སུ་རྫོགས་པའི་ཉེར་ལེན་ཁོ་ན་ལས་མྱང་འདས་ཀྱི་ཞི་བ་རེག་པར་འགྱུར་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་མ་ལུས་པའང་ངང་གིས་འཕེལ་ཞིང་རྒྱས་པའི་གནས་ལུགས་དེ་ངེས་དོན་གྱི་མདོ་དང་ཡང་དག་པའི་བསྟན་བཅོས་རྣམས་ཞལ་མཐུན་གྱིས་ཡང་ཡང་གསུངས་པས། བློ་གྲོས་དང་ལྡན་པ་དག་གིས་སྒོ་ཀུན་ནས་འདི་ལ་འབད་པ་ཡིན་གྱི།དེ་ལ་འབད་པའི་ཚུལ་ཡང་རང་རེའི་གངས་ཅན་ལྗོངས་ཀྱི་མཁས་པའི་གཙུག་རྒྱན་རྗེ་འབངས་ཉེར་ལྔ་དང་། མར་མི་དྭགས་གསུམ།ས་ཆེན་གོང་མ་རྣམ་ལྔ།འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས།ཀུན་མཁྱེན་དོལ་བུ་པ་སོགས་ཚད་མའི་སྐྱེས་ཆེན་དག་གིས་རང་རང་གིས་མྱོང་སྟོབས་ཀྱི་ཟབ་མོ་བདག་མེད་པའི་ལྟ་བ་གཏན་ལ་འབེབས་ཚུལ་ཇི་སྙེད་ཅིག་གསུངས་པ་ལས།རང་ཅག་རི་བོ་དགེ་ལྡན་པར་ཐུན་མུན་གྱི་སྣང་ངོར་རྗེ་བཙུན་ཤེས་རབ་འཁོར་ལོས་འཇམ་མགོན་བླ་མ་ཙོང་ཁ་པར་ཟབ་མོ་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་ལྟ་བ་ཐུགས་རྒྱུད་དུ་འཁྲུངས་པ་ལ་བླ་མ་དང་ཡི་དམ་ངོ་པོ་དབྱེར་མེད་དུ་བསྒོམས་ཏེ་གསོལ་བ་རྩེ་གཅིག་ཏུ་གདབ་ཅིང་།ཚོགས་བསགས་སྒྲིབ་སྦྱང་ལ་འབད་དེ།མདོ་བསྟན་ཀྱི་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱིས་རྩེ་གཅིག་ཏུ་གཞོལ་དགོས་ཚུལ་གདམས་པ་བཞིན།རྗེས་འཇུག་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དེ་ལྟར་ཉམས་སུ་བླངས་ནས་སྲིད་ཞིའི་མཐའ་ལས་གྲོལ་ཏེ་མངོན་མཐོ་དང་ངེས་ལེགས་ཀྱི་ཕུན་ཚོགས་ལ་ལོངས་སྤྱོད་པའི་བསྐལ་བ་དང་ལྡན་པ་ནི་ཅི་འདྲའི་དད་པའི་ཡུལ་དང་སྨོན་པའི་གནས་ཤིག་ཡིན། ལྷག་ཏུ་སྐལ་ལྡན་གྱི་གདུལ་བྱ་རྗེས་སུ་འཛིན་པའི་ཆེད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་མཆོག་ལ་སྙིགས་མའི་དུས་འདིར་བསླབ་པ་གསུམ་ཉམས་སུ་བླངས་ཏེ་སྡེ་སྣོད་གསུམ་འཆད་ཅིང་བཤད་སྒྲུབ་ཀྱི་དུས་འདའ་བར་ཞི་ཁྲོ་འདུས་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཡི་དམ་གྱི་མཐིལ་དུ་འཛིན་པ་གལ་ཆེ་ཚུལ་གསུངས་པ་ལྟར།  རྗེས་འཇུག་གདུལ་བྱའི་ངོས་ནས་དེ་བཞིན་དུ་ངེས་འབྱུང་དང་བྱང་སེམས་ཡང་དག་པའི་ལྟ་བས་རྩིས་ཟིན་པའི་སྒོ་ནས་འཇམ་དཔལ་གཤིན་རྗེ་གཤེད་དཔལ་རྡོ་རྗེ་འཇིགས་བྱེད་ཡི་དམ་གྱི་གཙོ་བོར་མཛད་ནས་ཐར་བ་བྱང་ཆུབ་བསྒྲུབས་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་ཤིང་རིམ་གཉིས་ལ་མྱོང་བ་ཐོན་པ་བགྲང་ལས་འདས་པ་ཞིག་བྱུང་བར་རྣམ་ཐར་དང་ལོ་རྒྱུས་སོགས་མཐོང་ཐོས་ཤིན་ཏུ་མང་།  

 

  ཡིན་ནའང་ཁོ་བོར་མཚོན་ན་སྔོན་བྱོན་དམ་པའི་རྣམ་ཐར་རྗེས་འཇུག་སློབ་མས་ཉམས་སུ་ལེན་གྱི་བརྩོན་སེམས་ཙམ་ཡང་ཕར་ཞོག་ཐ་ན་ཕྱི་མ་དོན་གཉེར་ཙམ་གྱིས་ཀྱང་བསླངས་པ་ཡེ་ནས་མ་ཡིན་པར།ཚེ་འདིའི་བར་ཆད་ཙམ་ལ་ཤིན་ཏུ་འཇིགས་ཏེ་བགེགས་དཔུང་འཇོམ་མཛད་འཇིགས་བྱེད་བདུད་ལས་རྣམ་རྒྱལ་དང་ཡེ་ཤེས་སྐུ་མདོག་དཀར་པོ་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་བསྙེན་མཚམས་ཤིག་ཏུ་སྡོད་ཁུལ་སྐབས།ལེགས་བྱས་དེ་ཆུད་ཟ་བར་ཕངས་ནས་བཤེས་གཉེན་བཀའ་དྲིན་ཅན་མཁན་ཀ་ཉག་བློ་བཟང་དཀོན་མཆོག་རྒྱ་མཚོ་མཆོག་ལ་བསྙེན་སྒྲུབ་སྐབས་བདག་མེད་པའི་ལྟ་བའི་སྐོར་ལ་དམིགས་རྣམ་སྐྱོང་ཚུལ་བཀའ་འདྲི་ཞུས་འཕྲལ་ཁོང་གིས་མན་ངག་ཆིག་སྒྲིལ་གྱི་ཚུལ་དུ་ཞལ་གསལ་གོ་སླའི་བཀའ་ལན་དུ།དེ་ཡང།བདག་མེད་པའི་ལྟ་བ་སྒོམ་ཚུལ་ནི།འཇམ་པའི་དབྱངས་ཀྱིས་རྗེ་བླ་མ་ལ་བཀའ་བསྩལ་བ་ལྟར།ཚོགས་བསགས་སྒྲིབ་སྦྱང་ལ་འབད་པ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ངོ་བོ་དབྱེར་མེད་ཀྱི་གསོལ་བ་འདེབས་པ།བདག་མེད་སྟོན་པའི་གཞུང་ཆེན་མོ་རྣམས་ལ་སྦྱངས་པ་བཅས་ནི་ལྟ་བ་བསྒོམ་པའི་སྔོན་འགྲོ་ཡིན་ཞིང་།སྒོམ་ཚུལ་དངོས་ལའང་བདག་མེད་སྒྲུབ་པའི་རིགས་པའི་རྣམ་བཞག་མང་ཡང་།ལམ་རིམ་ཆེ་ཆུང་སོགས་ལས་གསུངས་པ་ལྟར་གཅིག་དུ་བྲལ་གྱི་གཏན་ཚིགས་ཀྱི་སྒོ་ནས་བསྒོམ་ན་ལས་དང་པོ་རྣམས་ལ་ལག་ཏུ་བླང་བདེ།དེ་ཡང་གཅིག་དུ་བྲལ་གྱི་རྟགས་ལ་གནད་བཞི་ཚང་བས།

 

དང་པོ་དགག་བྱ་ངེས་པའི་གནད་ལ་བློ་སྦྱོང་སྐབས།

སློབ་དཔོན་ཞི་བ་ལྷས།བཏགས་པའི་དངོས་ལ་མ་རེག་པར།།དེ་ཡི་དངོས་མེད་འཛིན་མ་ཡིན།།ཞེས་གསུངས་པ་ལྟར།བདག་མེད་དམ་སྟོང་ཉིད་སྒྲུབ་པའི་རྟགས་ཀྱི་དགག་བྱ་ངོས་ཟིན་པ་གལ་ཆེ་ཞིང་།དགག་བྱའི་ཚད་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བ་མང་ཡང་དཔའ་ལྡན་ཐལ་འགྱུར་པའི་ལུགས་ལ།བསྙེན་སྒྲུབ་བྱེད་པ་པོ་བདག་གམ་གང་ཟག་འདི་གདགས་གཞི་ཕུང་བོ་ལ་འདོགས་བྱེད་སྒྲ་རྟོག་གིས་བཏགས་པ་ཙམ་ལ་མ་ལྟོས་པའི་ཚུགས་ཐུབ་ལང་ངེ་བ་ཞིག་ཡོད་ཚོད་དེ་སྐབས་འདིའི་རྟགས་ཀྱི་དགག་བྱ་ཡིན་ལ།

 

 

གཉིས་པ་ཁྱབ་པ་ངེས་པའི་གནད་ནི། 

དེ་འདྲའི་དགག་བྱའི་བདག་ཅིག་ཡོད་ན་ཕུང་པོ་དང་བདེན་པར་གྲུབ་པའི་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་ཚུལ་སོགས་བསམ་དགོས་ལ།

 

གསུམ་པ་གཅིག་བྲལ་ངེས་པའི་གནད་ནི།

བདེན་གྲུབ་ཀྱི་གཅིག་ཏུ་ཡོད་ན་བདག་ཕུང་ཕོ་དང་བདེན་གྲུབ་ཀྱི་གཅིག་ཡིན་པས་གདགས་གཞི་ཕུང་པོ་ལྔ་ཡང་གཅིག་ཏུ་གྲུབ་དགོས་ཤིང་།དེ་གྲུབ་ན་བདག་གིས་ཉེ་བར་བླང་བྱ་ཕུང་པོ་ལྔ་དང་།ལེན་པ་བོ་བདག་གཉིས་གཅིག་ཏུ་གྲུབ་དགོས་པས་དེ་མི་འཐད་ཚུལ་བསམ་དགོས།

 

 

བཞི་བ་དུ་བྲལ་ངེས་པའི་གནད་ནི།

བདག་སྒྲ་རྟོག་གིས་བཏགས་པའི་བཏགས་པ་ལ་མ་ལྟོས་པར་གདགས་བཞི་ཕུང་པོའི་གསེབ་ནས་གྲུབ་ན་ཕུང་པོ་ལྔ་ཐ་དད་ཡིན་པ་དེ་བཞིན།བདག་བསྙེན་སྒྲུབ་བྱེད་མཁན་གྱི་གང་ཟག་དེ་ཡང་ཐ་དད་པ་ལྔ་ཡོད་དགོས་པས་དེ་ཡང་མི་འཐད་ཚུལ་ལ་བསམ་དགོས་ཤིང་།

 

 

  དེ་ལྟར་བདག་བསྙེན་སྒྲུབ་བྱེད་མཁན་གྱི་ང་དེ་གཅིག་དུ་བྲལ་གྱི་རིགས་པས་སྒོ་ནས་དཔྱད་ན།གདགས་གཞི་ཕུང་པོ་ལྔ་ལ་འདོགས་བྱེད་སྒྲ་རྟོག་གིས་བཏགས་པ་ཙམ་ལས་བདག་དེ་རྙེད་རྒྱུ་མེད་ལ།འོ་ན།བསྙེན་སྒྲུབ་བྱེད་མཁན་གྱི་ང་དེ་གཏན་ནས་མེད་པ་ཡིན་སྙམ་ན།དེ་ཡང་མ་ཡིན་ཏེ་གདགས་གཞི་ཕུང་སོགས་ལ་འདོགས་བྱེད་སྒྲ་རྟོག་གིས་བཏགས་ཙམ་མམ་མིང་རྐྱང་བཏགས་ཡོད་ཙམ་གྱི་བདག་ཅིག་ཡོད་ལ།དེས་བདག་གི་བྱ་བྱེད་ཐམས་ཅད་བྱེད་ནུས་པས་བདག་བསྙེན་སྒྲུབ་བྱེད་མཁན་གྱི་གང་ཟག་ཞིག་ཡོད་པ་ཡིན།  ཡང་ན་དགག་བྱ་བདེན་གྲུབ་བཀག་ཤུལ་དུ་ངའམ་བདག་གཏན་ནས་མེད་པ་མིན་པས་ལྷག་མ་ཞིག་ལུས་རྒྱུ་ཡོད་དགོས་ལ། དེ་ནི་མིང་རྐྱང་བཏགས་ཡོད་ཙམ་གྱི་ངའམ་གདགས་གཞི་ཕུང་སོགས་ལ་འདོགས་བྱེད་སྒྲ་རྟོག་གིས་བཏགས་ཙམ་གྱི་ང་དེ་ཡིན་ཞིང་།དེ་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད།  

 

 

ཡང་བསྙེན་སྒྲུབ་བྱེད་མཁན་གྱི་བདག་ནི་གདགས་གཞི་ཕུང་བོ་དང་འདོགས་བྱེད་སྒྲ་རྟོག་ལ་བརྟེན་ནས་བཏགས་པས་རྒྱུ་མཚན་གྱིས་བདག་རྟེན་འབྲེལ་དུ་གྲུབ་པ་ཡང་ཡིན་ལ།དེས་ན་གདགས་གཞི་ལ་མ་བརྟེན་པའི་བདག་ཚུགས་ཐུབ་ཅིག་གཏན་ནས་མེད།མདོར་བསྡུ་ན།བསྙེན་སྒྲུབ་བྱེད་མཁན་གྱི་བདག་དེ་ཉིད་གདགས་གཞི་དང་འདོགས་བྱེད་རྣམས་ལ་མ་ལྟོས་བར་ཚུགས་ཐུབ་ཀྱི་བདག་གིས་སྟོང་པའི་སྟོང་སངས་མེད་དགག་དེ་ལ་སྟོང་ཉིད་དམ་དོན་དམ་བདེན་པ་དང་། གདགས་གཞི་ཕུང་པོ་ལྔ་ལ་འདོགས་བྱེད་སྒྲ་རྟོག་གིས་བཏགས་ཙམ་གྱི་ང་དེ་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་ལ།དེ་འདྲའི་སྟོང་ཉིད་དེ་ཡང་གདགས་གཞི་དང་འདོགས་བྱེད་ལ་བརྟེན་ནས་བཏགས་པ་མ་གཏོགས་དེ་རྣམས་ལ་བརྟེན་མི་དགོས་པར་རང་བཞིན་གྱིས་སམ་ཚུགས་ཐུབ་ཏུ་གྲུབ་པ་མེད་པས་སྟོང་ཉིད་དེའང་བདེན་པར་མ་གྲུབ་པ་ཡིན།དེ་ལྟར་ན།སྒོམ་མཁན་གྱིས་བདགབསྒོམ་བྱའི་བདག་མེད།དེས་དེ་ལྟར་སྒོམ་པ།མཆོད་མཁན།མཆོད་ཡུལ།མཆོད་པ་སོགས་ཆོས་ཐམས་ཅད་གདགས་གཞི་དང་འདོགས་བྱེད་ལ་བརྟེན་ནས་བཏགས་པ་མ་གཏོགས་དེ་རྣམས་ལ་མ་བརྟེན་པར་ཚུགས་ཐུབ་ལང་ངེ་བར་མ་གྲུབ་ཚུལ་ལ་ཐུགས་བསམ་རྒྱུན་དུ་གཏོང་དགོས་ཤིང་།དེ་འདྲའི་སྟོང་ཉིད་རྟོགས་པའི་བློའམ་ཡེ་ཤེས་དེ།ཕྱིའི་དུར་ཁྲོད་ནས་ནང་གི་ལྷ་དང་ལྷ་མོའི་རྣམ་པར་ཤར་བ་ཡིན་པས།བརྟེན་དང་རྟེན་པ་ཐམས་ཅད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཚུལ་རྒྱུན་དུ་བསམ་དགོས་ལ།འདི་ཉམས་བཞེས་ཀྱི་ས་བོན་ཙམ་ཡིན་གྱི་རྒྱས་པ་ནི་བླ་མ་གོང་མ་རྣམས་ཀྱིས་མཛད་པའི་ཞི་ལྷག་དང་ལྟ་ཁྲིད་སོགས་ལ་གཟིགས་རྒྱུ་གལ་ཆེ་སྙམ་མོ།།

 

ཞེས་ལྟ་བའི་དམིགས་རྣམ་སྐྱོང་ཚུལ་གནད་དུ་བསྡུས་པ་འདི་ནི།དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་ཁོང་གིས་གཞུང་ཆེན་མོའི་དགོངས་དོན་ཡོངས་སུ་འདྲིལ་ལ་གོ་སླ་ཞིང་།མཐའ་བྲལ་རྟེན་འབྱུང་གི་དཀའ་གནད་གསལ་བར་འབྱེད་པའི་ལེགས་བཤད་ཀྱི་སྐྱེས་ཆེན་པོ་ཞིག་ཕྲན་ལ་བཀའ་དྲིན་བསྩལ་བར།རྒྱ་བོད་ཀྱི་གཞུང་ཆེན་མོ་དག་གུང་བསྒྲིགས་ཏེ་དཔྱོད་པའི་བློ་གྲོས་ཀྱི་རྩལ་ཞན་ཞིང་བརྩོན་འགྲུས་ཀྱི་རྒྱུན་ཐག་ཕྲ་བའི་རང་ཉིད་དང་སྐལ་མཉམ་དག་ལ་ཕན་ེས་སུ་མཐོང་སྟེ་བཤེས་གཉེན་ཁོང་གིས་རིང་ནས་དྲིན་གྱིས་བསྐྱངས་པའི་སྙོམ་ལས་པ་སྟག་ལུང་སྤྲུལ་མིང་པ་བློ་བཟང་ཤེས་རབ་རྒྱ་མཚོས་ཀུན་གྱི་སྤྱན་སྔར་བསྟར་བའི་ལེགས་བྱས་འདིས་ཀྱང་བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིག །

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.