. . . .

༡༽   ཚེམ་བཟོ་ཁང༌།

ཚེམ་བཟོ་ཁང་འདི་ནི་ཕྱི་ལོ་༡༩༩༠ ལོར་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་གྲྭ་ཨ་ཁུ་དགེ་འདུན་རྒྱ་མཚོ་འཕགས་ཡུལ་དུ་འབྱོར་སྐབས། ྋསྐྱབས་མགོན་ཀིརྟི་རིན་པོ་ཆེའི་བཀའ་འབྲེལ་བཞིན་ཁོང་གིས་འགན་བཞེས་པའི་འོག་ཚེམ་བཟོ་པ་དུ་མ་ཆེད་བསྐོས་ཀྱིས་ྋཁོང་རིན་པོ་ཆེའི་ཁྲི་ཆས་དང་ན་བཟའ། འདུ་ཁང་གི་རྒྱལ་མཚན་དང་འཕུར་མ། གྲྭ་ཚང་གཞུང་ལ་མཁོ་ཆས་སྤྱི་དང་ཞྭ་ཟླག་སོགས། སྒེར་སོ་སོའི་གཟན་ཤམ་དང་ཆོས་གོས། སྣམ་སྦྱར་སོགས་ཚེམ་བཟོ་གནང་གི་ཡོད།

༢༽    སྤོས་བཟོ་ཁང༌།

སྤོས་སྦྱོར་ཁང་འདི་ནི་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་དངོས་པོ་གང་ཞིག་ཡིན་རུང་སྤྱི་ཚོགས་ཐོག་འགྲོ་རྒྱུགས་ཙམ་གཙོ་བོར་མི་འཛིན་པར་སྤུས་གཙང་བ་དང་བརྒྱུད་རིམ་ཡོད་པ་ཞིག་གལ་ཆེ་བར་དགོངས་ཏེ། ཕྱི་ལོ་༡༩༩༦ ལོ་ཙམ་ནས་སྤོས་བཟོ་སྡེ་ཚན་ཞིག་ཟུར་འཛུགས་ཀྱིས་གྲྭ་པ་འགའ་སྤོས་བཟོ་མཁས་པ་དུ་མའི་སར་སློབ་སྦྱོང་དུ་བཏང་སྟེ་གསོ་སྐྱོང་མཛད་པ་རྣམས་ཀྱིས་ད་ཆ་བོད་ཀྱི་སྔ་མོའི་བདུག་སྤོས་བཟོ་ཚུལ་གྱི་རིག་གཞུང་ཇི་བཞིན་དྲི་བཟང་འཐུལ་བའི་སྤོས་རིང་ཐུང་སྣ་ཚོགས་དང་སྨན་བསང་སོགས་བཟོ་བསྐྲུན་གྱིས་སྤྱི་ཚོགས་ཐོག་ཚོང་འགྲེམས་བྱེད་བཞིན་ཡོད།

༣༽    སྤྱི་ཐབ་དང་གཉེར་ཚང༌།

སྤྱི་ཐབ་དང་གཉེར་ཚང༌། འདི་གའི་སློབ་ཐོན་པ་མི་གཉིས་རེ་དགེ་འདུན་མང་གི་ཞབས་ཕྱི་དང་འབྲེལ་བའི་ལས་ཀར་ཉམས་མྱོང་གསོག་སླད་ཟླ་གསུམ་རེར་གཉེར་པའི་ལས་འགན་འཁྱེར་རེས་བྱེད་བཞིན་ཡོད་པ་ལྟར། ཕྱག་མཛོད་ཁང་ནས་གནང་བའི་འགྲོ་སོང་གི་དངུལ་གཞིར་བཟུང་བཞེས་ལག་གི་རྒྱུ་ཆ་གང་བསྒྲུབས་གཉེར་ཚང་དུ་ཉར་འཇོག་དང༌། སྤྱི་ཐབ་ནས་ཉིན་རེའི་དུས་ཐོག་གསུམ་གྱི་བཞེས་ལག་ངོས་གཙང་གང་ལེགས་རེ་གཉེར་པའི་ལྟ་རྟོག་འོག་བཟོ་བཞིན་ཡོད་པ་དང༌། དུས་ཐོག་སོ་སོར་གྲྭ་མང་རྣམས་སྤྱི་ཐབ་འདིའི་ནང་ལྷན་འཛོམས་ཀྱིས་བཞེས་ལག་མཆོད་བཞིན་ཡོད།

༤༽   གྲྭ་ཚང་གི་ཚོང་ཁང༌།

གྲྭ་ཚང་གི་ཚོང་ཁང་ནི་འདི་གའི་སློབ་གཉེར་པ་གྲྭ་རྐྱང་རྣམས་ལ་གཙོ་བོར་དམིགས་ནས་བཙུགས་པ་ཡིན་སྟབས་ཅ་དངོས་རྣམས་རིན་གོང་གང་ཆུང་ཐོག་ནས་ཚོང་བསྒྱུར་དང་ལོ་རེ་རེའི་མཇུག་བར་བུ་ལོན་ཡང་འཇོག་གི་ཡོད།

༥༽  རྩེད་ཐང༌།

རྩེད་ཐང་འདིར་གཟའ་ཉི་མ་དང་ཆོས་མཚམས་ཆེན་མོ་སོགས་གུང་སེང་ཁག་གི་སྐབས་སུ། བྱ་སྒྲོ་དང༌། ཤིང་ལེབ་སྟེང་གི་རྡེའུ་སོགས་རྩེད་མོ་སྣ་ཚོགས་རང་མོས་ཀྱིས་རྩེ་བ་དང༌། དེ་མཚུངས་སློབ་སྦྱོང་བྱེད་མཁན་ཞིག་ལ་མཚོན་ན་ཁོར་ཡུག་སྤྲོ་སྣང་ལྡན་པ་ཞིག་ནི་ཆེས་གལ་ཆེ་བར་བརྟེན་སློབ་སྦྱོང་བྱེད་ཡུལ་ཙམ་མ་ཡིན་པར་གུ་ཡངས་ངལ་གསོ་ཡོང་ཐབས་སུ་རྩེད་ཆས་སོགས་ཀྱིས་མཐུན་རྐྱེན་སྦྱོར་དགོས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.